ནམ་རྒྱུན་དཔེ་ཆ་ཚར་གཅིག་བཀླག་ཐེངས་རེ་རེ་ནི། རང་གི་རིག་པ་ཉོབ་པར་གྱུར་རྗེས་དངངས་འཚབ་དང་ཞེད་སྣང་ལས་བྱུང་བའི་རེ་སྐུལ་ཡིན་ལ། དཔེ་ཆ་ཚར་གཅིག་ལག་ཏུ་ཐོགས་པའམ་གླེགས་བམ་གང་རུང་གི་ཤོག་ལྷེ་འགའ་ཕར་ལ་བསློགས་ཚེ་ད་གཟོད་སེམས་ཀྱི་སྟོང་ལྷང་ལྷང་དང་གྲང་ཤུར་ཤུར་གྱི་ཚོར་བ་མཐའ་དག་མེད་པར་གྱུར་འགྲོ། ཡང་ན་ཚག་ཚག་འབར་བཞིན་པའི་ཞག་སྒྲོན་ཞིག་གི་དྲོད་ཐིག་དང་འདྲ་བར་སེམས་ལ་མེ་དྲོད་ཅིག་མཆེད་ཡོང་བའི་ཉམས་སྣང་བྱུང་། རང་ཉིད་གཅིག་པུ་ཁུ་སིམ་མེར་ཁུ་སིམ་པའི་ཁང་སྟོང་ཞིག་ནས་འདུག་ཡུན་རིང་བ་དང་། ཕྱི་རོལ་གྱི་ཟང་ཟིང་ལ་གཡེང་བའི་དུས་ཡུན་ཤིན་ཏུ་རིང་བོ་ཆགས་ཚེ། ང་ལ་དུས་ངེས་མེད་དུ་ལོ་རྒྱུས་དང་བརྩམས་སྒྲུང་གང་རུང་གི་དཔེ་ཆ་ཐན་ཐུན་རེ་ཀློག་པའི་གོམས་གཤིས་ཡོད།

རཱ་ཧུལ་དང་བཉམ་དུ་བོད་བསྐྱོད་ཟིན་ཐོ་ཞེས་པའི་དེབ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་དང་རཱ་ཧུལ་སོགས་བོད་ནང་ལ་ཏཱ་ལའི་ལོ་མའི་བསྟན་བཅོས་བཙལ་དུ་ཡོང་དུས། སྐབས་དེའི་རཱ་ཧུལ་གྱི་ལག་རོགས་ཕེ་ནེ་མུ་ཁར་ཇིས་རང་གི་མྱོང་བ་དང་དཀའ་སྡུག་གི་བཞུད་ལམ་དག་ཡིག་ངོར་ཕབ་པའི་ཡུལ་བསྐོར་ཟིན་ཐོ་ཞིག་ཡིན། དྲང་མོར་བཤད་ན་ཕྱི་གླིང་བས་ཡུལ་བསྐོར་རམ་ལྗོངས་རྒྱུ་ནས་མཐོང་ཐོས་མྱོང་གསུམ་དང་སེམས་ལ་གང་ཤར་འབྲི་སྲོལ་ཡོད་པའི་ཉིན་ཐོ་ལྟ་བུ་ཞིག་ཏུ་ངོས་བཟུང་ན་ཡང་འགྲིག  ཡིན་ཡང་རིག་གནས་གསར་བརྗེ་ལྟ་བུའི་དུས་དེར་མཚོན་ན་བོད་ནང་གི་དངོས་པོའི་འཁོས་ཀ་དང་བོད་མིའི་རིག་གནས་ལ་བཟུང་བའི་འདུ་ཤེས་སོགས་ནི་སྐྱོ་སྐྱོ་བོར་ཆགས་ན་ཡང་། ཁོང་ཅག་ལ་བོད་ནང་དུ་དམངས་དང་བདག་པོ་སོགས་ཀྱི་གཟིགས་སྐྱོང་རག་ཐུབ་པའི་སྡེ་བ་གཞུང་གི་དམིགས་གསལ་གོ་ཐོབ་ཡོད་པའི་སྟོབས་ཀྱིས་དཀའ་ལས་མང་བོ་བརྒྱབ་མེད། འདི་ནི་དུས་ད་ལྟ་བསམ་ན་ཡང་རང་ཅག་གི་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུ་དང་སྡར་མའི་བྱེད་ལས་ཤིག་ཡིན་པ་མ་ཟད། ཤིན་ཏུ་དགོད་ཁ་འཆོར་བ་ཞིག་ཀྱང་རེད་འདུག རང་ཅག་གི་དམ་པ་ཐོན་མི་སོགས་ཀྱི་རྒྱལ་ཁབ་གཞན་ནས་དཀའ་ལས་བརྒྱབ་ཚུལ་དང་བསྡུར་ཡོང་ན། ཁོང་ཚོ་ནི་དངོས་གནས་དྲོད་ཁང་ནང་གི་མེ་ཏོག་དང་ཅི་འདྲའི་མཚུངས་ཨང་།

སྟོབས་ཀྱིས་བསྐྱེད་པའི་བཙན་པོའི་རྒྱལ་རབས་ཀྱི་གས་ཆག་དང་བསྟན་པ་སྔ་དར་རམ་ཕྱི་དར་གྱི་མ་ལག་ལྡན་པའི་རིག་གནས་དག་འཐོར་ཤུལ་ནས། གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་བསྟན་བཅོས་དང་གསུང་རབ་སོགས་ནི། བོད་ཀྱི་དགོན་ཆེན་དང་གཙུག་ལག་ཁང་སོ་སོ་རུ་རྟེན་དུ་བཞག་པ་ལྟ་བུའི་གབ་སྦས་ཀྱི་ཚུལ་དུ་བཞུགས་ཡོད། དྲང་མོར་བཤད་ན་རིག་གནས་འདུལ་སྦྱོང་བྱེད་སའི་བསླབ་གྲྭ་རུ་དཔེ་ཁང་གི་སྒོ་ལ་ལྕགས་ཀྱི་ཨ་ལོང་རེ་བསྣར་ནས་ཏཱ་ལའི་བླ་མའི་མིང་བྱང་བརྗིད་པོ་རེ་འཁྱེར་ཡོང་གིན་འདུག དེ་ནི་སྐབས་དེར་མཚོན་ན་ནང་བའི་སྒྱུ་རྩལ་དང་རིག་གནས་ཀྱི་ལྷག་འཕྲོ་ལྟེམས་མར་འཛོམས་སའི་སྤོས་ཁང་དགོན་པར་བལྟས་པས་ཀྱང་ཧ་གོ་ཐུབ་སྟེ།  ཝུ་བ་སོབ་སོབ་དང་ཤོག་བུ་ལྷེམ་ལྷེམ་ཙམ་གྱི་དད་པ་ལ་ཡིད་ཚིམ་ནས། རིག་གནས་རྟེན་མཛོད་ལ་ཡུན་རིང་དུ་ཉར་བའི་གསེར་གྱི་བསྟན་བཅོས་རྣམས་ལ་ཀློག་པའི་ཧམ་སེམས་དང་ཞེན་ཆགས་མེད་པའི་གྲྭ་བཙུན་རྣམས་ནི། བདག་ཅག་གི་སྟོན་པ་ཤཱཀྱ་མུ་ནེ་མཆོག་སངས་རྒྱས་ནས་རེ་དོགས་ཟད་པ་དང་ཤིན་ཏུ་མཚུངས་ཨང་། འོན་ཀྱང་དགེ་བཤེས་དགེ་ཆོས་དང་རཱ་ཧུལ་སོགས་ཀྱིས་ད་སྔ་ཉམས་ཟིན་པའི་རྒྱ་གར་ལ་ནང་ཆོས་སྤེལ་བའི་དོན་ལ་ཞལ་གཡར་ནས་སྒོར་ཆ་ཅིག་གི་འགྲོ་སོང་དང་བཅས་ཏེ། ལས་སླ་བོར་ཝུ་བ་སོབ་སོབ་ཀྱི་དད་པ་ཅན་དག་ལ་དཔེ་ཁང་གི་སྒོ་ཕྱེས་སུ་བཅུག་སོང་།  ཨ་ཨ། རྟོགས་དཀའ་བ་ལ། བླ་མའི་གཅིན་སྐྱག་སྨན་དུ་བརྩི་བའི་སྐབས་དེའི་མང་ཚོགས་ཀྱི་ཤ་རུས་ལ་འཐིམས་པའི་དད་པ་དེ་ཡང་འདི་འདྲའི་མངོན་ཆུང་ཞིག་ཡིན་པ་རང་གིས་ཀྱང་རྟོགས་དཀའ་སོང་། སེམས་ཞིབ་མོར་ཞིབ་ཏུ་བསམ་སྟེ་ཞིབ་ཏུ་ལོ་ཚིགས་དེད་ནས་དེའི་རྗེས་ཀྱི་དོན་རྐྱེན་རྣམས་ལ་བལྟས་ཡོང་ཚེ། རི་བོང་ཅལ་འདྲོགས་དང་ཝུ་བ་སོབ་སོབ་ལྟ་བུའི་བོད་པའི་དད་པ་འདི་ལར་ནས་ཧ་གོ་མི་ཐུབ་པ་ཞིག་ཀྱང་མིན།

ངལ་དུབ་དང་ཉོབ་སྣང་གང་ཡང་མི་སྟེར་བའི་དཔེ་ཆ་འདིའི་ཡིག་འབྲུ་རེ་རེ་དང་ཐ་སྙད་རེ་རེའི་ཁོང་གསེང་ནས་བལྟས་ཡོང་དུས། དགེ་བཤེས་དགེ་འདུན་ཆོས་འཕེལ་དང་ལྷག་པར་དུ་རྒྱ་གར་གྱི་མཁས་པ་དེ་དག་གིས་རིག་གནས་ལ་བཟུང་བའི་མིག་ཟུང་ཀེམ་ཀེམ་གྱི་མིག་འབྲས་དེ་མཐོང་ཡོང་ལ། ད་དུང་མིག་འབྲས་དེའི་ཕུག་ཏུ་སྐབས་དེའི་རིག་གནས་ཀྱི་ཆོས་སྡེ་ཆེན་མོ་འདིར་མཚར་སྣང་སྐྱེས་པའི་སྨོན་པ་དང་མེ་རི་ལྟ་བུའི་ཧམ་སེམས་ཀྱང་ཝ་ལེར་མཇལ་ཡོང་གིན་འདུག དེ་ནི་པཎ་ཆེན་འདི་དག་མ་ཟད་མཁས་པ་སི་ཐན་དབྱིན་སོགས་ཀྱིས་འཛམ་གླིང་ན་སྐད་གྲགས་ཆོད་པའི་ཏུན་ཧོང་གི་ཡིག་རྙིང་རྣམས་རྟ་ཁལ་དང་མཛོ་ཁལ་བྱས་ནས་ཕྱི་ལོགས་ལ་སྐྱེལ་འགྲོ་དུས། དམིགས་མེད་དང་བཏང་སྙོམས་ལ་ཡིད་ཆེས་པའི་རང་ཅག་ནི་ཁ་ཡི་མ་ཎི་དང་ལག་གི་ཕྲེང་བ་ཙམ་ལ་སྐྱབས་སུ་སོང་ནས་སོས་དལ་བག་ཕེབས་ཀྱིས་བཞུགས་འདུག བཙན་པོའི་རྒྱལ་རབས་ཕུད་པའི་ལོ་རྒྱུས་ལ་འདི་ལྟར་ཕྱིར་འདང་རེ་བརྒྱབ་ཡོང་ཚེ། རྒྱ་མཚོའི་ཕ་རོལ་དང་གངས་ཀྱི་རྩེ་མོ་ལ་འདི་འདྲའི་ཧེ་བག་ཅིག་བྱུང་དགོས་པ་ལ་ཤིན་ཏུ་གསལ་ཆ་ཆེན་པོ་ཡོད།

སྤྱིར་བཏང་འབྲོག་པའི་མི་རིགས་རྣམས་ལ་འཆར་ཡན་གྱི་ཤུགས་ཆེ་བ་མ་ཟད། གཙང་སེལ་དང་འཕྲོད་བསྟེན་གྱི་བློ་ཞན་པ་སོགས་ནི་ས་ཁམས་ཆགས་ལུགས་དང་འཚོ་རླུང་ཉུང་བའམ་གྲང་ངར་ཆེ་བ་རྣམས་ལ་འབྲེལ་ཆེ་སྟེ། དེ་ལས་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་དེད་ནས་འགྲོ་དུས། མི་རིགས་ཀྱི་གོམས་གཤིས་དང་འཚོ་ལུགས་རྣམས་ནི་རིག་གནས་ཀྱི་མ་བསྐྱེད་པ་ཡང་ལར་ནས་མེད། དེབ་ཀྱི་ཁྲོད་དུ་རིག་གནས་དང་གོམས་གཤིས་མི་འདྲ་བའི་སྟབས་ཀྱིས་ཕྱི་གླིང་གི་མཁས་པ་མགོ་སེར་དེ་དག་དང་བོད་མིའི་བར་ལ་བྱུང་བའི་གཙང་སེལ་གྱི་འགལ་བ་ཡང་དེ་ལྟར་བྱུང་ལ། རྗེས་ནས་ཕྱི་གླིང་མཁས་པས་འདང་བརྒྱབ་ནས་བསམ་ཤེས་དུས་གནད་དོན་ཅི་ཡང་མེད་འདུག ད་དུང་ཁོང་ལ་འགྱོད་གདུང་དྲག་པོ་ཞིག་སྐྱེས་ཀིན་འདུག  ཞར་དང་ཞོར་ལ་མཁས་པ་རྐྱལ་སྟོང་དགེ་འདུན་ཆོས་འཕེལ་ལགས་ཀྱི་མཛའ་གྲོགས་ཀྱང་ཤེས་ཤེས་ཏེ། ཁམས་ནས་ཡིན་པའི་བུ་མོ་མཛེས་མ་དེ་དང་དགེ་ཆོས་ཀྱི་བར་ལ་ཆགས་པའི་བརྩེ་དུང་ལ་འགྲམ་ཆུ་ལྡང་བའི་མི་ཡང་མང་སྟེ། དེབ་ཀྱི་རྩོམ་པ་པོས་ཞིབ་འབྲི་ལྟར་ན་ཁམས་མོ་ནི་ལྷ་མོ་ཞིག་ཏུ་ནོར་སྙམ་ལབ་ཅིང་། ང་ཡི་ཚོར་སྣང་གི་ངོས་སུ་ཡང་དེབ་ཀྱི་སྐད་ཆ་ལྟར་དུ་འཆར་སོང་། འདི་ལྟར་གསལ་རྗེན་དུ་ཡོང་དུས་འདོད་བསྟན་སོགས་ཀྱི་བརྩམས་ཆོས་རྣམས་ཀྱང་རབ་རིབ་མག་མོག་ཅིག་ཁྱོན་ནས་མིན། གང་ལྟར་སྐབས་དེར་སྡོམ་པ་ཤོར་བའི་དགེ་ཆོས་ལགས་ཀྱི་བསམ་བློ་ཡི་གཞི་ཁྱོན་ནི་ང་ཚོ་དང་ཁ་ཐག་ཤིན་ཏུ་རིང་བའི་རྒྱ་མཚོའི་ཕ་རོལ་ན་ཡོད། སྨྲེང་སྨྲེང་ལ་སྐྱོ་སྐྱོ་བའི་རྗེས་ཀྱི་དོན་དག་རྣམས་ནི་ཤོག་བུ་ལྷེམ་ལྷེམ་ལྟ་བུའི་དད་པ་ལས་བྱུང་བ་ཅི་ལ་མིན།

མཐའ་མར་དེབ་འདི་བསྒྱུར་བ་བོ་ཇོ་ལེབ་ཆོས་འཕེལ་ལགས་ལ་བཀའ་དྲིན་ཞུ་བ་ཡིན་ལ། ཁོང་གི་རྔུལ་ཆུ་དང་ཧུར་ཐག་གིས་རྩ་ཆེན་གྱི་དེབ་འདི་ང་ཚོའི་མིག་ལམ་ལ་རང་གི་སྐད་ཡིག་གི་ལམ་ནས་བསྟར་ཐུབ་པ་བྱུང་ཞིང་། རྗེས་མར་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ལ་ཡི་རངས་དང་སློབ་སྦྱོང་བྱ་བ་ཡིན།