གྲོགས་པོ་ལགས་ཁམས་བཟང་།

སློབ་འབྲིང་སྐབས་སུ་སློབ་ཚན་མང་བས་ཁྱེད་ལ་སློབ་ཕྱིའི་དཔེ་ཆ་ལྟ་རྒྱུའི་ཁོམ་པ་དེ་ཙམ་མེད་ངེས་མོད། ཁྱེད་ཀྱིས་ལག་པ་སྙིང་ཁར་བཞག་ནས་རང་ལ་འདི་ལྟར་འདྲི་བར་བྱ་སྟེ། ཁྱེད་ཀྱིས་དངོས་གནས་ཉིན་རེར་ཆུ་ཚོད་གཅིག་གམ་ཕྱེད་ཀའི་ཁོམ་ལོང་ཙམ་ཡང་མི་རྙེད་དམ། གལ་ཏེ་ཁྱེད་ཀྱིས་ཉིན་རེར་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ཁོམ་པ་བཙལ་ཐུབ་ནའང་། ཉིན་རེར་མ་མཐར་དཔེ་ཆ་ཤོག་ལྷེ་གསུམ་བཞི་ཙམ་བཀླག་ཐུབ་ཅིང་། ཟླ་རེར་ཤོག་ལྷེ་བརྒྱ་ཙམ་བཀླག་ཐུབ་ལ། ལོ་གཅིག་འགོར་དུས་དཔེ་ཆ་ལྔ་དྲུག་ཙམ་ཞིག་བཀླགས་ཚར་ངེས་ཡིན། མ་ཟད་ཁྱེད་ཀྱིས་དགུང་གསེང་སྐབས་སུ་ཉིན་རེར་བཀླགས་པ་ཤོག་ལྷེ་གསུམ་བཞི་ཙམ་གྱིས་ག་ལ་ཚད་དེ། སློབ་ཕྱིའི་དཔེ་ཆ་ལྟ་ཐུབ་མིན་ནི་ཁྱེད་ལ་ཁོམ་པ་ཡོད་མེད་ལ་རག་ལས་པ་ཞིག་མིན་པར། དཔེ་ཀློག་གི་ཆོད་སེམས་ལྡན་མིན་ལ་རག་ལས་པ་ཞིག་རེད།

སྲིད་འདིར་ཁྱེད་ལས་བྲེལ་ཆེ་བའི་མི་ཧ་ཅང་མང་ཞིང་། མི་ཧ་ཅང་མང་པོའི་རྒྱུད་ཀྱི་ཡོན་ཏན་ནི་བྲེལ་འཚུབ་ཀྱི་གསེང་ནས་རྙེད་པ་ཡིན། ཨ་རིར་ཧྥུ་ལན་ཁེ་ལིན་ཟེར་བའི་རྩོམ་རིག་པ་དང་ཚན་རིག་པ། གསར་བརྗེ་བ་ཞིག་ཡོད་པ་ཁོང་ཆུང་དུས་པར་འདེབས་བཟོ་གྲྭའི་གླ་པ་ཞིག་སྟེ། ཁོང་གིས་དཔེ་ཀློག་ནི་ལས་ཀའི་བར་གླགས་ནས་ཁོམ་པ་བཙལ་ཏེ་བྱེད་པ་ཡིན། ཉེ་ས་ནས་བཤད་ན། ཁྱེད་ཀྱིས་རྒྱལ་ཡབ་སུན་ཀྲུང་ཧྲན་མཆོག་ལོས་ཤེས། འོ་ན་ཁྱེད་གསར་བརྗེའི་སླད་དུ་ཉིན་མཚན་འདུར་རྒྱུག་གི་ཀློང་ནས་ཟད་པའི་སྐུ་ཞབས་ཁོང་ལས་ཀྱང་བྲེལ་ཆེ་བ་ནི་ཨེ་ཡིན། ཁོང་གི་སྐུ་ཚེར་མཛད་བྲེལ་རབ་ཏུ་ཆེ་བའི་སྐབས་ལའང་ཁོམ་པའི་བར་གླགས་བཙལ་ཏེ་དཔེ་ཆ་ཤོག་ལྷེ་འགའ་མ་བཀླགས་པའི་ཉིན་མོ་ཞིག་མེད་དེ། ཁྱོད་ཀྱིས་ཁོང་གི་《རྒྱལ་འཛུགས་ཀྱི་ཇུས་གཞི་ཆེན་མོ》དང་《སུན་ཝུན་གྱི་གཞུང་ལུགས》གཉིས་ལ་གཟིགས་དང་། ཁོང་ནི་ཆབ་སྲིད་པ་ཙམ་ཞིག་མིན་པར་ད་རུང་མཁས་དབང་ཞིག་ཀྱང་ཡིན་པ་རྟོགས་ངེས། དཔེ་ཆ་མ་བཀླགས་པར་གསར་བརྗེ་གླེང་བ་ནི་”འོད་སྣང་”གང་ན་ཡོད་པ་མི་ཤེས་བཞིན་ཏུ་དམུས་ལོང་ཐང་ལ་འཁྱམས་པ་ལྟར་ཏེ། མཐའ་མར་ལེགས་གྲུབ་ཡོང་བ་ཤིན་ཏུ་དཀའ་བ་ཡིན། གནས་ལུགས་འདི་ཉིད་སྐུ་ཞབས་ཁོང་གིས་གསལ་ལེར་རྟོགས་ཡོད་པས་ཁོང་གི་གཞུང་ལུགས་སུ་ཤེས་ཡོན་ལ་ནི་དམིགས་ཀྱིས་གཙིགས་སུ་འཛིན་པ་ཡིན་ནོ།།

མིའི་རིགས་ཀྱི་ཤེས་རྒྱ་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པ་ལ། གལ་ཏེ་ཁྱེད་ཀྱིས་འབད་འབུངས་སྒོས་མདུན་དུ་མ་བསྐྱོད་ན་རྗེས་སུ་ལུས་ངེས་པ་ནི་སྨོས་མེད་རེད། ལྷག་པར་གལ་འགངས་ཆེ་བ་ཞིག་སྟེ། དཔེ་ཀློག་གི་གོམས་གཤིས་འཇགས་རྒྱུ་ནི་ཤེས་བྱའི་ཡོན་ཏན་ལས་སྤྲོ་སྣང་ངམ་དགའ་ཕྱོགས་གང་ཞིག་རྙེད་པར་བྱ་རྒྱུ་དེ་ཡིན། གལ་ཏེ་ཁྱེད་ལ་དགའ་ཁ་མོས་ཕྱོགས་ཡག་པོ་ཞིག་མེད་ན་ཁོམ་གསེང་གི་དུས་སུ་རང་བློ་བཅོལ་ས་གང་ཞིག་མེད་འགྲོ་བས་ཕྱིས་འབྱུང་སློབ་གྲྭ་དང་གྱེས་ནས་བྱ་བར་འཇུག་དུས། གོམས་གཤིས་ཧ་ཅང་ངན་པོ་དག་གི་བསླུ་བྲིད་ལ་མི་ཚུད་པའི་ངེས་པ་མེད། ཁྱེད་ཀྱིས་ད་ལྟའི་དཔོན་པོ་དང་ཚོང་པ་ནས་དགེ་རྒན་བར་གྱི་རྒྱན་པོ་འགྱེད་ཅིང་ཉལ་ཐ་འཐེན་མཁན་དེ་ཚོ་རིག་ཨེ་བྱུང་། ཁོ་ཚོ་ཕལ་མོ་ཆེའང་དེ་སྔ་སློབ་མ་མ་ཡིན་ནམ། ཁྱེད་ཀྱིས་ད་རུང་ཁོ་ཚོར་མཐོང་ཆུང་བྱ་རྒྱུ་སྔ་མ་དྲགས། ནམ་ཞིག་ཁྱོད་ཀྱང་དེ་ལྟའི་སྐབས་ལ་སླེབས་དུས་རང་གི་”གྲུབ་འབྲས”ལ་རང་གིས་ལེགས་པར་བལྟ་ཆོག ཡིན་ནའང་། གལ་ཏེ་ཁྱེད་ཀྱིས་དཔེ་ཀློག་ལས་ཡིད་ལ་བདེ་བ་སྟེར་བའི་རོ་མཆོག་རིགས་ཤིག་ལ་མྱང་ཐུབ་ཚེ། སླད་ཁྱེད་ཀྱི་ཕྱིའི་བསླུ་བྲིད་བཟློག་པའི་ནུས་པ་གཞན་ལས་ཆེ་བ་སྨོས་མེད་རེད། འདི་ལྟའི་དགའ་ཁ་མོས་ཕྱོགས་ཤིག་ད་ལྟར་མ་རྙེད་ན་ཕྱིས་གཏན་དུ་རྙེད་པར་མི་སྲིད་དེ། སྤྱིར་མི་ཕལ་མོ་ཆེ་ན་སོ་རྒས་པ་དང་བསྟུན་ནས་ཚོར་བ་ཇེ་རྟུལ་དུ་འགྲོ་ཕྱིར། ད་ལྟའི་ཁྱེད་ནི་བྱིས་པ་ལོ་གསུམ་ཅན་དང་བསྡུར་ན་མཚར་སྣང་གིས་ཁེངས་ཤིང་སྤྲོ་སྣང་གིས་ཕྱུག་པ་ཞིག་མིན་ཏེ། ཁྱེད་ལོ་གཅིག་གིས་ཇེ་ཆེར་སོང་ན་སྤྲོ་སྣང་གི་ཚོར་བའི་ངད་ཀྱང་གང་འཚམ་གྱིས་རྟུལ་དུ་འགྲོའོ། ། ཏར་ཝུན་གྱིས་དེ་སྔ་རང་རྣམ་དུ་འདི་ལྟར་གླེང་མྱོང་སྟེ།  ཁོང་སྐུ་ན་ཕྲ་དུས་རྩོམ་རིག་དང་རོལ་དབྱངས་ལ་སྤྲོ་བ་ཆེ་མོད། ཤ་དར་ཁྲག་དར་གྱི་དུས་སུ་སྐྱེ་དངོས་རིག་པར་ཞིབ་འཇུག་བྱ་ཆེད་རོལ་དབྱངས་དང་རྩོམ་རིག་ཐེད་ལ་བོར། ན་སོ་རྒས་དུས་བསྐྱར་དུ་ཁོམ་ལོང་གི་དུས་ཚོད་དག་སྙན་ངག་གིས་བསྐྱལ་བསམ་དུས། དེ་ལས་སྤྲོ་སྣང་ཞིག་རྙེད་མ་ཐུབ་པ་རེད། དགའ་ཕྱོགས་ནི་གཞོན་ནུའི་དུས་ནས་བསྐྱེད་ཐབས་བྱ་དགོས་ཏེ།  དུས་རིམ་ངེས་ཅན་ཞིག་འདས་སོང་ན་མེ་ཏོག་བཞིན་དུ་རྙིད་ངེས། དཔེར་ན་དྲྭ་བའི་སྤོ་ལོ་རྩེད་རྒྱུ་ལྟ་བུ་སློབ་འབྲིང་སྐབས་རྩེ་བར་དགའ་ཚེ་ན་རྒས་ལོ་ལོན་སྐབས་ཀྱང་དེ་བཞིན་ཡིན་ངེས་ཤིང་། གལ་ཏེ་སློབ་འབྲིང་དུས་ཀྱི་གོ་སྐབས་ཤོར་ན་ཕྱིས་འབད་པས་སྦྱོང་བ་བྱས་རུང་མཁའ་ལ་འགོ་བ་ལས་ཀྱང་དཀའ་བ་ཡིན་ཏེ། དཔེ་ཀློག་གི་གོམས་གཤིས་འཇགས་པར་བྱ་རྒྱུ་དེ་ཡང་དེ་བཞིན་དུ་གདའ་འོ། །

འོ་ན་སློབ་གྲྭ་ནས་ཉིན་ལྟར་སྦྱོང་གཞི་དང་བསླབ་གཞིའི་དཔེ་ཆར་ལྟ་བ་དེ་དཔེ་ཀློག་མིན་ནམ་ཞེས་ཁྱེད་ཀྱིས་འདྲི་ཡང་སྲིད། སྦྱོང་གཞི་དང་བསླབ་གཞིའི་དཔེ་ཆ་དག་ནི་རྨང་གཞིའི་ཤེས་བྱ་དོ་སྙོམས་སྒོས་རྒྱ་བསྐྱེད་ཡོང་བར་དམིགས་པ་ཞིག་ཡིན་ཕྱིར། མ་བཀླགས་ན་ག་ལ་ཆོག་མོད། གལ་ཏེ་ཁྱེད་ཀྱིས་སྦྱོང་གཞི་དང་བསླབ་གཞིའི་དཔེ་ཆར་ལྟ་བ་ཙམ་གྱིས་དཔེ་ཀློག་གི་གོ་ཆོད་པར་སྙམ་ན་ནི་ཡོངས་སུ་ནོར་བ་ཡིན་ཏེ། གཅིག་ནས་སློབ་གྲྭའི་སློབ་ཚན་གྱི་རིགས་མང་ཡང་མཐར་གཏུག་ན་ཁྱབ་རྒྱ་དོག་ཅིང་། ཁྱེད་ཀྱི་སྐྱེས་སྟོབས་ཤེས་རབ་དེ་གཅིག་བྱས་ན་སློབ་གྲྭའི་སློབ་ཚན་གང་དང་ཡང་མཐུན་མི་སྲིད་པས། ཁྱེད་ཀྱིས་སློབ་ཕྱིར་འཚོལ་ཞིབ་བགྱིས་ཏེ་རང་རྒྱུད་ལ་འཚམ་པའི་ཡོན་ཏན་རྙེད་པར་བྱ་དགོས། ཡང་དཔེར་ན་ཁྱེད་སློབ་ཚན་ག་གེ་མོར་སྤྲོ་བ་མེད་པ་དེའང་རང་རྒྱུད་ལ་མ་འཚམ་པ་མིན་པར་གཏན་ལ་ཕབ་པའི་བསླབ་གཞི་དེ་ཁྱོད་ཀྱི་མོས་པ་དང་མ་མཐུན་པས་ཀྱང་ཡིན་ཤས་ཆེ་སྟེ། གལ་ཏེ་ཁྱེད་ཀྱིས་སློབ་ཕྱིའི་དུས་ཚོད་ལ་རང་ངོས་ནས་དཔེ་ཆ་ཡག་པོ་རེ་གསར་དུ་རྙེད་ཚེ། ཁྱེད་ཀྱིས་སློབ་ཚན་དེ་རིགས་ལ་སྤྲོ་བ་ཇེ་ཆེར་འཕེལ་ངེས་ཡིན། གཉིས་ནས་སྦྱོང་གཞི་དང་བསླབ་གཞིའི་དཔེ་ཆ་ལྟ་བ་དེར་སྒྲོམ་གཞི་གང་ཞིག་གི་བཀག་རྒྱ་ཐེབས་ངེས་པ་བཟློག་ཏུ་མེད་པས། དེ་ཁོ་ནར་བརྟེན་ནས་དཔེ་ཀློག་གི་སྤྲོ་བ་སྐྱེད་རྒྱུ་ནི་ཤིན་ཏུ་ནས་དཀའ་སྟེ། དཔེར་ན་བརྩམས་སྒྲུང་གི་དེབ་ཅིག་ཉིན་རྒྱུན་ལྷོད་ལྷོད་ངང་ཉི་མ་ཕུད་པའི་ཐབས་སུ་བྱས་ནས་ཀློག་དུས་དེ་ལས་སྤྲོ་བ་ཆེན་པོ་རྙེད་ཐུབ་པ་ལ། ཅི་སྟེ་བསླབ་གཞིར་གཏན་ལ་ཕབ་ནས་རྒྱུགས་ལ་གྲབས་པ་ལྟར་དུ་བཀླགས་ན། སྤྲོ་བ་འཕེལ་བའི་རོ་བྲོ་ཡལ་ནས་ཅང་ཅང་དུ་གྱུར་འགྲོ་བ་སྨོས་མེད་རེད། དགའ་ཁ་མོས་ཕྱོགས་ནི་བཀག་རྒྱའི་གཟེབ་དང་བྲལ་ནས་ཞི་ལྷོད་བག་ཕེབས་སྒོས་སྐྱེད་སྲིང་བྱ་དགོས་ཏེ། དེ་བས་ན་དཔེ་ཀློག་གི་སྤྲོ་སྣང་སྐྱེད་ཕྱིར་ཐོག་མར་སློབ་ཕྱིའི་དཔེ་ཆ་ཀློག་པ་ནས་མགོ་གཟུག་དགོས་པ་ཡིན་ནོ། །

དཔེ་ཆ་བཀླགས་ནས་འཛད་དུ་མེད་ཅིང་། ཟད་པར་བཀླགས་ནུས་ཀྱང་དེ་ཙམ་གྱིས་ཅི་ལ་ཕན། དཔེ་ཆ་མང་པོར་ནི་ཀློག་རིན་མེད་དེ། ཁྱེད་ཀྱིས་ཀློག་རིན་མེད་པའི་དཔེ་ཆ་གཅིག་བཀླགས་ན། ཀློག་རིན་བདོག་པའི་དཔེ་ཆ་གཅིག་ལྟ་རྒྱུའི་དུས་ཚོད་དང་སྩོལ་བ་ཆུད་ཟོས་སུ་འགྲོ་བ་ཡིན། དེའི་ཕྱིར་ཁྱེད་ཀྱིས་གཟབ་ནན་སྒོས་གདམ་ག་བྱ་དགོས་མོད། ཁྱེད་རང་གིས་གདམ་ག་བྱ་མི་ནུས་པས་དཔྱད་བརྗོད་པ་དང་ཆེད་མཁས་པ་དག་ལ་བཀའ་འདྲི་ཞུ་དགོས། ངས་ཁྱེད་ལ་ངེས་པར་བཀླག་དགོས་པའི་དཔེ་ཆ་འདི་དག་རེད་ཅེས་བརྗོད་པར་མི་ནུས་མོད། མ་བཀླགས་ནའང་རུང་བའི་དཔེ་ཆ་གང་དག་ཡིན་པ་བརྗོད་ཐུབ། མི་མང་པོ་ཞིག་གིས་དེ་སྔ་སེམས་ཐག་གཙང་མར་བཅད་དེ་དེང་དུས་གསར་དུ་དཔར་བའི་དེབ་དག་མ་བཀླགས། དེའི་རྒྱུ་མཚན་འདི་ལྟ་སྟེ། བྲིན་ཁ་རྒྱུགས་པའི་དེབ་གསར་མང་པོ་ཞིག་སྐབས་ཤིག་གི་སྤྱི་ཚོགས་ཀྱི་སེམས་ཁམས་ལ་བསྟུན་པ་ཙམ་ལས་རིན་ཐང་གང་ཡང་མེད་དེ། དུས་རབས་ཀྱི་སྙིགས་དོར་བཅུད་ལེན་བརྒྱུད་ནས་ད་ལྟའང་བཞུགས་པའི་དཔེ་ཆར་ད་གཟོད་གཏན་ཆགས་ཀྱི་རང་བཞིན་མངའ་ཞིང་། གཅིག་མིན་ལན་མང་ཡང་ཡང་ཀློག་པའི་རིན་ཐང་ལྡན་པ་ཡིན་ནོ། ། ངས་ཁྱེད་ལ་དེབ་གསར་གཏན་ནས་མ་ཀློག་ཅེས་བསྐུལ་བར་མི་སྤོབས་མོད། གནད་འདིར་ཁྱེད་ཀྱིས་དོ་སྣང་བྱེད་པའི་རེ་བ་ཧ་ཅང་ཆེ་སྟེ། དེང་སང་ན་གཞོན་མང་པོར་གསར་དུ་དཔར་བའི་དཔེ་ཆར་མ་གཏོགས་མི་ལྟ་བའི་སྲོལ་ཞིག་ཡོད་པས་ཡིན། ལས་གཞན་གང་ཡིན་གསར་པའི་རྗེས་སུ་འབྲངས་ཀྱང་ཆོག་མོད། དཔེ་ཀློག་ཐོས་བསམ་ཁོ་ན་གསར་པའི་རྗེས་སུ་འབྲངས་རུང་བ་མ་ཡིན། ངས་ཁྱེད་ལ་བསྟན་པའི་མ་བཀླགས་ནའང་རུང་བའི་དཔེ་ཆ་ཟེར་བ་དཔེ་ཆ་གསར་པར་ཟེར་བ་མིན་པར་དཔེ་ཆ་གླེང་བའི་དཔེ་ཆ་དང་། ལན་ཅིག་ཙམ་ལས་བསྐྱར་དུ་ཀློག་རིན་མེད་པའི་དཔེ་ཆར་ཟེར་བ་ཡིན། དཔེ་མཛོད་ཁང་ཞིག་ཏུ་འགྲོ་བའི་ཚེ་ན། མ་གཞིར་ཁྱེད་ཀྱིས་དཔེ་ཆའི་བམ་པོ་ཁྲི་ཁྲི་འབུམ་འབུམ་མིག་གིས་རིག་ནའང་། དེ་དག་ལས་ཀྱང་ངེས་པ་དོན་དུ་”དཔེ་ཆར”བགྲང་རུང་བ་ནི་བརྒྱ་ཡི་གྲངས་ལའང་ལོན་དཀའ་ཙམ་དུ་གདའ་སྟེ། ཁྱེད་ཀྱིས་བཀླག་འོས་པའི་དཔེ་ཆའང་དེ་དག་ཙམ་ཞིག་ཡིན་ངེས། དཔེ་ཆ་དེ་དག་ལས་ཁྱེད་ཀྱིས་ཅུང་བདེན་ཐུབ་ཀྱི་ཤེས་བྱ་ལེན་ཐུབ་ཅིང་། མཁས་དབང་ཆེན་མོ་རྣམས་ཀྱི་སློབ་གཉེར་གྱི་སྙིང་རུས་དང་ཐབས་ལམ་ཡང་ཤུགས་སུ་རང་རྒྱུད་ལ་འབྱོར་ནུས་པ་ཡིན་ལ། དཔེ་ཆ་དེ་དག་གིས་ནི་ད་གཟོད་ཁྱེད་ཀྱི་ཡིད་ཁམས་སྐྱོམ་ཞིང་བསམ་གཞིག་ལ་སྐུལ་བར་བྱེད་པ་ཡིན་ནོ། ། གཞན་དཔེར་ན་”རྩོམ་རིག་གནད་བསྡུས་”དང་”ཚན་རིག་གནད་བསྡུས།” དེ་བཞིན་དུས་དེབ་ཚགས་ཤོག་ཐོག་གི་དེབ་ཀྱི་དཔྱད་བརྗོད་དེ་དག་གང་གིས་ཀྱང་ཁྱོད་ཡིད་འཚིམ་པར་བྱ་མི་ནུས་ཏེ། ཁྱེད་ཀྱིས་སྙན་རྩོམ་ཕྱོགས་བསྡུས་བམ་པོ་ཁྲི་སྟོང་བཀླགས་པ་ལས་《ཀྲའུ་རྒྱལ་རབས་ཀྱི་དམངས་གླུ》དང་《གནའ་བོའི་སྙན་ངག་བཅུ་དགུ》ལྟ་བུ་པོད་གཅིག་བཀླགས་ན་དགའ་ཞིང་། གྷི་རིགས་ཀྱི་མཚན་ཉིད་རིག་པ་གླེང་བའི་དཔེ་ཆ་བམ་པོ་སྟོང་ལས་བརྒལ་བ་བཀླགས་པ་ལས། པོ་ལ་ཐུའི《ཕུགས་བསམ་གྱི་རྒྱལ་ཁབ》གཅིག་འདི་བཀླགས་ན་ལེགས་པའོ། །

འོ་ན་ང་ལྟ་བུའི་སློབ་འབྲིང་སློབ་མས་ཡང་སྙིང་དཔེ་ཆ་གང་འདྲར་བལྟ་དགོས་ཞེས་ཁྱེད་ཀྱིས་འདྲི་ནའང་ཐང་། དྲི་བ་འདིར་ལན་འདེབས་སླ་མོ་ཞིག་མ་རེད། དེ་སྔ་《པེ་ཕིང་ཚགས་ཤོག》གི་ཞར་བཀོད་རྩོམ་ཚན་དུ་”གཞོན་ནུས་ངེས་པར་བཀླག་དགོས་པའི་དཔེ་དེབ་བཅུ”ཞེས་པའི་དཔེ་ཆ་འོས་སྦྱོར་གྱི་རྩོམ་བསྡུ་བྱས་ཡོད་པ་ཁྱེད་ཀྱིས་ཕལ་ཆེར་བརྗེད་ཡོད་མི་སྲིད། སྐབས་དེར་མི་ལ་ལས་འོས་སྦྱོར་བྱས་པ་དབྱིབས་རྩིས་ཚབ་རྩིས་ཀྱི་དཔེ་ཆ་རྐྱང་ཡིན་ལ། འགའ་རེས་འོས་སྦྱོར་བྱས་པ་རྒྱལ་རབས་དེབ་ཐེར་ཤ་སྟག་ཡིན། དེ་ནི་གཞན་གྱི་མིག་ངོར་དགོད་བྲོ་བ་ཞིག་ཏུ་སྣང་ངེས་མོད། འོས་སྦྱོར་མཁན་གྱིས་ནི་རང་རང་ས་ནས་རྒྱུ་མཚན་ཆེན་པོ་རེ་འདྲེན་པར་བྱེད། མ་གཞིར་འོས་སྦྱོར་གྱི་རྩོམ་བསྡུའི་དགོངས་གཞི་ནི་མི་གཅིག་གི་ཚད་འཛིན་ས་དེ་མི་ཀུན་གྱི་ཚད་ཐིག་ཏུ་རེ་བ་ཡིན། དཔེར་ན་ང་ཐུག་པ་མ་གཏོགས་བཏུང་རྒྱུར་མི་དགའ་ན་ཁྱོད་འབྲས་ཟ་མི་ཆོག་པ་ལྟར་ཏེ། དེ་ནི་ཡོངས་སུ་ནོར་བའི་ལྟ་ཚུལ་ཞིག་རེད། མི་རེ་རེའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་། དགའ་ཁ་མོས་ཕྱོགས། འཚོ་བའི་ཁོར་ཡུག་དང་ལས་རིགས་མི་འདྲ་བས་ཁྱེད་ཀྱིས་གར་བཏང་གོ་ཆོད་ཡིད་བཞིན་ནོར་བུ་ལྟ་བུའི་དེབ་བཅུ་གཏན་ལ་དབབ་ནས་ཉི་འོག་གི་ན་གཞོན་གྲངས་མེད་པས་བཀླག་ན་སྤྲོ་བ་གཅིག་འདྲར་འཕེལ་ཞིང་། ཤུགས་རྐྱེན་འདྲ་མཚུངས་སུ་ཐེབས་པ་ཅི་ལ་སྲིད་ཨང་།

ཁྱེད་ལ་འཕྲིན་ཡིག་འདི་འབྲི་ཆེད། ངས་ཆེད་དུ་དབྱིན་ཇིའི་སྤྱི་པའི་དཔེ་མཛོད་ཁང་འགར་བརྟག་དཔྱད་དུ་སོང་བ་ཡིན། ཁོང་ཅག་གི་གཞོན་ནུས་བཀླག་བྱའི་དེབ་ཀྱི་ཚོགས་ལས་ཆེས་རྒྱུགས་ཆེ་བ་དག་རིགས་བཞིར་དབྱེ་རུང་བ་འདི་ལྟ་སྟེ།

(༡) ཉེན་མཆོང་གི་བརྩམས་སྒྲུང་དང་ཡུལ་སྐོར་ཟིན་ཐོ། (༢) ལྷ་སྒྲུང་དང་ལེགས་བཤད་གཏམ་རྒྱུད། (༣) སྐྱེས་དངོས་ཀྱི་གཏམ་རྒྱུད། (༤)མི་སྣ་གྲགས་ཅན་གྱི་རྣམ་ཐར་དང་རྒྱལ་གཅེས་བརྩམས་སྒྲུང་བཅས་སོ། ། དེ་དག་ལས་ཚབ་མཚོན་དུ་འོས་པ་ནི་ཧྥན་ཨར་ནའི་《ཉིན་བརྒྱད་བཅུར་སའི་གོ་ལ་བསྐོར་བ》(Jules Verne:Around the World in Eighty Days)དང་《མཚོ་འོག་ལེ་དབར་ཁྲི་གཉིས》(Twen-ty Thousand Leagues Under the Sea) ཏི་ཧྥུའི་《ལུའུ་པིན་སུན་གྱི་ཡུལ་འཁྱར་ཟིན་ཐོ》(Defoe: Robinson Crusoe) ཀྲུང་མཱ་རྒན་པའི་《གྲི་རྩལ་པ་རྣམ་གསུམ》(A.Dumas: Three Musketeers) ཧོ་སང་གི་《ངོ་མཚར་ཅན་གྱི་དཔེ་ཆ》དང་《ཏན་གུའི་སྟོང་གཏམ》(Hawthorne: Wonder Book and Tangle Wood Tales) ཁིང་སི་རླིད་ཀྱི་《གྷི་རིགས་ཀྱི་དཔའ་བོའི་རྟོགས་བརྗོད》(Kingsley:Heroes) ཧྥ་པུར་གྱི་《བྱ་དང་དུད་འགྲོའི་གཏམ་རྒྱུད》(Fabre:StoryBook ofBirdsand Beasts) ཨན་ཐུ་ཧྲེན་གྱི《བྱིས་སྒྲུང》(Andersen: Fairy Tales) སོ་སེའི་《ནར་སུན་གྱི་རྣམ་ཐར》 (Southey:Life of Nelson) ཧྥང་ལུང་གི《འགྲོ་བ་མིའི་གཏམ་རྒྱུད》(Vanloon: The storyof Mankind)སོགས་རེད། དཔེ་ཆ་འདི་རྣམས་ཕྱི་གླིང་དུ་རྒྱུགས་ཆེ་ཡང་ཀྲུང་གོའི་གཞོན་ནུ་ཚོར་ཀློག་ཏུ་བཅུག་ན་འཚམ་པོ་དེ་ཙམ་མ་རེད། ཀྲུང་གོའི་སློབ་མ་ཕལ་ཆེ་བ་”མ་ལོན་རྒན་པོ་”རྐྱང་ཡིན་ཏེ། སློབ་འབྲིང་གི་དུས་ནས་མ་ཡིན་ཡིན་མདོག་གིས་གནས་ལུགས་དང་སྡོམ་ཚིག་ཆེན་མོ་རེ་གླེང་བར་སྤྲོ། ཁོ་ཚོས་(ཨ་ཅང་ཅང་། ང་གཉིས་ཀྱང་ནང་དུ་ལོས་འདུ།)རྩོམ་རིག་ལ་མོལ་ཙམ་རེ་བྱེད་པར་དགའ་ལ། སྤྱི་ཚོགས་ཀྱི་གནད་དོན་དང་ཐ་ན་མཚན་ཉིད་རིག་པའི་གནད་དོན་ལ་ཞིབ་འཇུག་བགྱི་ཁུལ་ཡང་བྱེད། དེ་ནི་མ་བཟོས་རང་གྲུབ་ཀྱི་བློ་ཁ་གཏད་ཕྱོགས་ཤིག་ཡིན་ཙ་ན་སྣང་མེད་དུ་གཏོང་མི་རུང་བས། ང་རང་སྒེར་གྱི་བསམ་ཚུལ་ཡང་འདི་ནས་གླེང་ཙམ་གྱིས་ཁྱེད་དང་གོ་བསྡུར་བྱ་འདོད། དེ་ཡང་ལོ་བཅོ་ལྔ་བཅུ་དྲུག་རྗེས་ཀྱི་སློབ་གསོར་གོ་རྟོགས་མཐོར་གདེག་རྒྱུ་གཙོ་བོར་གཟུང་དགོས་ཤིང་། ལོ་བཅོ་ལྔ་བཅུ་དྲུག་སྔུན་གྱི་སློབ་གསོར་བསམ་པའི་འཆར་སྒོ་ཆེར་བསྐྱེད་རྒྱུ་གནད་དུ་གཟུང་དགོས། དེའི་ཕྱིར་ན་དམའ་འབྲིང་གི་སློབ་མས་འཆར་སྒོ་ཡངས་པར་བྱེད་པའི་རྩོམ་ཡིག་ལ་ལྟ་འོས་ཤིང་། མཐོ་འབྲིང་གི་སློབ་མས་ད་གཟོད་གནས་ལུགས་དང་ཆོས་ཉིད་བརྗོད་པའི་རྩོམ་ཡིག་ལ་བལྟས་ན་འོས་པའོ། །

གླེང་མཚམས་འདིར་སླེབས་ཀྱང་ངས་ད་རུང་དཔེ་ཆ་གང་ལ་བལྟ་དགོས་པའི་དྲི་བར་ལན་བཏབ་མེད། དྲང་མོར་བཤད་ན་ང་ལ་ལན་འདེབས་པའི་ནུས་པ་མེད། ང་རང་སོ་སོས་ཀྱང་”གཞོན་ནུའི་ངེས་ཀློག་དཔེ་ཆ”་རེ་ཟུང་ལའང་བལྟས་མ་མྱོང་། སྔ་མོ་ཞིག་ནས་བཀླགས་པ་ནི་དར་མས་བཀླག་དགོས་པའི་དཔེ་ཆ་དག་རེད།  དཔེར་ན་ཀྲུང་གོའི་དཔེ་ཆའི་ཁྲོད་ནས་ང་རང་ཆེས་དགའ་བ་ནི་《ཀྲའུ་རྒྱལ་རབས་ཀྱི་དམངས་གླུ》(《国风》) 《ཀྲོང་ཙེ།》(《庄子》) 《ཁྲུའུ་ཡི་སྙན་ཚིག》(《楚辞》)《སི་མ་ཆན་གྱི་དེབ་ཐེར་ཆེན་མོ》(《史记》)《གནའ་བོའི་སྙན་ངག་གཅེས་བཏུས།》(《古诗源》)《སྙན་ངག་གཅེས་བཏུས》 (《文选》)ནང་གི་འཕྲིན་ཡིག 《ཧྲེ་ཧྲོ་གསར་མ》《世说新语》 《ཐའོ་ཡོན་མིང་གི་རྩོམ་བཏུས》(《陶渊明集》) 《ལི་ཐེ་པེ་ཡི་རྩོམ་བཏུས》(《李太白集》) 《ཧྭ་ཅན་ཚོགས་པའི་རྩོམ་བཏུས》(《花间集》 )ཀྲང་ཧུད་ཡན་གྱི་《སྙན་ངག་གཅེས་བཏུས》(张惠言《词选》)《ཐོག་ཁང་དམར་པོའི་རྨི་ལམ》(《红楼梦》)སོགས་ཡིན།   ཕྱི་གླིང་བའི་དཔེ་ཆ་དག་ལས་ང་རང་ཆེས་ཀློག་སྤྲོ་བ་ནི་ཀི་ཚེ་(Keats)དང་། ཞོའི་ལེ།(Shelly) ཁེར་ལུད་ཀྲེ།(Coleridge) པུ་ལང་ཉི་(Browning)བཅས་ཀྱི་སྙན་ངག་ཕྱོགས་བསྒྲིགས་དང་། སོ་ཧྥུ་ཁེ་ལི་སེའི་(Sophocles)སྐྱོ་གར་བརྩམས་ཆོས་བདུན་པོ། ཤག་སེ་ཕིར་(Shakespeare:Hamlet)གྱི་《རྒྱལ་པོ་ལི་ཨར》(KingLear)དང་《ཨོ་སེ་ལོའོ།》(Othello) ཀེ་ཏེའི་《ཧྥུ་སི་ཐོ》(Goethe: Fasu-ts) ཨིབ་སིན་(Ibsen)གྱི་འཁྲབ་གཞུང་ཕྱོགས་བསྒྲིགས། ཐུ་གེ་ཉི་ཧྥུའི་ (Turgenef)《ས་རྒོད》(Virgin Soil)དང་《ཕ་དང་བུ།》(Fathers and Children) ཐོ་སེ་ཐོ་ཡེ་ཧྥུ་སེ་ཅེའི་《ཉེས་པ་དང་ཆད་པ》(Dostoyevsky: Crime and Punishment) ཧྥུ་ལོ་པེའི་《ལྕམ་པོ་ཧྥུ་ལེ》( Flaubert: Madame Bovary) མོ་པོ་སང་(Maupassant)གི་བརྩམས་སྒྲུང་ཕྱོགས་བསྒྲིགས། ཞའོ་ཆོན་པ་ཡུན་(Lafcadio Hearn)གྱི་ཉི་ཧོང་སྐོར་གྱི་བརྩམས་ཆོས་གྲགས་ཅན་དེ་དག་སོགས་ཡིན། གལ་སྲིད་ངས་ཀྱང་《པེ་ཕིང་ཚགས་ཤོག》གི་ཞར་བཀོར་རྩོམ་ཚན་གྱི་འོས་སྦྱོར་དཔེ་ཐོའི་ཁོངས་སུ་”གནའ་རྫས་དང་ཕྱི་གླིང་བའི་ཅ་ལག”འདི་དག་བསྐྱལ་ན། “གཞོན་ནུས་ངེས་པར་བཀླག་དགོས་པའི་དེབ་བཅུ”རུ་འགྱུར་ཡང་སྲིད། ཡིན་ནའང་ངས་དེ་ལྟར་བྱས་ན་ཁུངས་མེད་ལུང་མེད་རང་རེད། དེར་བརྟེན་ངས་ད་ལྟ་ཁྱེད་ལ་དེབ་གང་ལ་བལྟ་དགོས་པ་བཤད་མི་ཐུབ། གལ་ཏེ་ཁྱེད་ཀྱིས་ཤེས་འདོད་ན། ཁྱེད་ཀྱིས་ཤེས་པའི་ཆེད་མཁས་པ་དག་ལ་བཀའ་འདྲི་ཞུ་ན་འོས་ཏེ། ཁོང་ཚོར་རང་ཉིད་གང་ལ་མཁས་པའི་ཁྱབ་ཁོངས་ནས་གཞོན་ནུས་བཀླག་ན་འཚམ་པའི་དཔེ་ཆ་གཉིས་གསུམ་ཞིག་འོས་སྦྱོར་ཞུ་རོགས་མཛོད། དེ་མིན་པར་གལ་ཏེ་ཁྱེད་ཀྱིས་ཕྱོགས་གང་ས་ཅི་ཐད་ལ་བསམས་ནས་འོས་སྦྱོར་ཞུ་བར་བསྐུལ་ན། དཔེར་ན་ཁོ་རྩོམ་རིག་སྨྲ་བ་ཞིག་ཡིན་ཚེ་ཁོ་པས་གཞོན་ནུ་རྣམས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་དང་ཚན་རིག་གི་རྒྱུན་ཤེས་སོགས་ཀྱི་སྐོར་ནས་ཀྱང་རྟོགས་དགོས་པ་གཅིག་བྱས་ན་གསལ་པོར་ཤེས་སྲིད་ནའང་། རང་ཉིད་དེའི་ཐད་ལ་རྒྱུས་མངའ་དང་གདེང་ཚོད་དེ་ཙམ་མེད་ན། སྐབས་འཕྲལ་ཆ་བསྡུ་ཡ་བསྡུ་བྱས་ཏེ་རང་གིས་ཤེས་པའི་དེབ་རེ་ཟུང་བཀླག་བྱའི་དེབ་ཁོངས་སུ་བཙུད་པར་ཡང་ངེས། དེ་དང་ལྷན་དུ་ཁྱེད་ཀྱིས་དཔེ་ཀློག་ནི་ཉེན་བགམ་རྟོག་ཞིབ་ཏུ་འགྲོ་བ་ལྟར་ཏེ། ཐམས་ཅད་གཞན་གྱི་མཛུབ་མོས་རི་སྟོན་ལ་བརྟེན་མི་རུང་བར་ངལ་བ་ཅུང་ཟད་དང་དུ་བླངས་ནས་རང་ལམ་རང་གིས་འཚོལ་དགོས་པའང་ཤེས་དགོས། ངས་ད་བར་མི་ཞིག་གིས་གཞན་གྱིས་རང་ལ་འོས་སྦྱོར་བྱས་པའི་”གཞོན་ནུས་ངེས་པར་བཀླག་དགོས་པའི་དེབ་བཅུ”དང་”འཛམ་གླིང་གི་དཔེ་ཆ་གྲགས་ཅན་བརྒྱ”ལྟ་བུར་གཞིགས་ནས་དཔེ་ཀློག་བྱས་ཏེ་མཁས་པའི་གོ་འཕང་ཐོབ་པ་ཞིག་རིག་མ་མྱོང་སྟེ། གཞན་གྱིས་འོས་སྦྱོར་བྱེད་ཆོག་པ་ལས། གདམ་ག་ཇི་ལྟར་བྱ་མིན་ནི་རང་སོ་སོར་རག་ལས་པའོ། །

དཔེ་ཀློག་གི་ཐབས་ལམ་ཐད་ང་ལ་དེ་ཙམ་བཤད་རྒྱུ་མེད་པས་གལ་ཆེའི་གནད་གཉིས་རང་འདི་ནས་མདོར་ཙམ་གླེང་བར་བྱ།     དང་པོ།  ཀློག་རིན་བདོག་པའི་དཔེ་ཆ་ཡིན་ཕྱིན་ཉུང་མཐར་ཐེངས་གཉིས་བལྟ་དགོས། དེ་ཡང་ཐེངས་དང་པོར་ཅུང་མྱུར་མོས་བཀླག་དགོས་ཤིང་། དེབ་ཧྲིལ་པོའི་བརྗོད་སྙིང་དང་ཁྱད་ཆོས་ལ་ངེས་ཤེས་རྙེད་རྒྱུར་དམིགས་དགོས། ཐེངས་གཉིས་པར་དལ་མོར་བཀླག་དགོས་ཤིང་། སྐྱོན་ཡོན་མཐའ་དཔྱོད་ཀྱི་སྤྱོད་ཚུལ་བཟུང་ནས་དེབ་ཀྱི་བརྗོད་བྱར་ཚད་གཞལ་དགོས།    གཉིས་པ།   དཔེ་ཆ་ཞིག་བཀླགས་ཚར་བའི་རྗེས་སུ་མདོ་དོན་སྙིང་པོ་རྣམས་དང་ཡིད་དབང་འཕྲོག་ས་དག  དེ་བཞིན་རང་གི་བསམ་ཚུལ་བཅས་ཟིན་བྲིས་སུ་གདབ་དགོས།   ཟིན་བྲིས་འདེབས་པ་དེས་ཁྱེད་ཀྱིས་ནང་དོན་བློར་འཛིན་པར་གྲོགས་བྱ་བ་མ་ཟད། ཁྱེད་རང་ཞིབ་ཚགས་གཟབ་ནན་ཅན་དུ་བསྒྱུར་ནུས་ལ། རང་བློ་བསམ་གཞིགས་ལ་ཕྱོགས་པར་སྐུལ་འདེད་བྱ་ནུས། གལ་ཆེའི་གནད་འདི་གཉིས་ཡིད་ལ་ཟུངས་དང་གཞན་ཐབས་ལམ་ཕྲན་ཚེགས་དག་ནི་བརྗོད་པར་མི་དགོས།  མི་རེ་རེའི་བློ་གྲོས་དང་གོམས་གཤིས་མི་གཅིག་པའི་ཕྱིར།   ཁྱེད་ཀྱིས་ཐབས་དེ་འདྲ་སྤྱད་ན་ཕན་ནུས་ཆེ་ཡང་།   ངས་ཐབས་འདི་ལྟར་སྤྱད་ན་ཕན་ནུས་ཆེ་ངེས་པས་འདྲ་དཔེ་རྒྱས་འགེབས་བྱེད་པར་མི་རིགས།  ནམ་ཞིག་ཁྱེད་ཀྱིས་རང་ལ་འཚམ་པའི་ཐབས་སམ་འཇུག་སྒོ་ཞིག་བཙལ་ནས་རྙེད་པར་ནུས་ཏེ།  མི་གཞན་གྱིས་ནི་ཁྱེད་ལ་ཐད་ཀར་”ལུགས་སུ་བླུག་ཆོག་པའི་པར་ཀོང་”ཞིག་གཏན་ནས་སྤྲད་ནུས་པ་མིན་ནོ། །

འཕྲིན་ཡིག་འདི་ཡིག་རྫོབ་དང་གཏམ་ཉོག་མང་བར་ཁྱེད་རང་བསུན་ཨེ་བྱུང་། ཐེངས་རྗེས་མར་གནད་དོན་གཞན་གྱི་སྐོར་ནས་གླེང་ཡོང་། ངས་གང་ཐུབ་ཀྱིས་ཁ་གསལ་ལ་མདོར་བསྡུས་པ་ཞིག་འབྲི། ད་བདེ་མོ་བྱོས།

                    ཁྱེད་ཀྱི་གྲོགས་པོ་མེང་ཧྲེ་(孟实)ནས།

 

 

མཆན།

   ཀྲུའུ་ཀོང་ཆན་(1897一1986)ནམ་སྨྱུག་མིང་མེང་ཧྲེར་འབོད་པ་ཁོང་ནི་ཀྲུང་གོའི་དེང་རབས་ཀྱི་མིང་དུ་གྲགས་པའི་མཛེས་རིག་སྨྲ་བ་དང་སྒྱུ་རྩལ་གཞུང་ལུགས་སྨྲ་བ། སློབ་གསོ་པ་དང་ལོ་ཙཱ་བ་ཞིག་ཡིན་ཞིང་། ཞལ་བཞུགས་རིང་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་འགན་བཞེས་མྱོང་། བརྩམས་ཆོས་ལནུབ་ཕྱོགས་མཛེས་རིག་ལོ་རྒྱུསདང་སྐྱོ་གར་སེམས་ཁམས་རིག་པ》《རྩོམ་རིག་གླེང་བསོགས་དང་། གཞན་ཧེ་གོར་གྱིམཛེས་རིགདང་ཝེ་ཁོའིཚན་རིག་གསར་མསོགས་གྲགས་རྩོམ་མང་པོ་རྒྱ་ཡིག་ཏུ་བསྒྱུར་ཡོད།

   གོང་གི་དཔེ་ཀློག་སྐོར་གྱི་རྩོམ་འདི་ནི་ཁོང་གིགཞོན་ནུར་བྲིས་པའི་འཕྲིན་ཡིག་བཅུ་གཉིསཞེས་པའི་དེབ་ལས་ཁོལ་དུ་ཕྱུང་བ་ཞིག་སྟེ། དཔེ་ཀློག་ཐད་ཀྱི་ལེགས་བཤད་མི་ཉུང་བ་ཞིག་ནང་ན་གདའ་འོ་སྙམ་སྟེ་རྒྱ་བོད་གཉིས་ཀའི་སྐད་ལ་ལེགས་པར་མ་བྱང་ཡང་རང་གི་ཡིད་ལ་བསྒོམ་ཕྱིར་དང་སྐལ་མཉམ་གཞན་ལ་སྨན་པའི་སླད་དུ་དགེ་རྒྱས་པ་བསམ་གཏན་རྒྱ་མཚོས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དཔེ་མཛོད་ཁང་ནས་སྤྱི་བརྟོལ་བསྐྱེད་དེ་རང་སྡེའི་སྐད་དུ་རྫོགས་པར་བསྒྱུར་པའོ།  སརྦམངྒལཾ།

2018.3.27

མ་རྩོམ་གྱི་འབྲེལ་ཐག http://mp.weixin.qq.com/s/HugU8U7tq6pvTjKCtHt0TQ