ཆོས་པ་ཞེས་པའི་ཐ་སྙད་འདི་སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་ཁ་མ་ཎི་དང་ལག་འཁོར་ལོ་བྱེད་མཁན་ཚང་མར་འདྲ་མཉམ་ལ་ཐོབ་པའི་མིང་ཞིག་ཡིན་ན་ཆོག་མོད། སྒྲ་དོག་འཇུག་གིས་བཤད་ན་ནང་ཆོས་ཀྱི་རྩ་བའི་ལྟ་སྒོམ་གྱི་རིམ་པ་དག་ལ་གོ་མྱོང་རོབ་ཙམ་ཐོབ་ཅིང་ལག་ལེན་ཨེན་ཙམ་ཐུབ་པའི་རིགས་ཅན་ཁོ་ནར་དབང་བའི་མིང་ཚིག་ཅིག་ཡིན། འཕགས་པ་དང་གྲུབ་ཐོབ་ལ་སོགས་པའི་ཚད་གཞིའམ་མིང་དེ་དག་ནི་དེ་བས་ཀྱང་གལ་འགང་དང་རིན་ཐང་ཆེ་བས་སུ་ཡིན་ཡིན་གྱིས་བེད་སྤྱོད་དུ་མེད་པའི་མིང་ཞིག་ཡིན་པ་ནི་སྨོས་ཅི་དགོས།

འོན་ཀྱང་དེང་གི་དུས་འདིར་རིན་པོ་ཆེ་དང་འཕགས་པ། དམ་པའི་སྐྱེས་བུ་ལ་སོགས་པའི་ཐ་སྙད་ཅན་ནི་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་ཧ་ཅང་མང་བའི་ཚོད་དུ་སླེབས་ནས་ཡོད་པས་མིང་ནས་བོས་པ་ལྟར་དུ་དོན་ལ་གནས་ན་ནི་དེང་གི་དུས་འདི་རྫོགས་ལྡན་ལས་ཀྱང་ཡང་ལྡན་གྱི་ཚོད་དུ་མིན་ནམ་སྙམ་པར་བྱེད། འོན་ཀྱང་རིན་པོ་ཆེ་དང་དམ་པ་ལ་སོགས་པའི་མིང་གིས་བསྙད་པ་དེ་དག་ནི་དོན་ངོ་མར་དུད་སྨུག་དང་ས་འདམ་ལ་སོགས་པ་གཞན་གྱིས་མི་མངོན་པའི་གནས་དག་ལས་གཏེར་བཞེས་པར་སྐད་པའི་འཆལ་བའི་སྤྱོད་པ་ཅན་དང་། སྟོང་ཉིད་དང་སྤྲོས་བྲལ་ལ་སོགས་པའི་ཟབ་མོའི་ཐ་སྙད་མང་པོ་ཞིག་དང་སློབ་གསོ་དང་ཆོས་དོན་འགའ་རེ་རྣམས་ཡིག་ངག་གང་རུང་གི་ལམ་ནས་འུར་ཤེས་པའི་ཁ་ཆོས་ཅན་ཏེ། རང་དོན་ལ་འཕྲད་ཚེ་གཞན་ལ་ཇི་མི་སྙམ་པར་བརྙས་ཤིང་སྡིགས་ཏེ་འཇོམས་པར་སྤོབས་པའི་ཆབ་སྲིད་པ་བྱང་ཚད་ཅན་ཤ་སྟག་ཏུ་ཡོད།

རིགས་དང་པོ་དེ་ནི་རྟོགས་པར་སླ་མོད་མི་འགའ་རེས་ནི་སྤྲོས་བྲལ་ལ་སོགས་པའི་བློ་འདས་ཀྱི་ཐ་སྙད་མང་པོ་ཞིག་མགུར་དུ་སྡེབས་ཤིང་ཚིག་ཏུ་བསྟར་བ་འདི་ཁོ་ནས་གང་ཟག་དེ་དང་དེ་དག་ནི་ས་ལམ་གྱི་རིམ་པ་མཐོན་པོར་སོན་པ་ཤ་སྟག་ཏུ་འཁྲུལ་ཏེ་ཤིན་ཏུ་བསྟོད་ཅིང་རབ་ཏུ་བཀུར་བར་བྱེད་པ་ལས་དེ་དག་གི་ཕྱི་ནང་ལ་ཕྱིར་རྟོག་ཙམ་ཡང་མི་བྱེད། འོན་ཀྱང་གཟུ་བོའི་བློ་དང་ཤེས་རབ་ཀྱི་མིག་སྤྱད་དེ་བལྟས་ན་དེ་དག་ཕལ་མོ་ཆེ་ཞིག་ནི་རང་ཆེ་དང་རང་འབྱོར་གྱི་ཆེད་དུ་ཉིན་མཚན་མེད་པར་འཁྲབ་སྟོན་ཁོ་ནར་བརྩོན་བཞིན་པའི་རིགས་ཅན་དུ་ངེས། དེ་བས་ངས་ནི་རྒྱུ་མཚན་དེ་ཁོ་ནས་ཁོང་ཅག་ནི་འཁྲབ་སྟོན་ལ་བྱང་བའི་ཆབ་སྲིད་པ་ཚད་ལྡན་ཞིག་ཏུ་ངོས་འཛིན་གྱིན་ཡོད།

སྔོན་ཆད་བྱོན་ཟིན་གྱི་མེས་པོ་རྣམ་དཔྱོད་ཅན་ནམ་སྐྱེས་བུ་ཉམས་རྟོགས་ཅན་ཚོའི་ཕྱག་རྗེས་ཀྱི་སྐུ་དྲིན་ལས་ང་ལྟ་བུ་ཐུན་མོང་རྨང་གཞིའི་རིག་གནས་འགའ་རེར་གོ་ཐོས་ཅུང་ཙམ་ཡོད་པ་ཚོས་ཀྱང་ཡིག་ཆ་མང་ཀློག་གི་ངལ་བ་ཅུང་ཙམ་བྱས་ན་ཡིན་ཡིན་འདྲ་བོའི་མགུར་མ་རེའམ། སྙན་སྙན་ལྟ་བུའི་རྩོམ་ཐུང་རེ་ཙམ་འཁྱོང་བར་ངེས། འོན་ཀྱང་མགུར་འཐེན་ཞིང་རྩོམ་བྲིས་ཀྱང་རང་གི་ནང་གི་དེ་ཉིད་ནི་ནམ་ཡང་དེ་ག་རང་དུ་གནས་པས་མཚམས་དང་མཚམས་སུ་རང་གི་གཤིས་ཀྱི་རང་གཟུགས་དག་ག་ལེར་མངོན་འོང་། རྟོགས་པ་མངོན་དུ་གྱུར་ཅིང་སྤང་བྱ་གཏན་ནས་མ་སྤངས་པའི་རྣམ་བཞག་དེ་རྒྱལ་བ་རྗེས་འཇུག་དང་བཅས་པའི་ཚད་ལྡན་གྱི་ཡིག་ཆ་དག་ཏུ་མཐོང་བ་མེད་པའི་རྒྱུ་མཚན་དེས་ང་ལྟ་བུ་ལོག་རྟོག་ཅན་དག་གི་སེམས་སུ་ཐེ་ཚོམ་དང་དོགས་པའི་རྣམ་རྟོག་བཟློག་ཏུ་མེད་པར་བསྣན་ཡོང་།

དེ་བས་རྒྱུ་མཚན་དེ་ལྟ་བུའི་རིགས་ལ་ཚད་ཐིག་འདེབས་པར་འདོད་ན་སྔོན་ལ་གང་ཟག་དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་། བསམ་སྤྱོད་ཀྱི་ཚད་ཤིང་སོགས་ལ་དཔྱད་པ་སྔོན་དུ་གཏོང་བ་ཧ་ཅང་གལ་ཆེ་སྟེ་གང་ཟག་འགའ་ཞིག་རིག་གནས་སློབ་སྦྱོང་གི་རིམ་པ་ཅུང་ཙམ་བགྲོད་མ་མྱོང་ཡང་ཚད་ལྡན་གྱི་བླ་མའི་མདུན་ནས་ཐོབ་པའི་གདམས་ངག་དག་ཉམས་སུ་བླངས་ཏེ་སྒྲུབ་པ་བྱས་པས་མགུར་དང་གདམས་པ་སྙན་ངག་ལ་སོགས་པ་ངག་གི་རིག་བྱེད་ཀྱི་བདུད་རྩི་ཆར་ལྟར་འཇོ་ཞོར། བསམ་བློ་དང་ཀུན་སྤྱོད་ཀྱི་རིམ་པ་དག་མཐོང་ན་མི་མཐུན་པ་མེད་པ་ལྟ་བུར་གྱུར་པའི་རིགས་ནི་སྔོན་ཆད་ཀྱི་ལོ་རྒྱུས་དག་ལས་རིས་མེད་ཀྱི་ཆོས་བརྒྱུད་ཀུན་ལས་མང་དུ་བྱོན་མྱོང་ཞིང་། དེང་གི་སྐབས་འདིར་ཡང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་དག་གིས་ཀྱང་མཚོན་ནུས་པས་དེ་དག་ནི་མཐའ་གཅིག་ཏུ་གཙུག་ཏུ་བཀུར་བར་འོས་པའི་ངེས་དོན་གྱི་ཆོས་པའི་རིགས་སུ་ངེས་སོ། །

རྒྱུ་མཚན་དེས་ན་ང་ཚོས་བཀའ་བསྟན་དཔང་དུ་བཞག་ཅིང་དམ་པ་ཚད་དུ་བཟུང་སྟེ། སུ་ཞིག་ནང་སེམས་ཀྱི་སྟེང་དུ་འཇིག་རྟེན་ཆོས་བརྒྱད་དང་ཉོན་མོངས་དུག་ལྔའི་ཚོགས་དག་མངོན་གསལ་གྱིས་བདོ་བའི་ཁ་ཆོས་མཁས་པའི་རིགས་དག་ལ་མཁས་པ་ཞེས་པའི་ཐ་སྙད་དེ་སྦྱར་ན་ཆོག་མོད། དམ་པའི་སྐྱེས་བུ་དང་འཕགས་པ། གྲུབ་བརྙེས་སོགས་ཀྱི་ཐ་སྙད་དག་སྦྱར་མི་རུང་ཞིང་མི་འོས་པའི་གནས་ལུགས་དེ་ཉིད་ཤེས་པར་བྱས་ཏེ་བསྟན་པར་ཞུ་དག་ཐེངས་རེ་བྱས་ན་སྟོན་པ་ཐུགས་རྗེ་ཅན་དང་དམ་པའི་སྐྱེས་བུ་མཚན་ཉིད་པ་རྣམས་ཀྱི་ཐུགས་ཀྱི་བཞེད་པ་དང་དགོངས་པའི་དོན་གྲུབ་པ་ཡིན་པར་ངས་ནི་ནམ་དུ་ཡང་འདོད་དོ། །

ཕ་ཡུལ་གྱི་ནང་གྲོགས་འགའ་དང་སྐད་ཆ་བྱས་པའི་ཚོར་སྣང་གི་རྐྱེན་གྱིས་རང་གི་བསམ་ཚུལ་ཙམ་ཡིག་ངོར་ཕབས་པ་འདི་ནི་2018/04/10 ཉིན་གོ་ཐེ་གེར་འབོད་པའི་སྙོམས་ལས་པ་དེས་སྨྱོ་ཤུལ་ལྗོན་པ་ལུང་གི་དབེན་ཁྲོད། རྡོར་སེམས་མཆོད་རྟེན་ཆེན་མོའི་མདུན་གྱི་གུར་ཆུང་ནང་ཤར་མར་བཀོད་པའོ། །