དང་པོ། རྣམ་ཐར་མཛད་མཁན་ངོ་སྤྲོད།

རྣམ་ཐར་འདི་ཉིད་ཀྱི་རྩོམ་པ་པོ་ནི་དཔལ་ཡེ་ཤེས་ཞུ་བ་དེ་ཉིད་ཡིན་ཅིང་། འདི་ཉིད་ཀྱི་རྣམ་ཐར་སོགས་ནི་ད་ཕན་ལག་ཏུ་མ་ཐོབ་ཅིང་། ལོ་ཆེན་དང་ཁོང་གཉིས་ཀྱི་འབྲེལ་བ་ཅི་ཡིན་སོགས་ཀྱི་ཐད་དུ་ཡང་གསལ་ཁ་མ་ངེས་མོད། རྣམ་ཐར་རང་དུ་བླ་མ་ལོ་ཙཱ་བ་ཞེས་དང་བླ་མ་དེ་ཉིད་ཀྱི་བཀའ་དྲིན་དྲན་ཕྱིར་ཞེས་དང་། ༡<<མདོ་སྨད་ཆོས་འབྱུང>> དུ་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་དེའི་སློབ་མ་མངའ་རིས་ཁྲི་སྟེང་བ་ཤྲཱི་ཛྙཱ་ནས་བཀོད་པ་དང་། “ཞེས་སོགས་འབྱུང་བ་ལ་དཔགས་ན། རྣམ་ཐར་འབྲི་བ་བོ་གང་ལོ་ཆེན་དང་དཔོན་སློབ་ཀྱི་འབྲེལ་བ་ཡོད་པ་ཞིག་ཡིན་པ་ཤེས་ཐུབ་པོ། རྩོམ་པ་པོའི་མིང་གི་འབྲི་སྟངས་སོགས་ཀྱི་ཐད་དུ་རྣམ་ཐར་རང་དུ་གུ་གེའི་ཁྱི་དང་བ་དཔལ་ཡེ་ཤེས་ཞེས་དང་གུ་གེའི་ཁྱི་དང་བ་གཉའ་ན་ཤི་རི་ཞེས་འབྱུང་ཞིང་།༢ <<དེབ་ཐེར་སྔོན་པོོ>> རུ། “ཁྲི་ཐང་ཛྙ་ནས་བཀོད་པའི་རྣམ་པར་ཐར་པ་ན་འདུག”ཅེས་བྱུང་། << མདོ་སྨད་ཆོས་འབྱུང>> དུ་ཁྲི་སྟེང་བ་ཤྲཱི་ཛྙཱ་ན་ཞེས་འབྱུང་། ཁྱི་དང་དང་ཁྲི་ཐང་། ཁྱི་སྟེང་ཞེས་ཁྲི་དང་ཁྱི་གཉིས་རེས་མོས་ཀྱིས་བྲིས་པ་ནི་ཡུལ་སྐད་ཀྱི་ཤན་ཤོར་བ་ཡིན་ངེས་ཏེ། སྔོན་ཚེ་དབུ་རུ་དང་ལ་སྟོད་སོགས་དབུས་གཙང་གི་ཡུལ་རྣམས་ལ་ཡང་ར་བཏགས་ཡ་བཏགས་བརྗེས་ཏེ་སྤྱོད་སྲོལ་ཡོད་པར་བཅོམ་ལྡན་རིག་རལ་གྱིས་གསུངས་ཡོད་པས། ཁྲི་དང་ཁྱི་བརྗེས་ཏེ་བརྗོད་ཡོད་པ་ཡང་རྒྱུ་མཚན་དེ་ག་ལ་ཐུག་ཡོད་དམ་སྙམ། ཁོང་གི་མཚན་དངོས་ལ་རྣམ་ཐར་རང་དུ་དཔལ་ཡེ་ཤེས་དང་གཉའ་ན་ཤི་རི་ཞེས་འབྱུང་ཞིང་། དེབ་སྔོན་དུ་ཛྙཱ་ན་ཞེས་བྱུང་། མདོ་སྨད་ཆོས་འབྱུང་དུ་ཤྲཱི་ཛྙཱ་ན་ཞེས་བྱུང་། དེ་ཡང་ཛྙཱ་ན་ནི་ཡེ་ཤེས་ཀྱི་དོན་ཡིན་ཞིང་། ཤྲཱི་ནི་དཔལ་གྱི་དོན་ཡིན། དེས་ན་ཁོང་གི་མཚན་ལ་ཡེ་ཤེས་དཔལ་ཞེས་ཀྱང་ཟེར་ལ་དང་དཔལ་ཡེ་ཤེས་ཞེས་ཀྱང་བརྗོད་པ་ཡིན་པར་འདུག་གོ

གཉིས་པ། བརྡ་སྤྲོད་ཀྱི་ཁྱད་ཆོས་བཤད་པ།

རྣམ་ཐར་གྱི་ཡི་གེའི་ཐོབ་ཐང་སོགས་སུམ་ཅུ་བའི་དགོངས་པ་ཇི་བཞིན་བྱུང་མེད་དེ། རྣམ་ཐར་གྱི་ངོས་༣༥བར། ཁ་ཆར་ཀྱི་གཙུག་ལག་ཁང་བཞེངས་སུ་གསོལ་བ་དང་། ཞེས་དང་། ངོས།༤༣པར། ཁོང་རྒྱ་དཀར་གི་གྲུབ་ཐོབ་མི་ཆེན་གཅིག་ཡིན། ཞེས་དང་། ཡང་ངོས༤༣པར། བར་ཁང་དུ་ཀྱེས་རྡོར་གི་ལྷ་ཚོགས་སྟེ། ཞེས་དང་། ངོས།༤༤བར། བདེ་མཆོག་ལྷན་སྐྱེས། སྒྲོལ་མ་ཨ་བྷི་ཏ་ར། ཇོ་བོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་གསུམ་གི་དབང་སྐུར། ཞེས་སོགས་བརྡ་སྤྲོད་དང་མི་མཐུན་པའི་འབྲི་སྟངས་ཧ་ཅང་མང་པོ་བྱུང་ཡོད་ལ།
རྣམ་ཐར་དུ་ཡིག་ནོར་ཀྱང་ཧ་ཅང་མང་སྟེ། དཔེར་ན། གཅེན་གཅུང་ལ་ཅེན་ཅུང་དང ། ཡོན་ཏན་་ལ་ཡོན་སྟན ། ཨུ་རྒྱན་ལ་དབུ་རྒྱན། མནལ་ལམ་ལ་སྣལ་ལམ། ཅོད་པན་ལ་བཅོད་དཔན། ན་བཟའ་ལ་ནམ་བཟའ། རྨི་ལམ་ལ་སྨི་ལམ། ཕྱག་བརྡ་ལ་ཕྱག་བདའ། བན་དེ་ལ་བན་སྡེ་ཞེས་སོགས་མང་པོ་བྱུང་ཡོད་ལ། ཡི་གེ་བསྡུ་སྟངས་ལ་ཏུན་ཧོང་གཏེར་ཡིག་ལྟ་བུར་ཕྲད་དེ་ལ་ཕྲདེ་དང་། དགོས་སོ་ལ་དགོསོ། མཛད་དོ་ལ་མཛདོ། ཞུས་སོ་ལ་ཞུསོ་སོགས་བྱུང་ཡོད་པས་བརྡ་རྙིང་གི་ཁྱད་ཆོས་མང་དུ་སྣང་ངོ།

གསུམ་པ། ལོ་ཆེན་གྱི་འཁྲུངས་ཡུལ་དང་མཚན་སོགས་བཤད་པ།

ལོ་ཆེན་སྐུ་འཁྲུངས་སའི་ཡུལ་ནི་རྣམ་ཐར་དུ་གསལ་བོར་མ་གསུངས་ཀྱང་། “བླ་མ་དམ་པ་དེའི་བཞུགས་ཡུལ་རྩ་བ་ནི། གུ་གེ་ཁ་ཙེ་འི་ལྷ་ལུང་ཡིན།” ཞེས་བྱུང་བ་ལ་དཔགས་ན་ཁོང་གི་འཁྲུངས་ཡུལ་ནི་གནས་དེ་ཉིད་ཡིན་པར་ངེས་སོ། ཡབ་དང་ཡུམ་ནི་རྣམ་ཐར་གྱི་ངོས༢༦པར། “ཡབ་བན་ཆེན་པོ་གཞོན་ནུ་དབང་ཕྱུག་ཅེས་བྱ་བ། ཡུམ་ཅོག་རོ་ཟ་ཀུན་བཟང་ཤེས་རབ་བསྟན་མ་ཞེས་བྱའོ། དེ་ལས་སྲས་ལྕམ་སྲིང་བཞི་འཁྲུངས་ཏེ། ཅེན་ཤེས་རབ་དབང་ཕྱུག་ གུང་རིན་ཆེན་དབང་ཕྱུག ཅུང་ཡོན་སྟན་དབང་ཕྱུག ལྕམ་མོ་ནི་ཀུན་སྲིན་ཤེས་མཚོ་ཞེས་བྱའོ། བླ་མ་ལོ་ཚ་བ་ནི་གུང་རིན་ཅེན་དབང་ཕྱུག་གོ ” ཞེས་ཡབ་ཡུམ་དང་ལྕམ་སྲིང་སོགས་གསལ་བོར་གསུངས་ཡོད་དོ། ཁོང་གི་མཚན་ཇི་ལྟར་ལུང་བསྟན་ཡོད་པ་ནི་རྣམ་ཐར་གྱི་འགོ་རུ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཚིག་བཅད་ཅིག་སྟེ། “ང་ནི་མྱ་ངན་འདས་འོག་ཏུ།། ལོ་ནི་ལྔ་བརྒྱ་ཕྲག་བདུན་ནས།། དགེ་སློང་བྱའི་གདོང་ཅན་འབྱུང་།། ངའི་བསྟན་པ་རྒྱས་པར་བྱེད།། ཅེས་པ་བཀོད་ནས་དགེ་སློང་བྱ་ཡི་གདོང་བ་ཅན་ཞེས་པ་་ལོ་ཆེན་ཡིན་པར་བསྟན། རྒྱལ་བོ་སྲོང་བཙན་སྒམ་པོས་མཛད་པར་གྲགས་པའི་༣ <<བཀའ་ཆེམས་ཀ་ཁོལ་མ>>རུ་ཡང་། ” དེའི་དུས་ནུབ་ཕྱོགས་དག་ཏུ་སྐུ་འཁྲུངས་པའི། །དགེ་སློང་བྱ་ཡི་གདོང་བ་ཅན་ཞིག་འབྱུང༌། །བྱང་ཆུབ་སེམས་ལྡན་བློ་གྲོས་བསྒྲུབ་པ་ལྡན། །ཤཱཀ་ཐུབ་འདི་ལ་བསྙེན་བཀུར་མཆོད་མང་བྱེད། །”ཞེས་ལོ་ཆེན་ལུང་བསྟན་ཅིང་མཚན་ལ་དགེ་སློང་བྱ་ཡི་གདོང་བ་ཅན་ཞེས་བྱུང་ཡོད་དོ། རྣམ་ཐར་རང་དུ་ཡ་མཚན་པའི་ཚིག་ཅིག་ལ། གང་ཉིད་སྐུ་མ་བལྟམས་པའི་གོང་རོལ་དུ་ཡུམ་གྱི་ཕྲག་པ་དང་སྤྱི་གཙུག་སོགས་ལ་བྱ་ཁྱུང་དང་རྨ་བྱ་ནེ་ཙོ་ཁུ་བྱུག་སོགས་ཀྱིས་གཙོས་པའི་བྱ་མང་པོ་བབས་པར་བཤད། དེས་ན། བྱ་དེ་དག་དང་ཁོང་ཉིད་ཀྱི་གདོང་བ་བྱ་དང་འདྲ་བ་སོགས་ཀྱི་བར་དུ་ཡང་འབྲེལ་བ་ངེས་ཅན་ཞིག་ཨེ་ཡོད་སྙམ།

བཞི་བ། ལོ་ཆུང་ལེགས་པའི་ཤེས་རབ་དང་ཁོང་གཉིས་བར་གྱི་འབྲེལ་བ་སོགས་བཤད་པ།

རྣམ་ཐར་དུ་ལོ་ཆུང་ལེགས་པའི་ཤེས་རབ་ནི་ལོ་ཆེན་གྱི་ཕའི་སྤུན་གུང་བློན་ཆེན་པོ་སྟག་སྒྲའི་བུ་རུ་འཁྲུངས་པར་བཤད་པས། ལོ་ཆེན་དང་ལོ་ཆུང་གཉིས་ཕ་སྤུན་ཡིན་པར་འདུག་གོ དགུང་ལོ་བཅུ་བདུན་བཞེས་ཙ་ན་མཁའ་འགྲོ་མས་ལུང་བསྟན་ལྟར་ཁ་ཆེར་བྱོན་ཏེ། པཎྜི་ཏ་ཆེན་པོ་”ད་ཀ་ར་བར་མ་”ཞེས་པ་བླ་མར་བསྟེན་ཏེ་ཡོ་གའི་སྒྲུབ་ཐབས་སོགས་ཞུས་པར་གསུང་ལ། གཞན། རྨི་ལམ་དུ་བོད་ཀྱི་མི་ཞིག་གིས་ལུང་བསྟན་པ་ལྟར། རྒྱ་གར་དུ་སོང་ནས་”ནཱ་རོ་བ་”བླ་མར་བསྟེན་ཏེ་ཆོས་ཞུས་པར་བཤད། དེ་ནས་སླར་ཡང་ཁ་ཆེར་བྱོན་ཞིང་། དེ་ནས་ཡང་བསྐྱར་རྒྱ་གར་དུ་བྱོན། མཐར་བོད་དུ་བྱོན་དུས་ཡབ་ཆེན་གཤེགས་ནས་ལོ་གཅིག་འཁོར་བར་གསུང ་། རྗེས་སུ་ཁོང་ཉིད་སླར་ཁ་ཆེར་གཤེགས་ཤིང་། ཡབ་ཀྱི་སྐུ་རྟེན་ཅིག་ཁ་ཆེ་ནས་བཞེངས་ཤིང་། སླར་ལོག་དུས་བོད་དུ་ཁྱེར་འོང་ཞིང་ཁ་རྩེ་གོ་ཁར་ཞེས་པ་ན་བཞུགས་པར་གསུང་།

ལྔ་བ། ལོ་ཙཱ་བ་དང་ཇོ་བོ་རྗེའི་བར་གྱི་འབྲེལ་བ་བཤད་པ།

རྣམ་ཐར་རང་དུ། ལོ་ཆེན་གྱིས་ཇོ་བོ་རྗེ་བླ་མར་བསྟེན་པའི་ཚུལ་ཀྱང་ཅུང་ཟད་བྱུང་། ཇོ་བོས་མ་ཧཱ་ལོ་ཙ་བ་ཁྱེད་ཀྱིས་ཁོ་བོའི་ལོ་ཙཱ་བྱེད་དགོས་གསུང་ཙ་ན། བདག་ལོ་རྒས་ཏེ་བརྒྱད་ཅུ་གྱ་བརྒྱད་དུ་སླེབས་པས་མི་ནུས་པར་གསུངས་ཤིང་། དེ་ལ་ཇོ་བོ་ཡང་ཐུགས་མུག་ཚུལ་གསུངས།

དྲུག་པ། ལྷ་བླ་མ་ཇི་ལྟར་སྐུ་གཤེགས་པའི་སྐོར་བཤད་པ།

སྤྱིར་སྔོན་གྱི་ལོ་རྒྱུས་མང་པོ་སྟེ། <<རྒྱལ་རབས་གསལ་བའི་མེ་ལོང>>དང་<<དེབ་ཐེར་དམར་པོ>><<དེབ་ཐེར་སྔོན་པོ>>སོགས་སུ་ལྷ་བླ་མ་ནི་གར་ལོག་གིས་བཀྲོངས་པར་གསུངས་ཡོད་པས། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་མང་པོས་ཀྱང་ལུགས་དེ་འབའ་ཞིག་དག་པར་འཛིན་མོད། <<ཁྲི་ཐང་བས་མཛད་པའི་ལོ་ཆེན་གྱི་རྣམ་ཐར>>འདི་རུ། “ལྷ་བླ་མ་ཡེ་ཤེས་འོད་སྙུང་བ་སན་ནས་མྱུར་དུ་ཞལ་འཇལ་དུ་བྱོན་པས་གཉུང་གཞི་དྲག་པོས་ཟིན་ནས་ཞལ་མ་མཇལ་ལོ། གདུང་མཆོད་དང་ངན་སོང་སྦྱོང་བ་ལ་སོགས་པ་ནི་བླ་མ་ལོ་ཚ་བ་ཆེན་པོས་མཛད་དོ།”ཞེས་འབྱུང་ཞིང་། དེ་མིན་<<རྒྱལ་རབས་ཉི་རིགས་མ>>དང་<<ལྷ་བླ་མའི་རྣམ་ཐར་རྒྱས་པ>>སོགས་ན་ཡང་ལྷ་བླ་མ་གར་ལོག་གིས་བཀྲོངས་པའི་སྐོར་ཚིག་གཅིག་ཀྱང་བྱུང་མེད་དོ།

བདུན་པ། སྐུ་གཤེགས་དུས་དགུང་ལོ་ག་ཚོད་ཡིན་པ་དང་གཤེགས་སའི་ཡུལ།

མཐར་དགུང་ལོ་དགུང་ལོ་གོ་བརྒྱད་བཞེས་པའི་སྟེང་དུ་ཁ་ཙེ་རེ་ཝིང་གོ་རུ་སྐུ་གཤེགས་ཤིང་། གདུང་སྦྱངས་བ་ལས་སྐུ་གདུང་གི་དངོས་པོ་ཡུངས་འབྲུ་ཙམ་ཡང་མ་བྱུང་བར་བཤད། ༤<<དེབ་སྔོན>>དུ་གདུང་གཏན་མ་བྱུང་བས་མཁའ་སྤྱོད་དུ་གཤེགས་”ཞེས་གྲགས་ཞེས་གསུངས། ཞང་ཞུང་བས་བྱས་པའི་ལོ་ཆེན་གྱི་རྣམ་ཐར་ཚིག་བཅད་དུ་གཤེགས་སའི་ཡུལ་གྱི་ཐད་དུ་ཡང་མང་པོ་ཞིག་དྲངས་མོད། དོན་དུ་རྣམ་ཐར་རང་དུ་བསྟན་པ་ལྟར་སྣང་ཚུལ་མི་འདྲ་བ་བསྟན་པ་ཙམ་དུ་ཟད་པར་སྣང་།

༢༠༡༨ལོའི་སྤྱི་ཟླ་༤བའི་ཚེས་༣ཉིན་རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས་བྲིས་པ་དགེ་འོ།

མཆན
ཁོ་བོས་བཤད་པའི་<<<ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་ཤེལ་ཕྲེང་ལུ་གུ་རྒྱུད>>ཅེས་པ་ནི་༢༠༡༣ལོའི་ཟླ་༦པར་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ནས་པར་དུ་བསྐྲུན་པའི་<<དཔེ་རྒྱུན་དཀོན་པོའི་རྣམ་ཐར་ཕྱོགས་བསྒྲིགས་དམ་པའི་བཤུལ་ལམ>>ཞེས་པ་རུ་བཞུགས་པ་དེ་ཡིན་ནོ།

ལུང་ཁུངས།
༡<<མདོ་སྨད་ཆོས་འབྱུང>> ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢•༣པར་དཔར། ཤོག་ངོས༩བ།
༢དང་༤<< དེབ་ཐེར་སྔོན་པོ>> སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥•༥བར་དཔར། ཤོག་ངོས་༩༤བ།
༣ <<བཀའ་ཆེམས་ཀ་ཁོལ་མ>>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥•༩བར་དཔར། ཤོག་ངོས། ༡༨༠