| འབར་ཞུན།(Barshun)

༡ ཡུལ་ཀཱང་ར་(ཀཱཾགཌཱ)ངོས་འཛིན་པ།

དེའང་ཀཱང་ར་[1]ཞེས་པ་ནི་རྒྱུད་སྡེ་ནས་འབྱུང་ཞིང་།  ཕྱི་ནང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡིན་པར་སྐད་པའི་གནས་ཆེན་ཉེར་བཞིའི་ནང་གསེས་ཀྱི་ཛ་ལན་དྷ་ར་ཞེས་པ་དེ་ཡིན་པར་མཁས་དབང་དགེ་ཆོས་ཀྱིས་རྒྱ་གར་གནས་ཡིག་ཏུ། “ནག་རོ་ཊར་མ་སླེབས་པའི་གྲུ་ཟན་གཉིས་ཀྱི་གོང་དུ་ཀཱང་ར་བྱ་བར་སླེབས།  ཆུའི་བྱང་ཕྱོགས་ཀྱི་རི་ངོས་སུ་གྲོང་ཁྱེར་ཀཱང་ར་ཡོད།  དེ་ནི་གནས་ཆེན་ཉེར་བཞིའི་ནང་གི་ནུབ་ཕྱོགས་ཛ་ལན་དྷ་ར་བྱ་བའི་གྲགས་ཆེན་དེ་ཡིན་”[2]ཞེས་གསལ་བར་བསྟན་ཡོད།

(བུ་སྟོན་རིན་ཆེན་དཔལ་གྱི་བདེ་མཆོག་སྤྱི་རྣམ་དུ་གནས་ཆེན་ཉེར་བཞི་ངོ་སྤྲོད་སྐབས།)

ཛ་ལན་དྷ་རའི་ཡུལ་འདིར་སྔོན་དུས་རབས་བཅུ་གསུམ་ཡས་མས་སུ་རྒྱལ་བ་རྒོད་ཚང་བ་མགོན་པོ་རྡོ་རྗེ་དང་།  ཁོང་གི་དངོས་སློབ་གྲུབ་ཆེན་ཨོ་རྒྱན་པ་སོགས་དངོས་སུ་བྱོན་མྱོང་བ་ཁོང་སོ་སོའི་རྣམ་ཐར་དུ་མཇལ་རྒྱུ་འདུག་ལ།  བུ་སྟོན་ཐམས་ཅད་མཁྱེན་པས་(༡༢༩༠-༡༣༦༤)བདེ་མཆོག་སྤྱི་རྣམ་དོན་གསལ་དུ།  གནས་ཆེན་ཉེར་བཞི་སོ་སོར་ངོས་འཛིན་སྐབས་ཛ་ལན་དྷ་རའི་ཡུལ་འདིར་”རྡོའི་ལིང་ཀ་ཁ་བུབ་ལྟ་བུ་ཕྱོགས་གཅིག་ན་བུ་ག་དང་བཅས་པ་ཡོད་ལ།  དེའི་ཉེ་ལོགས་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁི་ཞེས་བྱ་བ་རྡོ་ལ་རང་འཁྲུངས་སུ་ཡོད་པ་ཁ་བུབ་ཏུ་ཉལ་བ།  དེ་ལ་གཙུག་ལག་ཁང་བརྩིགས་པ་ཡོད་”[3]ཅེས་གསུངས་པ་དེ་ཕྱིས་སུ་མཁས་དབང་དགེ་ཆོས་ཀྱིས་རྒྱ་གར་གནས་ཡིག་ཏུ།  ཡུལ་འདིར་“མཇལ་ས་གཙོ་བོ་ཀཱང་ར་མན་དིར་ནང་དུ་མགོ་ལྟ་བུའི་ལིངྒ་དེ་ཡིན། ཀཱང་རར་མ་སླེབས་གོང་དུ་ཛ་ལ་མུ་ཁེ་བྱ་བར་སླེབས།  དེར་ས་ལ་མེ་འབར་མཇལ་རྒྱུ་ཡོད་”ཅེས་ཁ་གསལ་བར་བསྟན་ཡོད།[4]  འདིར་དགེ་ཆོས་ཀྱིས་ཀཱང་ར་མན་དིར་ཞེས་པ་ཀཱང་ར་ལྷ་ཁང་ཞེས་པའི་དོན་ཡིན་མོད།  ད་སྐབས་རྡོའི་ལིང་ག་ཡོད་སའི་ལྷ་ཁང་དེར་ཡུལ་མི་ཚོས་ཝཇྲི་ཤྭརི་མནྡིར་(bajreshwari  mandir)ཞེས་ཟེར་བར་སྐད་པ་ལས།[5]  ཀཱང་ར་མནྡིར་ཞེས་འབོད་པ་མེད་པར་སྣང་།

ཡང་ཛཱ་ལན་དྷ་ར་དང་འབྲེལ་བའི་གནས་ཚུལ་གཞན་ཞིག་ལ།  སྔོན་གྱི་ཆོས་འབྱུང་ཁག་ཏུ་ཁ་ཅིག་གིས་བདག་ཅག་གི་སྟོན་པའི་བཀའ་བསྡུ་ལན་གསུམ་མཛད་པའི་གསུམ་པ་དེ་ཁ་ཆེའི་ཡུལ་གྱི་”རྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་”[6]དུ་མཛད་ཅེས་གྲགས་པའི་གཙུག་ལག་ཁང་དེ་ད་ལྟའི་ཀཱང་རའམ་ཀཱཾགཌཱའི་རྫོང་ཁོངས་ཀྱི་ས་ཁུལ་ཞིག་ཏུ་ཡོད་སྲིད་པའི་ཚོད་དཔག་གནང་མཁན་ཡོད་ཚོད་འདུག་[7]ལ།  ཡང་ཁ་ཅིག་བཀའ་བསྡུ་གསུམ་པ་ནི་”ཛ་ལན་དྷ་རའི་དགོན་པ་ཀུ་བ་ནའི་གཙུག་ལག་ཁང་”[8]དུ་མཛད་པར་བཞེད་ཚུལ་ལྟར་ན་ཀུ་བ་ནའི་གཙུག་ལག་ཁང་ཞེས་པ་དེའང་ད་ལྟའི་ཀཱང་རའི་ཁུལ་འདིར་ཡོད་སྲིད་ཨང་སྙམ།

དེ་ལྟར་སྔོན་གྱི་མཁས་པ་དག་གིས་ནུབ་ཛ་ལན་དྷ་རར་ངོས་བཟུང་བའི་ཀཱང་ར་(Kangra)ཞེས་པ་འདི་ད་སྐབས་རྒྱ་གར་གྱི་མངའ་སྡེའམ་ཞིང་ཆེན་ཧི་མ་ཅལ་(Himachal Pradesh)གྱི་ཁོངས་སུ་གཏོགས་ལ།  བྱང་ཕྱོགས་དྷརྨ་ཤཱ་ལའམ་དྷ་རམ་ས་ལ་ནས་སྤྱི་ལེ་ཉི་ཤུ་ལྷག་གི་སར་མཆིས།

 

༢ ཀཱང་ར་བཙན་རྫོང་གི་ལོ་རྒྱུས་འཚོལ་བ།

ཀཱང་ར་བཙན་རྫོང་ཞེས་པ་ལ་གཞན་དུ་ཀཱང་ར་མཁར་རྫོང་ཞེས་བྲིས་པའང་མཐོང་མོད། འོན་ཀྱང་། ཁོ་བོས་རང་ཉིད་ཡུལ་དངོས་སུ་བསྐྱོད་པའི་མཐོང་སྣང་དང་འབྲེལ་ཞིང་།  དེར་དབྱིན་ཡིག་ཏུའང་(Kangra  fort)ཞེས་བྲིས་པ་མཇལ་བས་བཙན་རྫོང་ཞེས་བྲིས་ན་ལྷག་ཏུ་འབྲེལ་ཆགས་པར་མཐོང་བ་ཡིན།

(ཝེ་ཀེ་རིག་མཛོད་དྲ་བར་ཡོད་པའི་ཀཱང་ར་བཙན་རྫོང་གི་ལོ་རྒྱུས་མདོར་བསྡུས།)

བཙན་རྫོང་འདི་དང་འབྲེལ་ཡོད་ལོ་རྒྱུས་ད་སྔར་བོད་ཡིག་ཏུ་ཡོད་པའི་དེབ་དང་ཡིག་ཆ་གང་ཡང་མཐོང་ཐོས་མ་བྱུང་བས།  དྲ་ལམ་དུ་འདི་འབྲེལ་གྱི་གནས་ཚུལ་འཚོལ་ཞིབ་བྱས་པ་ལྟར་ན།   “བཙན་རྫོང་འདི་ནི་ཐོག་མར་ཀཱང་ར་རྒྱལ་ཕྲན་གྱི་ཁ་ཊོ་ཆི་རྒྱལ་རྒྱུད་(Katoch  dynasty)དམ་རཱ་ཇ་ཕུ་ཊི་ཁྱིམ་རྒྱུད་(Rajput family)ཀྱིས་བསྐྲུན་པ་ཡིན་ཞིང་།  མ་ཧཱ་བྷ་ར་ཏའི་(महाभारतम् / Mahabharata)རྟོགས་བརྗོད་ཁྲོད་དུའང་ཐྲི་གྷར་ཐྲ་རྒྱལ་བོའི་ཁབ་(Trigarta  Kingdom)ཏུ་བཤད་ཡོད་ཚུལ་དང་།  བྱང་ཕྱོགས་ཧི་མ་ལ་ཡའི་རྒྱུད་ཀྱི་བཙན་རྫོང་ཆེས་ཆེ་ཤོས་དང་།  རྒྱ་གར་གྱི་བཙན་རྫོང་ཆེས་རྙིང་ཤོས་ཤིག་ཏུའང་ངོས་འཛིན་པར་གསལ།

ཕྱི་ལོ་ ༡༦༡༥ ལོར་སྐབས་དེའི་ཀཱང་རའི་རྒྱལ་བོ་ཧ་རི་ཅན་ཌི་ཀཱ་ཊོ་ཆི་གཉིས་(Raja Hari Chand II)པས་ཁ་ཆེ་ཨག་བྷར་(Akbar.1542-1605)རྒྱལ་བོའི་དཔུང་ལ་འགོག་རྒོལ་ཆེད་རྔམ་ཞིང་བརྗིད་པའི་བཙན་རྫོང་འདི་བསྐོར་ནའང་།  སྟབས་མ་ལེགས་པར་ཕྱི་ལོ་ ༡༦༢༠ ལོར་ཨག་བྷར་གྱི་བུ་མུའུ་གྷལ་(Mughal)གྱི་རྒྱལ་རྒྱུད་བཞི་བ་ཇཱ་ཧན་ཇཱིར་(Jahangir.1569-1627)གྱིས་རཱ་ཇི་སི་ཐན་གྱི་གྲོང་ཁྱེར་བྷ་ར་ཕུར་(Bharatpur)གྱི་རྒྱལ་བོ་སུ་ར་ཇཱི་མལ་(Suraj Mal.1707-1763)ཞེས་པ་དང་མཉམ་འབྲེལ་གྱིས་ཀཱང་ར་བཙན་རྫོང་བདེ་བླག་ངང་དབང་དུ་བསྡུས་འདུག

(སྒོ་དང་རྡོ་སྐས་རིམ་པས་བརྒྱུད་དེ་བཙན་རྫོང་གི་རྩེར་བསྐྱོད་པ།)

ཕྱིས་སུ་རྒྱལ་བོ་ཀཱ་ཊོ་ཆི་(Katoch)ཡིས་མུའུ་གྷལ(Mughal)ས་ཁོངས་ལ་འཕྲོག་བཅོམ་ཡང་ཡང་བྱས་ཤིང་།  མུའུ་གྷལ་གྱི་དབང་བསྒྱུར་སྟོབས་ཤུགས་སྒོ་ཀུན་ནས་ཉམས་དམས་སུ་བཏང་།    ཕྱི་ལོ་ ༡༧༨༩ ལོར་ཀཱང་རའི་རྒྱལ་པོ་སན་སར་ཆན་ཌི(Sansar chand II)ཁྲི་རབས་གཉིས་པས་རང་གི་མེས་པོའི་བཙན་རྫོང་འདི་རྒྱུན་འཛིན་བསྐྱར་གསོ་བྱས།  ཡིན་ནའང་། སྟབས་མ་ལེགས་པ་ཞིག་ལ།  རྒྱལ་པོ་ཆེན་པོ་སན་སར་ཆན་ཌི་ཡིས་བལ་བོ་གོར་ཁའི་(Gurkha)དམག་དཔུང་དང།  སིག་རྒྱལ་ཕྲན་གྱི་རྒྱལ་པོ་ཆེན་པོ་(Ranjit  Singh)རན་ཇཱི་སིན་ལ་དམག་འཐབ་ཡང་ཡང་བྱས་ཤིང་།  སིག་གི་རྒྱལ་བོ་རན་ཇཱི་སིན་དང་ཀཱ་ཊོ་ཆི་གཉིས་བར་གྱི་དམག་འཁྲུག་སྐབས་སུ་དམག་མིའི་རྒྱགས་ཆས་མཁོ་སྤྲོད་སླད་དུ་བཙན་རྫོང་གི་རྒྱལ་སྒོ་ཕྱེས་ཡོད་པ་དང་བསྟུན་ཏེ།  ཕྱི་ལོ་ ༡༨༠༦ ལོར་བལ་བོ་གོར་ཁའི་དམག་དཔུང་རྣམས་བཙན་རྫོང་དུ་འཛུལ།   དེས་རྒྱལ་པོ་ཆེན་པོ་སན་སར་ཅན་ཌི་དང་རན་ཇཱི་སིན་གཉིས་མཐུན་ཕྱོགས་སུ་འགྱུར་བཅུག་ཡོད།  གོར་ཁ་དང་སིག་གཉིས་བར་འཐབ་འཁྲུག་ཡུན་རིང་བྱུང་བས་མཐར་བཙན་རྫོང་མཁོ་ཆས་ཀྱིས་སྟོངས་ཤིང་།  གོར་ཁའི་དམག་དཔུང་ཡང་བཙན་རྫོང་ནས་ཕྱིར་འཐེན་བྱས་འདུག

ཕྱི་ལོ་ ༡༨༢༨ ལོར་རྒྱལ་པོ་སན་སིར་ཅན་ཌི་སྐུ་གྲོངས་པའི་རྗེས་སུའང་།  རྒྱལ་པོ་རན་ཇཱི་སིན་གྱིས་དབང་སྒྱུར་མ་བྱས་བར་དུ་བཙན་རྫོང་དེ་ཀཱ་ཊོ་ཆི་ལ་བདག་ཡོད།   མཐར་ཕྱི་ལོ་ ༡༨༤༦ ལོའི་སིག་ཆོས་ལུགས་ཀྱི་དམག་འཁྲུག་རྗེས་ལ་བཙན་རྫོང་དེ་དབྱིན་ཇི་བས་བདག་པོ་བརྒྱབ་ཅིང་།  མཐར་ཕྱི་ལོ་ ༡༩༠༥ ལོའི་ཟླ་ ༤ ཚེས་ ༤ ཉིན་ས་ཡོམ་གོད་ཆག་གིས་བཙན་རྫོང་དེར་གཏོར་བཅོམ་ཚབས་ཆེན་མ་ཐེབས་བར་དུ་དབྱིན་ཇི་དམག་དཔུང་གིས་བཟུང་བ་ཡིན་ཚུལ་བཅས་འཁོད་འདུག”

 

༣ ཡུལ་དངོས་སུ་བསྐྱོད་པའི་མཐོང་སྣང་།

ཉིན་འགའི་སྔོན་གྱི་འཆར་གཞི་ལྟར་ཕྱི་ཟླ་ ༠༣ ཚེས་ ༢༩ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་གྲོགས་པོ་ཞིག་དང་ལྷན་དུ་དྷ་རམ་ཤཱ་ལ་སྟེ་བོད་མི་ཚོས་དྷ་ཤོད་དུ་འབོད་པ་ནས་གླ་འཁོར་ཆུང་ཆུང་ཞིག་ལ་ཧིན་སྒོར་ ༥༠༠ སྤྲད་དེ་ཐད་ཀར་ཀཱང་ར་རྫོང་ལ་བསྐྱོད་པ་ཡིན།  གོང་དུ་བརྗོད་པ་ལྟར་དྷརྨ་ཤཱ་ལ་ནས་ཀཱང་ར་རྫོང་བར་དུ་སྤྱི་ལེ་ཉི་ཤུ་ལྷག་མཆིས་ལ། ཀཱང་ར་རྫོང་ནས་བཙན་རྫོང་བར་ད་དུང་སྤྱི་ལེ་གཉིས་ལྷག་འགྲོ་དགོས་ཀྱི་འདུག་པས།  ངེད་གཉིས་ཀཱང་ར་རྫོང་ཐོག་ནས་བཙན་རྫོང་བར་དུ་གཞུང་ལམ་བརྒྱུད་དེ་རྐང་ཐང་ལ་བསྐྱོད་པ་ཡིན།  སྐར་མ་ཉི་ཤུ་ལྷག་ལ་སོང་རྗེས་གཞི་ནས་ཀཱང་ར་བཙན་རྫོང་གི་ཉེ་འདབས་སུ་འབྱོར་བྱུང་།

བཙན་རྫོང་དུ་འགྲོ་སའི་ཕྱི་རུ་ལྕགས་སྒོ་ཞིག་འདུག་ལ།  དེའི་འགྲམ་གྱི་འཛིན་བྱང་བཙོང་ས་ནས་འཛིན་བྱང་རེར་ཧིན་སྒོར་ ༡༥ སྤྲད་ན་ད་གཟོད་བཙན་རྫོང་གི་ཕྱིིའི་ར་སྐོར་དུ་འགྲོ་ཆོག་པ་འདུག  ལྕགས་སྒོ་དེ་ནས་འཛིན་བྱང་བསྟན་ཏེ་ནང་དུ་འཛུལ་བ་ན།  ཐོག་མར་མིག་ལམ་དུ་མངོན་པ་ནི་གཡོན་ཕྱོགས་ཀྱི་སྐྱེད་མོས་ཚལ་ཆུང་ཆུང་དེ་དང་དེའི་དབུས་སུ་ཡོད་པའི་ཁང་ཤར་དེ་གཉིས་ཡིན་ལ།  ཁང་ཤར་དེ་ནི་བཙན་རྫོང་འདི་དང་འབྲེལ་བའི་འགྲེམས་སྟོན་ཁང་རེད།

(འགྲེམས་སྟོན་ཁང་གི་གཡོན་ཕྱོགས་ལམ་ཟུར་དུ་ཡོད་པའི་ཀཱང་ར་བཙན་རྫོང་གི་ངོ་སྤྲོད།)

འགྲེམས་སྟོན་ཁང་གི་གཡོན་ཕྱོགས་ཀྱི་ལམ་ཟུར་དུ་བཙན་རྫོང་གི་ངོ་སྤྲོད་དབྱིན་ཡིག་ཏུ་བྲིས་པའི་ལྕགས་ཀྱི་བྱང་བུ་ཞིག་བསླངས་པའི་སྟེང་བཙན་རྫོང་འདི་ཆུ་བོ་མ་ཇཱ་ཧི་(Majhi)དང་བྷན་གྷན་གཱ(Ban Ganga) གཉིས་ཀྱི་བར་དུ་ཡོད་ཚུལ་གསལ།

སྐྱེད་ཚལ་དེ་དང་འགྲེམས་སྟོན་ཁང་གཉིས་བསྐྱུར་ཏེ་མུ་མཐུད་དུ་གོམ་པ་འགར་སོང་ན་གཞི་ནས་བཙན་རྫོང་གི་སྒོ་མོ་ཆེ་ལ་ཐུག  སྒོ་ཆེན་གཡོན་ཕྱོགས་ཀྱི་རྡོའི་སྟེགས་བུ་ཞིག་ཏུ་སྒོ་ཆེན་འདིའི་མིང་ལ་རན་ཇི་སིན་སྒོ་ཆེན་(Ranjitsingn  Gate)ཞེས་ཧིན་དྷི་དང་དབྱིན་ཡིག་ཤན་སྦྱར་གྱིས་བྲིས་འདུག  རན་ཇི་སིན་ཞེས་པ་ནི་གོང་དུ་བརྗོད་པའི་སིག་རྒྱལ་ཕྲན་གྱི་རྒྱལ་བོ་ཆེན་པོ་རན་ཇི་སིན་ཞེས་པ་དེའི་མིང་ཡིན་པས།  འདིར་བཙན་རྫོང་གི་སྒོ་མོ་ཆེའི་མིང་དུ་འདོགས་དོན་ཅི་ཡིན་མ་ངེས།

(ཀཱང་ར་བཙན་རྫོང་གི་ཕྱིའི་སྒོ་མོ་ཆེ།)

དེ་ལྟར་སྒོ་ཆེན་བརྟོལ་ཏེ་རིམ་པ་མི་འདྲ་བའི་རྡོ་ཡི་སྐས་དང་།  སྒོ་ཆེ་ཆུང་དྲུག་བརྒྱུད་པ་ན་ད་གཟོད་བཙན་རྫོང་འདིའི་རི་རྩེར་སླེབས།  རི་རྩེར་མ་སླེབས་ཙམ་གྱི་བར་དེར་ཧིན་དྷུའི་ལྷ་ཁང་ཆུང་ཆུང་ཞིག་འདུག་ལ།  དེའི་སྒོ་འགྲམ་དུ་རྡོ་ཡི་སྟེང་ལ་དཔར་བའམ་བརྐོས་པ་གང་ཡིན་མ་ངེས་པའི་ཞབས་རྗེས་ཆ་གཅིག་ཀྱང་མཆིས།  བཙན་རྫོང་འདིའི་ཤུལ་ན་གནའ་བོའི་རྡོ་བརྐོས་རི་མོ་འགའ་རེ་སྐབས་སྐབས་སུ་ལྷག་ཡོད་པ་ལས།  གཞན་དམིགས་བསལ་མཇལ་ས་དང་བལྟ་ས་གཞན་མེད་མོད།  ལོ་རྒྱུས་རང་བཞིན་ཅན་གྱི་བཙན་རྫོང་འདིར་ལྟ་སྐོར་དུ་ཡོང་བའི་ཕྱི་གླིང་བ་དང་རྒྱ་གར་བ་སོགས་རྒྱུན་མ་ཆད་པར་ཡོང་གིན་འདུག

(བཙན་རྫོང་གི་དབུས་སུ་ལྷག་པའི་གནའ་བོའི་རྡོ་བརྐོས་ཀྱི་ཟུར་ཞིག)

བཙན་རྫོང་འདིའི་རྩེར་བུད་དེ་ཕྱོགས་གཡས་གཡོན་དུ་བལྟས་ཚེ་འབྲེལ་ཡོད་ངོ་སྤྲོད་དུ་སྔར་བཙན་རྫོང་འདི་ཆུ་བོ་བྷན་གཱན་གཱ(Ban Ganga)དང་།  མ་ཇཱ་ཧི་(Majhi)གཉིས་ཀྱི་བར་རམ་འདུས་མདོ་རུ་ཡོད་ཚུལ་ལ་ངེས་ཤེས་གཞི་ནས་རྙེད་ལ།  ད་ལྟར་ཆུ་བོ་ཆེན་པོ་དེ་འདྲ་ཞིག་མཐོང་དུ་མེད་ནའང་།  བཙན་རྫོང་གི་མཐའ་གཡས་གཡོན་གྱི་རྔམ་ཞིང་བརྗིད་པའི་གྲོག་རོང་ལ་དཔག་ན་སྔར་ཆུ་བོ་དེ་གཉིས་ཆུང་ཆུང་ཞིག་མིན་པའང་ངང་གིས་ཚོར།  དེ་ལྟར་ཕྱོགས་ཕྱོགས་སུ་ཡར་ལྟ་མར་ལྟ་རེ་བྱས་རྗེས་སྡོང་བོ་ཞིག་གི་གྲིབ་བསིལ་འོག་ཏུ་ཉིན་གུང་ཟ་མ་ཟ་བཞིན་ངལ་གསོས།  ཉིན་འདིར་སིག་ཆོས་ལུགས་པའི་རྒྱ་གར་བ་འགྲོ་འོང་བྱེད་པ་མང་ཞིང་།  འགའ་རེས་མཉམ་དུ་འདྲ་པར་རྒྱག་ཆོག་པའི་རེ་བ་བཏོན་པ་ལྟར།   དེ་དག་སུ་ལའང་ཀ་ཀོར་མེད་པར་དང་ལེན་བྱས་པ་ཡིན།

(བཙན་རྫོང་ནང་གི་སྒོ་དང་རྡོ་སྐས་རིང་མོ།)

དེ་ལྟར་ངལ་གསོ་ཞོར་དང་འདྲ་པར་རྒྱག་ཞོར་གྱིས་རྡོ་ཡི་ཐེམ་པ་རེ་རེ་བཞིན་བརྒལ་ཅིང་།  བཙན་རྫོང་འདིའི་ཕྱིའི་རྔམ་བརྗིད་ཀྱི་ལྕགས་རི་དང་།  གནའ་བོའི་རྒྱ་གར་བའི་རྡོ་བརྐོས་ལག་རྩལ།   ཀཱང་རའི་རྒྱལ་བོའི་རང་སྲུང་གི་ཐབས་ཇུས་དང་།  ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་གནའ་ཡི་མི་བོའི་སྙིང་རུས་བཅས་ལ་ངོ་མཚར་སྐྱེ་བཞིན་ཕྱིར་ལོག་པ་ཡིན་ལ།  ཕྱིར་ལོག་ཁར་བཙན་རྫོང་གི་སྒོ་ཆེན་ཕྱི་ཡི་ར་སྐོར་དུ་ཡོད་པའི་འགྲེམས་སྟོན་ཁང་དུ་ཕྱིན།

(འགྲེམས་སྟོན་ཁང་ཡོད་སའི་སྐྱེད་ཚལ་ནས་བཙན་རྫོང་གི་བརྗིད་ཉམས་ལ་ལྟ་བ།)

དེར་དུས་རབས་དགུ་བ་ནས་བཅུ་བཞི་བར་དུ་ཡིན་པར་གསལ་བའི་རྡོ་སྐུའི་ཆག་གྲུམ་རེ་འགའ་དང་།  རི་མོ་དང་ཡི་གེ་སོགས་འཁོད་པའི་རྡོ་བའི་བརྐོས་རིས་དུ་མ།  གཞན་ཡང་།  བཙན་རྫོང་གི་ཕྱི་ཡི་བཀོད་པ་དང་།  རྒྱལ་བོ་ཧ་རི་ཅན་ཌི་ཀཱ་ཊོ་ཆི་ཡི་པར་རིས་བྲིས་མ་འགའ་བཅས་ལས་གཞན་ཡིད་དབང་འཕྲོག་པའི་གནའ་བོའི་དངོས་རྫས་གཞན་གང་ཡང་མི་སྣང་ངོ་།།

 

༤ ཕྱིར་ལོག་པ།

ཉི་མ་ཕྱི་དྲོར་སླེབས་པ་དང་བཙན་རྫོང་གི་ར་བ་ནས་ཕྱི་རུ་བུད་ཅིང་།  རྐང་གསུམ་གླ་འཁོར་ཞིག་ལ་ཧིན་སྒོར་༡༢༠ བྱིན་ཏེ་ཀཱང་ར་རྫོང་ལ་ལོག   དེ་ནས་ཚུར་ལམ་བཞིན་གླ་འཁོར་ཆུང་བ་ཞིག་ལ་ཧིན་སྒོར་ ༥༠༠ སྤྲད་དེ་སླར་དྷརྨ་ཤཱ་ལར་ཆས་པ་ཡིན་ནོ།།

 

༢༠༡༨ ལོའི་ཟླ་ ༣ ཚེས་ ༢༩ དགོང་མོར་མ་ཟིན་བཏབ།

༢༠༡༨ ལོའི་ཟླ་ ༤ ཚེས་ ༢ དགོང་མོར་ལྡི་ལི་ནས་རྫོགས་པར་བྲིས།


[མཆན་དང་རྟེན་ཁུངས།]

[1] ༸རྒྱལ་མཆོག་ཐམས་ཅད་མཁྱེན་པས་མཛད་པའི་<<ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་ཆེད་བརྗོད་དུ།  ཀཱཾགཌཱ་ཞེས་བྲིས་འདུག་ལ།  སློབ་དཔོན་སེམས་དཔའ་རྡོ་རྗེས་མཛད་པའི་<<རྒྱ་གར་ནང་བའི་གནས་ཆེན་ཁག་དང་རྒྱུད་སྡེ་ལས་བྱུང་བའི་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་ཀྱི་བྱུང་བ་མདོར་བསྡུ་>>ཞེས་པར་ཡང་།  ཀཱཾགཊ་དང་ཀཱངྒཌ་ཞེས་ཧིན་བོད་ཤན་སྦྱར་དུ་བྲིས་འདུག ད་སྐབས་ཀཱང་ར་ཞེས་བྲིས་པ་ནི་དབྱིན་ཡིག་ཏུ་ Kangra ཞེས་བྲིས་པའི་སྒྲ་གདངས་དང་སྒོ་བསྟུན་པར་སྙམ་སྟེ་དཔྱད།

[2] དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་<<རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག>>  བོད་ཀྱི་དཔེ་མཛོད་ཁང་།  ཕྱི་ལོ་ ༢༠༡༡ ལོར་དཔར།  ཤོག་ངོས། P.80 ན་གསལ།

[3] བུ་སྟོན་རིན་ཆེན་དཔལ་གྱིས་མཛད་པའི་<<བདེ་མཆོག་སྤྱི་རྣམ་དོན་གསལ་ཞེས་བྱ་བ།>> (ཤིང་པར།)  ཞོལ་པར་མའི་གསུང་འབུམ་པོད་ཆ་པ།  ལྡེབ་གྲངས། ༢༨ ཉིན་ངོས། ཐིག་ཕྲེང་། དང་བོ་ན་གསལ།

[4] དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་<<རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག>>  བོད་ཀྱི་དཔེ་མཛོད་ཁང་།  ཕྱི་ལོ་ ༢༠༡༡ ལོར་དཔར།  ཤོག་ངོས། P.80 ན་གསལ།

[5] སློབ་དཔོན་སེམས་དཔའ་རྡོ་རྗེས་མཛད། <<རྒྱ་གར་ནང་བའི་གནས་ཆེན་ཁག་དང་རྒྱུད་སྡེ་ལས་བྱུང་བའི་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་ཀྱི་བྱུང་བ་མདོར་བསྡུ་བཞུགས་སོ།།>>ཞེས་བྱ་བའི་ཤོག་ངོས། (P.125)  ལས།  “གནས་འདིར་མཇལ་རྒྱུའི་རྟེན་གཙོ་ནི། ཀཱཾགཊམནྡིར་ལྷ་ཁང་ནང་ན་ཡོད་པའི་མགོ་ལྟ་བུའི་ལིངྒ་དེ་ཡིན། ས་གནས་ཁག་གི་མི་རྣམས་ལྷ་ཁང་དེ་ལ་ཝཇྲི་ཤྭརི་མནྡིར་ཟེར།” ཞེས་གསལ།  ཤྲཱིདིཝཱཀར་དཔེ་སྐྲུན་ཁང་།  ༢༠༡༧ ལོར་དཔར།

[6] ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། དཔེ་བསྡུར་མ།  པོད་༣༤ པ། ཤོག་ངོས། (P.213) ན།   “རྣམས་རྒྱ་ནགས་ཀྱི་གཙུག་ལག་ཁང་”ཞེས་གསལ།

[7] ༸རྒྱལ་མཆོག་ཐམས་ཅད་མཁྱེན་པས་<<ནང་བའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་>>ཀྱི་ཆེད་བརྗོད་དུ་བསྩལ་པའི་ལྗགས་རྩོམ་དེར།  “དེང་རབས་ཀྱི་མཁས་པ་འགས་རྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ཞེས་པ་ད་ལྟ་རང་རེའི་གནས་ཡུལ་ཀཱཾགཌཱའི་རྫོང་ཁོངས་འདིའི་ས་ཁུལ་ཞིག་ཏུ་ཡོད་སྲིད་པར་བཞེད་པའང་ཡོད་”ཅེས་གསལ།

[8] སྨིན་གླིང་ཨོ་རྒྱན་ཆོས་ཀྱི་གྲགས་པས་མཛད་པའི་<<ཆོས་འབྱུང་བསྟན་པའི་ཉི་མ་>>དང་།   ཇོ་ནང་ཏཱ་ར་ནཱ་ཐའི་གསུང་<<རྒྱ་གར་ཆོས་འབྱུང་>>  <<དཔལ་ལྡན་ཤངས་པའི་ཆོས་སྐོར་གྱི་འབྱུང་ཁུངས་ཡིད་ཀྱི་མུན་སེལ་>>ཞེས་པ་བཅས་སུ་གསལ།


[གསལ་བཤད།]    གོང་གི་ཀཱང་ར་བཙན་རྫོང་གི་ལོ་རྒྱུས་དེ་ནི་ཝེ་ཀེ་རིག་མཛོད་https://en.wikipedia.org/wiki/Kangra_Fort དྲ་བའི་ངོ་སྤྲོད་ལྟར་སྙིང་བསྡུས་སུ་བྲིས་པ་ཡིན་ལ།  བུད་མེད་རྩོམ་པ་བོ་རྔ་བཟའ་བདེ་པོ་འཚོ་ལགས་ཀྱིས་ཁོ་བོར་དབྱིན་བསྒྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།