༢༠༡༨-༤-༣ཉིན་བོད་ཀྱི་སྒྲུང་གཏམ་འབྲི་མཁན་གྲགས་ཅན་ནག་པོ་སྐལ་བཟང་ཉིད་ང་ཚོ་དང་གཏན་དུ་གྱེས་པར་མྱ་ངན་ཞུ།
                             

གཅིག     སྐུ་གཤེགས་པའི་གཏམ་ངན་དང་དེ་ལས་
                འཕྲོས་པའི་ཟུར་བཤད་ཐུང་ངུ་།

 

སྤྱི་ལོ༢༠༡༨ལོའི་ཟླ༤ཚེས༤ཉིན་གྱི་དགོང་གའི་མཚམས་སུ་བོད་ཀྱི་སྒྲུང་གཏམ་འབྲི་མཁན་གྲགས་ཅན་རྒན་ནག་པོ་སྐལ་བཟང་ལགས་མི་འདོད་ནད་ཀྱི་རྐྱེན་དབང་ལས་ང་ཚོ་དང་གཏན་ཏུ་གྱེས་པའི་གཏམ་ངན་དེ་དྲ་བའི་སྒང་སོ་སོ་རུ་ས་ཁྱབ་རྡོ་ཁྱབ་ཏུ་སྤེལ་གྱིན་འདུག་ལ། རང་ཉིད་ལ་མཚོན་ན་དྲ་བའི་སྒང་གི་གསར་འགྱུར་མང་པོ་ཞིག་ལ་བློ་གཏད་ཆོག་པའི་ཡུལ་དུ་མི་འཛིན་རུང་། མི་སྙན་པའི་གསར་འགྱུར་འདི་ཡང་འཕྲལ་དུ་བདེན་པར་ངེས་པའི་ཡིད་ཆེས་སྐྱེས་མ་ཐུབ་མོད། འོན་ཀྱང་ངན་སྐད་བདེན་པ་མང་ལ་བཟང་དོན་ཐོས་པར་དཀའ་བའི་དཔེ་བཞིན་ཁོང་ཉིད་ང་ཚོ་དང་གྱེས་པའི་གསར་གྱུར་དག་གཅིག་ལས་གཅིག་མགྱོགས་ཀྱིས་ཇེ་གསལ་ནས་ཇེ་གསལ་གྱུར་སོང་བས། རང་སེམས་སྨྲ་བསམ་བརྗོད་བྲལ་གྱི་གདུང་བ་ལྕི་མོ་ཞིག་གིས་ཡོངས་སུ་མནན་པར་མ་ཟད། རིགས་ཀྱི་སྒལ་ཚིགས་བོར་ཞིང་སེམས་ཀྱི་ང་རྒྱལ་མཐོ་བའི་དབུགས་སྒང་ལྟ་བུའི་ལོ་རབས་འདི་དག་ལ་མི་རིགས་འདིའི་ཤེས་འཇོན་གཉིས་ལྡན་གྱི་དབུ་ཁྱུད་ལྟ་བུར་འགྱུར་རུང་བའི་སྐྱེས་བུ་མང་པོ་ཞིག་རེ་རེ་བཞིན་ང་ཚོ་དང་གྱེས་འགྲོ་བའི་སྣང་ཚུལ་དག་མཐོང་ཡོང་དུས། སྐྱོ་བའི་མཆི་མའི་རྒྱུན་མི་ཆོད་ཅིང་དགའ་བའི་གཏམ་གྱི་སྒྲ་མི་གོ་བའི་ཚོད་དུ་སྣང་།  ལྷག་དོན་ཐེངས་འདིར་བོད་ཀྱི་རྩོམ་རིག་གི་གར་སྟེགས་ཀྱི་ཡང་སྟེང་ན་མཛད་རྗེས་ཀྱི་རྡོ་རིང་མི་ནུབ་པའི་རྒན་ཁོང་དང་ཁོང་དང་འབྲེལ་བའི་འདས་དོན་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་སེམས་སུ་འཁོར་ཡོང་དུས།  རེ་བའི་ས་ཞིང་གཤིན་པོ་མི་འདོད་སེར་བས་བཅོམ་པ་དང་གཉིས་སུ་མ་མཆིས་ཤིང་།   ཁོང་དང་ཁོང་གི་བརྩམས་ཆོས་དག་ལས་ནར་སོན་པའི་རྒན་དར་གཞོན་གསུམ་གྱི་ཁྲོད་ན་ཀློག་པ་པོ་ཁྲི་སྟོང་ཞིག་གི་རེ་བའི་རྨི་ལམ་བཅོམ་སོང་བ་ཅི་ལ་མིན་ཨང་།

དེ་ཡང་རང་ཉིད་ལ་མཚོན་ན་ཁོང་དང་གཉེན་གྱི་འབྲེལ་བའམ་ངོ་ཤེས་ཀྱི་འབྲེལ་བ་གང་ཡང་གཏན་ནས་མེད།  ལྷག་པར་དུ་དེང་སྐབས་ཀྱི་དྲ་ལམ་སོ་སོ་རུ་སྐྱེས་བུ་སུ་ཞིག་འཇིག་རྟེན་མི་ཡུལ་འདི་དང་གཏན་བྲལ་བྱུང་རྗེས།  ལད་ཟློས་ཁོ་ན་༼དཔེར་ན་སྐྱེས་བུ་གང་རུང་འདས་མཐར་ཁོང་གི་མཚན་ཙམ་ཐོས་མེད་པའམ་ཡང་ན་གང་དེའི་མཛད་རྗེས་དང་བརྩམས་ཆོས་སོགས་ལ་བག་ཆགས་ཏིལ་འབྲུ་ཙམ་ཡང་མེད་ཀྱང་ཡིན་མདོག་ཤེས་མདོག་དང་ཆེ་མདོག་ཟབ་མདོག་སྟོན་པའི་དྲ་འབུ་སྣ་ཚོགས།༽བྱེད་པའི་སྣང་ཚུལ་གང་རུང་རྗེས་སུ་རྒྱུགས་པ་ནི་དེ་བས་མིན།

འོན་ཀྱང་ཁོང་ནི་ང་ལ་མཚོན་ན་དཔེ་ཀློག་གི་ཆུ་ཚད་ཇེ་མཐོ་དང་རྩོམ་རིག་གི་དཀར་ངོགས་ཇེ་གསལ། སྐད་ཡིག་གི་དུངས་པ་ཇེ་ཟབ་ཏུ་བཏང་མྱོང་ཡོད་པའི་རྒྱུས་མེད་ཀྱི་དགེ་རྒན་རླབས་ཆེན་ཞིག་ཡིན་ལ། མི་ཞིག་གི་རང་དབང་གི་དགའ་མོས་ལ་རང་དབང་གི་གསོན་ཤུགས་སྣ་ཚོགས་འབྱུང་བར་སྐུལ་བའི་སྐྱེས་བུ་དམ་པ་ཞིག་ཏུ་འཁུམས་པས་ཡིན།

གཉིས།  ཀླུ་འབུམ་མི་རྒོད་དང་བྱིས་དུས་ཀྱི་རྨི་ལམ།

སྐུ་ཞབས་གང་ཉིད་ཀྱི་བརྩམས་ཆོས་༼ཀླུ་འབུམ་མི་རྒོད་༽ནི་ངའི་མི་ཚེའི་གོ་རིམ་ཁྲོད་ནས་དཔེ་ཀློག་ཐན་ཐུན་རེ་བྱེད་ཁུལ་བྱས་པའི་ཁྲོད་དུ་བག་ཆགས་ཆེས་ཟབ་ཤོས་དང་བརྗེད་ཐབས་མེད་པའི་སེམས་ཀྱི་ལོངས་སྤྱོད་ཅིག་ཡིན་པས། ད་ནི་ངའི་བྱིས་དུས་ཀྱི་འཚོ་བའི་ཁྲོད་ཀྱི་འདས་དོན་ཞིག་བརྗོད་འདོད་སྐྱེས་སོང་།

དེ་ཡང་སྤྱི་ལོ་ཉིས་སྟོང་གཅིག་ཡས་མས་ཀྱི་མཚམས་སུ་ང་རང་སློབ་ཆུང་ལོ་རིམ་གསུམ་པ་ཡིན་པའི་དགུན་གནང་གི་དུས་ཤིག་ལ། ངས་༼ཀླུ་འབུམ་མི་རྒོད་༽ཞེས་པའི་བརྩམས་སྒྲུང་དེ་ཐོག་མར་བཀླགས་པ་ཡིན། ངའི་ཕ་ཡུལ་ནི་འབྲོག་ས་ཡིན་པས་ནམ་རྒྱུན་དགུན་གནང་བཏང་རྗེས་ཕ་ཡུལ་དུ་ལོག་ནས་ནོར་ལུག་འཚོ་སྐྱོང་བྱེད་པ་ནི་འོས་སུ་བབས་པའི་འགན་ཁུར་ལྟ་བུ་ཡིན་ལ།  ལྷག་པར་དུ་དགུན་གནང་སྐབས་སུ་ངའི་འོས་འགན་ནི་ལུག་རྫིར་འགྲོ་དགོས་པ་དེ་ཡིན།  སྐབས་༼ཀླུ་འབུམ་མི་རྒོད༽་ཀྱི་དེབ་ཆ་ཚང་ལུག་རྫི་རུ་༼སྟོད་ཆ༽ཉིན་གཉིས་ཙམ་གྱི་ཡུན་ལ་ཡོངས་སུ་བཀླགས་ཚར་བ་མ་ཟད། སྒྲུང་གཏམ་གྱི་དུས་དང་བྱུང་རིམ། མི་སྣ་སོགས་ཡིད་ལ་གསལ་གསལ་དུ་འཆར་ཡོང་ནུས་པ་ཞིག་ཡིན་ལ། ལྷག་དོན་ཀླུ་འབུམ་དང་ཨ་རྔ་སོགས་མི་སྣ་གང་རུང་གི་སྣང་བརྙན་ཡིད་ལ་འཆར་རུང་བ་ཕུད་། སྒྲུང་གཏམ་གྱི་སྒྱུ་རྩལ་ལས་ཐེབས་པའི་མི་སྣ་སོ་སོའི་རང་གཟུགས་རྩེ་མོའི་ཚུལ་དུ་རྡོ་བའི་སྟེང་རི་མོའི་རྣམ་པར་བྲིས་མྱོང་བ་ཡང་བརྗེད་དུ་མེད་པ་ཞིག་རེད།  དེ་མིན་ཀླུ་འབུམ་གཙོ་བྱས་པའི་དྲག་རྩལ་མངའ་བའི་མི་སྣ་དེ་དག་གི་དྲག་རྩལ་གྱི་ཉམས་དང་དྲག་རྩལ་སྒོམ་ཐབས་སོགས་ནི་བརྗེད་པར་དཀའ་བ་ཞིག་ཡིན་ལ། རང་ཉིད་ལ་ཡང་དྲག་རྩལ་དེ་ཙམ་ཞིག་ཡོད་ན་ཇི་མ་རུང་སྙམ་པའི་བློ་དང་ཐ་ན་དྲག་རྩལ་སྟོན་པའི་ཉམས་དང་སྒོམ་ཐབས་སོགས་ལ་ཡང་ལད་མོ་བྱས་པ་ཐེངས་མང་ཡིན།  ད་དུང་མཚན་མོའི་རྨི་ལམ་དུ་ཡང་ཀླུ་འབུམ་མི་རྒོད་ལ་ཐུག་ཡོད་པ་དང་ཁོང་གི་སློབ་མ་ཡིན་པ། རང་ཉིད་ལ་ཀླུ་འབུམ་ལྟ་བུའི་དྲག་རྩལ་གྱི་མངའ་འབྱོར་ཡོད་པ་སོགས་ཀྱི་འཕྲུལ་སྣང་སྣ་ཚོགས་སྐྱེས་མྱོང་།

ད་ནི་བརྗེད་དུ་མེད་པའི་འདས་དོན་དེ་དག་ལ་ཕྱིར་མིག་ཅིག་འཕངས་ན།  མི་སྒེར་གྱི་འཚོ་བའི་ལོངས་སྤྱོད་ཅིག་དང་སྐད་ཡིག་ལ་འཇུག་པའི་ཐབས་ལམ་ཡག་པོ་ཞིག  རྩོམ་རིག་ལ་ཕྱོགས་པའི་གསོན་ཤུགས་ཡངས་པོ་ཡིན་པར་མ་ཟད། གཞན་གྱི་སྐུལ་སློང་མི་དགོས་ཤིང་ཤེས་ཡོན་གྱི་ཟབ་ཚད་མི་དགོས་པ།  ཐ་ན་ཀ་ཁའི་སྦྱོར་ཀློག་ལ་བྱང་བ་ཙམ་ཉིད་ནས་བཟུང་ཀློག་ནུས་ཤིང་སྤྲོ་བ་འཕེལ་ནུས་པའི་རྒན་དར་གཞོན་གསུམ་ཀུན་གྱི་ཤེས་བྱར་འཇུག་པའི་སྨན་མཆོག་ལྟ་བུའི་བརྩམས་ཆོས་འདི་འདྲ་ཞིག་ལེགས་འགྲུབ་བྱུང་བ་ནི་རྩོམ་པོ་གང་གི་རྣམ་དཔྱོད་ཀྱི་རྩལ་ལས་བཏོན་པའི་མཐུན་མིན་གྱི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་ཐབས་ལམ་བཟང་བོའི་གཞན་ལས་འཕགས་པའི་འབྲས་བཟང་ཞིག་ག་ལ་མིན་ཨང་།

གསུམ།  བརྩམས་ཆོས་ལས་བཏོན་པའི་རྩོམ་པ་པོ་དངོས།

ཁོང་གི་བརྩམས་ཆོས་༼ཀླུ་འབུམ་མི་རྒོད།༽་ཀྱིས་ང་ལ་གནང་བའི་བག་ཆགས་འགའ་གོང་ནས་བརྗོད་ཟིན་པ་དེ་ལྟར་ཡིན་ལ། ད་ནི་བརྩམས་ཆོས་ལས་བཏོན་པའི་རྩོམ་པོ་སྐུ་དངོས་ལ་མཉམ་འཇོག་ག་འདྲ་བྱས་པའི་གནས་ཚུལ་ཉུང་ངུ་ཞིག་བརྗོད་སྙམ་སོང་།

དེ་ཡང་གོང་ནས་བརྗོད་པ་བཞིན་༼ཀླུ་འབུམ་མི་རྒོད༽ཞེས་པའི་དྲག་རྩལ་སྐོར་གྱི་བརྩམས་སྒྲུང་འདི་དང་འབྲེལ་ནས་ད་གཟོད་ཁོང་གི་མཚན་དངོས་སུ་གོ་ཐུབ་པ་བྱུང་ལ།  དེའི་སྐབས་དྲག་རྩལ་བརྩམས་སྒྲུང་འདིའི་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་བསླུ་བྲིད་དམ་བློ་འགུག་གི་ནུས་ཤུགས་ལས། ད་གཟོད་རྩོམ་པ་པོ་ཁོང་ནི་རང་ག་བའི་གང་སག་ཕལ་བ་ཞིག་དང་ཤེས་བྱའི་ཟབ་ཚད་སྤྱིར་བཏང་མ་རེད་སྙམ་པའི་སེམས་ཚོར་ཞིག་རང་བཞིན་གྱིས་སྐྱེས་མྱོང་ཡོད་ལ།  ཁོང་ནི་ཕ་ཡུལ་རེབ་གོང་གི་ཡིན་པས་ནམ་ཞིག་ས་གནས་འདི་རུ་མཐོང་ཨེ་ཐུབ་སྙམ་པའི་སེམས་ཚོར་སྐྱེས་མྱོང་།  ད་དུང་སྐབས་དེ་དུས་ཤིག་ལ་དུས་དེབ་ཅིག་༼ཕལ་ཆེར་སྦྲང་ཆར་དེབ་ཅིག་ཡིན་པ་འདྲ།༽གི་རྒྱབ་ལོགས་སུ་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གི་པར་དང་མཚན་བྱང་བཀོད་ཡོད་པ་ཞིག་མཐོང་རྗེས། དེ་མུར་ནག་པོ་སྐལ་བཟང་མཆོག་གི་སྐུ་པར་ཡོད་མེད་བཙལ་རྗེས་ད་གཟོད་ཁོང་གི་སྐུ་པར་ཞིག་ཡོད་ལ་གཤམ་དུ་མཚན་དངོས་སུ་བྲིས་ཡོད་པས།  རང་སེམས་ཀྱི་མདུན་པ་ཞིག་འགྲུབ་སོང་སྙམ་པའི་སྣང་བ་སྐྱེས་མྱོང་།

དེ་ནས་ལོ་ངོ་འགའ་སོང་རྗེས་སྤྱི་ལོ་ཉིས་སྟོང་ལྔ་ཡས་མས་ཤིག་ལ་༼གངས་རྒྱན་ན་ཆུང་ཚགས་པར་ཁང་༽གིས་ཞིང་ཆེན་ཡོངས་ཀྱི་སློབ་འབྲིང་སློབ་མའི་རྩོམ་རིག་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་ཞིང་། སྐབས་དེར་ང་ལ་རྟིང་སྐུལ་གྱི་བྱ་དགའ་ཞིག་ཐོབ་ཡོད་པས་ང་ཚོ་འགྲན་ཞུགས་སློབ་མ་དག་ལ་ཚགས་པར་ཁང་གིས་དངོས་སུ་བྱ་དགའ་གནང་བ་མ་ཟད་མཚོ་སྔོན་འཕྲིན་ཁང་དང་མཉམ་འབྲེལ་གྱིས་ཉིན་ལྔ་ཙམ་རིང་ལ་མཚོ་སྔོན་པོ་སོགས་ལ་ཡུལ་སྐོར་དུ་ཁྲིད་པའི་སྐལ་བ་ལྡན། ང་ལ་མཚོན་ན་དེ་དུས་སུ་བྱ་དགའི་ལས་དགའ་འོས་པའི་དོན་བཟང་གཞན་ཞིག་ཡོད་པ་ནི་༼ཀླུ་འབུམ་མི་རྒོད་༽ཀྱི་རྩོམ་པ་པོ་ཁོང་ལ་དངོས་སུ་མཇལ་ཐུབ་པའི་སྐལ་བ་ལྡན་སོང་བ་དེ་ཡིན་ལ།  སྐབས་དེ་དུས་ཁོང་ནི་༼ན་ཆུང་ཚགས་པར་ཁང་༽གི་གཙོ་བོ་སྒྲིག་པ་ཡིན་པ་འདྲ། ཡིན་ཡང་རང་ཉིད་ཀྱི་སེམས་སུ་ཡུན་རིང་སྦས་མྱོང་བའི་སྐུ་ཞབས་ཁོང་ལ་དངོས་སུ་ཕྲད་ཀྱང་རང་ཉིད་ཀྱིས་ཁོང་ལ་སྐད་ཆ་གང་ཞིག་བརྗོད་རྒྱུ་ནི་ཧ་ཅང་དཀའ་བའི་གནས་རེད། གཅིག་ན་རང་ཉིད་ལ་གང་ཞིག་འདྲི་འདོད་ཀྱི་བློ་སྟོབས་མེད་སོང་བ་ཡང་འདྲ།

གང་ལྟར་ང་ཚོ་ལྷན་དུ་བསྡད་པའི་ཉིན་དེ་དག་ལ་ཁོང་ལ་མངོན་ལྐོག་གང་རུང་ནས་དོ་སྣང་བྱས་ཡོད་ལ། དེ་ནི་ཁོང་གིས་ང་ལ་བཞག་པའི་བག་ཆགས་གང་རུང་གིས་བསྐྱེད་པ་ཡིན་ངེས། ཁོང་ནི་ཀུ་རེ་དང་དགོད་གཏམ་བཤད་རྒྱུར་དགའ་ཞིང་ལྟས་ཚོད་ཀྱིས་ཞི་འཇམ་བག་ལྷོད་ཀྱི་གཤིས་རྒྱུད་མངའ་བ་ཞིག་རེད།ལྷག་པར་དུ་ཁོང་གིས་གསུང་རྒྱུར་༼ ཁྱོད་ཚོ་ནི་མ་འོངས་པ་ན་བོད་ཀྱི་རྩོམ་པ་པོ་ཉན་དགོས་ནི་རེད། རང་རང་ས་ནས་སློབ་སྦྱོང་ཡག་པོ་བྱ་དགོས་ནི་རེད།  ལྷག་པར་དུ་རང་རང་གི་དགའ་མོས་དོར་མི་རུང་༽ཟེར་བའི་གསུང་བཤད་དེ་ནི་རྡོ་བརྐོས་རི་མོ་བཞིན་གསལ་གསལ་དུ་ཡོད་པ་ཞིག་རེད། ལྷག་པར་དུ་ཁོང་གིས་ཚགས་དེབ་འདི་བརྒྱུད་བོད་ཀྱི་ཤེས་རིག་གི་ཞིང་ས་རུ་གསར་སྐྱེས་ཀྱི་མེ་ཏོག་བཞད་པའི་ན་ཆུང་སློབ་བུ་ག་ཚོད་ཅིག་ལ་ཆུ་ལུད་དྲོད་གསུམ་གྱི་རིག་པའི་ས་བོན་གང་མང་བསྐྲུན་དང་སྐྲུན་བཞིན་ཡོད་པ་ཤེས་ཐུབ་ལ།  རིགས་ཀྱི་ཞེན་པ་དང་རེ་བའི་རྨི་ལམ་གྱི་གཤོག་ཟུང་ཡངས་པོ་ཞིག་ཡོད་པ་རྟོགས་ནུས། གང་ལྟར་སྐབས་དེ་ནི་ང་ལ་མཚོན་ན་དགའ་སྤྲོ་ཟུང་ལྡན་གྱི་ཆེས་བརྗེད་དཀའ་བའི་ཉིན་མོ་ཅི་ལ་མིན་ཨང་།

བཞི།   མཇུག་མཐའི་མྱ་ངན་ཞུ་ཚིག

འདི་ལྟར་ལོ་ཡི་ཁོར་མོ་སྐད་ཅིག་སྐད་ཅིག་ཏུ་འདས་པའི་མཚམས་འདིར་བསླེབས་དུས།  མི་རྟག་འཆི་བདག་རྒྱལ་བོའི་གདུག་རྩུབ་ཀྱི་ཞགས་ནག་གིས་བོད་ཀྱི་རྩོམ་རིག་གར་སྟེགས་སུ་འོད་དུ་འཚེར་བའི་སྒྲུང་གཏམ་མཁན་གང་ཉིད་ཀྱི་སྐུ་སྲོག་འཕྲོག་སོང་བའི་གནས་ཚུལ་འདི་ནི་ཤིན་ཏུ་ཕངས་དགོས་པ་ཞིག་རེད་ལ། ལྷག་པར་དུ་ཁོང་ནི་བོད་ཀྱི་བརྩམས་སྒྲུང་འབྲི་མཁན་དག་གི་ཁྲོད་ན་དམིགས་བསལ་གྱི་ཁྱད་ཆོས་དང་ཕུགས་བསམ་ཟབ་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་དང་བོད་ཀྱི་དྲག་རྩལ་བརྩམས་སྒྲུང་འབྲི་མཁན་གྱི་ཤིང་རྟའི་སྲོལ་འབྱེད་མཁན་ཞིག་ཡིན་པར་སྣང་། ཉིན་འདི་དག་ལ་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་གང་མང་གིས་ཀྱང་ཁོང་ལ་རང་རང་གི་མྱོང་བརྒྱུད་དངོས་གསུམ་ལས་ཐོབ་པའི་ཁོང་གི་རྩོམ་རིག་ཐད་ཀྱི་མཛད་རྗེས་ལ་གདེང་འཇོག་དང་བསམ་ཚུལ་ལྷུག་པོར་གནང་གིན་འདུག་ལ།  ནང་དགོས་སུ་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་སོགས་ཀྱིས་ཀྱང་བོད་ཀྱི་རྩོམ་རིག་གི་ཐད་ལ་སྔར་ན་མེད་པའི་སྒྱུ་རྩལ་གྱི་རྩོམ་ཐབས་གསར་བ་ཞིག་དང་མཛད་རྗེས་ལྷག་མ་ཞིག  བོད་ཀྱི་རིགས་དབྱེ་བརྩམས་སྒྲུང་༼类型小说༽འབྲི་མཁན་གྱི་ཤིང་རྟ་བ་ཞེས་བསྔགས་བརྗོད་དང་མྱ་ངན་གྱི་གདུང་སེམས་བྱེད་ཀྱི་ཡོད་ལ།  ཕྲན་ཆུང་རང་ལ་མཚོན་ན་ཡང་ཁོང་གི་བརྩམས་ཆོས་གཅིག་ཁོ་ནས་ཐེབས་པའི་བག་ཆགས་ཡོད་མཁན་ཞིག་ཡིན་པ་ལས།  བརྩམས་ཆོས་གཞན་དག༼ཀླུ་འབུམ་མི་རྒོད་སྨད་ཆ།  དམྱལ་ཟངས་ནང་ན་ཀུ་རེ་མེད། བྲེད་ཤ་ལངས་པའི་མཚར་གཏམ་སོགས།༽ལ་ལེ་ལོ་དང་སྒྱིད་ལུག་གི་དབང་གཡེངས་ནས་བཀླགས་ཐུབ་མེད་པ་ཞིག་ཡིན་མོད།  ཡིན་ཡང་རྒན་པདྨ་འབུམ་སོགས་ཀྱིས་བཞིན་ཁོང་ལ་མྱ་ངན་ཞུ་དགོས་ན་ཁོང་གི་བརྩམས་ཆོས་བཀླགས་དགོས་པ་ཞིག་རེད་གསུངས་པ་བཞིན།  ང་ཚོ་མི་རེ་རེས་བཞིན་ཁོང་ལ་མྱ་ངན་ཞིག་གི་དོད་དུ་བརྩམས་ཆོས་དག་བཀླག་དགོས་པ་འོས་སུ་བབས་པར་སྣང་།   བཀླགས་པའི་གོ་རིམ་ལས་ད་གཟོད་རང་རང་གི་ཤེས་བྱའི་ཟབ་ཚད་དང་ཤེས་རབ་ཀྱི་རྣོ་ཚད། ཚོར་བས་ཟིན་ཚད་ལྟར་ཁོང་དང་ཁོང་གིས་ང་ཚོའི་ཕྱི་རབས་པར་བཞག་པའི་བགོ་སྐལ་གང་མང་ལ་ཁ་བསྐང་བྱ་རྒྱུ་ནི་རིགས་གཅིག་རྒན་དར་གཞོན་གསུམ་ཚང་མའི་འོས་འགན་དུ་སེམས་སོ།།

                              ༢༠༡༨-༤-༥ཉིན་བྲིས།