གཞོན་སྐྱེས་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲའི་དེབ<<ཕར་རྒྱབ་ཀྱི་ལོ་ཟླ>>བཀླགས་པ།

གཅིག  ཉེ་སར་བཅར་བའི་མཐོང་སྣེ།

སྤྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༥ ཉིན་ནས་རྩིས་ན། ལོ་གཅིག་དང་ཕྱེད་ཀ་ཕྱིན་འདུག དེ་དུས་དཀར་ཆག་ལ་རགས་བལྟ་ཞིག་བྱས་ནས་དཔེ་སྒྲོམ་དུ་བཞུགས་སུ་གསོལ་བ་ནས་དེ་རིང་བར་དུ་ལྷག་པར་གྱུར། ད་རེས་ཉིན་ཤས་རིང་གི་ཁོམ་སྐབས་དང་བསྟུན་ནས་ཡི་གེ་ན་གཅིག་མ་ལྷག་པར་བཀླགས། དེབ་འདིའི་ཉེ་སར་བཅར་བ་ལ་བརྟེན་ནས་དེབ་འདིའི་རྩོམ་པ་པོ་སྟེ་ངོ་མི་ཤེས་པའི་མི་དེར་ཡང་བརྩེ་བ་ཞིག་ལུད་ཅིང་དུངས་པ་ཞིག་འཕྱུར་བར་གྱུར།

ལར་ནས། ཚིགས་བཅད་ཙམ་འབྲི་རྒྱུ་ནི་ཡི་གེ་བ་ཀུན་གྱིས་ནུས། ཚིགས་བཅད་སྙན་ངག་ཙམ་འབྲི་བའང་ཡི་གེ་བ་ཕལ་མོ་ཆེ་བས་འཇོན། འོན་ཏེ། དོན་གང་ཞིག་ལྷུག་མའི་ཚིག་ཏུ་འབྲི་བ་ཅུང་དཀའ། དེ་བས་ཀྱང་སྙན་ཚིག་གི་ཉམས་སྣང་འོད་དུ་འཁྱིལ་བའི་ལྷུག་མའི་ཚིག་ཕྲེང་འབྲི་བ་ནི་ཡི་གེ་བ་ཡིན་ནོ་ཅོག་གིས་ནུས་པ་ཞིག་མ་རེད། དཔེ་ཀློག་དང་ཡིག་འབྲིའི་རི་ལུང་ལོ་མང་མྱུལ་བའི་མཐོང་སྣེ་གཅིག་ལ་འདི་འདྲ་དག་ཀྱང་འཆར།

དེང་ན། བོད་ཡིག་གི་ཚིག་ཕྲེང་ལ་བོད་སྐད་ཀྱི་ཉམས་མ་ཞུགས་པ་དེ་འདྲ་འབྲི་མཁན་ཡང་མང་དུ་འགྲོ་བཞིན་པའི་སྐབས་ཤིག་ལ། དེབ་འདི་བཀླགས་པ་ལས་ཚིག་དོན་གཉིས་ཐད་ནས་ངལ་གསོའི་དབུགས་དབྱུངས་ཤིག་ཐོབ་པར་གྱུར། <<ཕར་རྒྱབ་ཀྱི་ལོ་ཟླ>>་འདི་རོལ་དབྱངས་ཤིག་ཡིན་དགོས་ན། འདི་ནི་གླིང་བུ་རྒྱང་འབུད་ཅིག་རེད། སུ་ཞིག་གིས་ཐོས་ན་མགོ་བོའི་དཔང་བསྟོད་ཅིང་། སྙན་པའི་དབྱངས་འགྲོས་ཀྱིས་རྣ་བ་བཀོག་འགྲོ་བ་ཞིག་རེད།

ལོ་ཤས་གོང་། <<གཞོན་སྐྱེས་སྙན་ངག་པ་བཅུ་དང་ཁོང་ཚོའི་སྙན་ངག>>ཟེར་བའི་རྩོམ་ཡིག་རིང་པོ་ཞིག་གི་མ་ཟིན་བཏབས་པ་ཡིན། འོན་ཏེ། ངས་རྩོམ་ཡིག་རིང་པོ་དེའི་མཇུག་སྐྱེལ་ཐུབ་མ་སོང་། ཐོག་མར་སྙན་ངག་པ་བཅུ་དེ་གཏན་འཁེལ་བྱེད་པར་དཀའ་ངལ་མང་པོ་ཞིག་བྱུང་། དེ་བས་ཀྱང་ཁོང་ཅག་གི་ཚབ་མཚོན་སྙན་ངག་འདམས་པར་དཀའ་ངལ་ཆེ་བ་བྱུང་། གང་ལྟར། གྲགས་ཅན་རྩོམ་པ་པོ། དགེ་རྒན། དཔྱད་བརྗོད་པ་འགའ་བཅས་ལ་ལམ་སྟོན་དང་སྐྱབས་འཇུག་ཞུས་འབྲས་སུ། རྩོམ་པ་པོ་བཅུ་དང་དེ་དག་གི་ཚབ་མཚོན་སྙན་ངག་ལྔ་རེ་དཔྱད་གཞིར་བེད་སྤྱོད་ཀྱི་ས་ཐིག་གསལ་པོ་ཞིག་གཏན་འཁེལ་ཐུབ་པ་བྱུང་། ཟླ་བ་ངོ་མཐོང་གསུམ་ལ་དཔྱད་ཅིང་བྲིས་པའི་མ་ཟིན་དེ་ནི་ཧ་ཅང་རིང་དྲགས་ནས་བསྐྱར་ཞིབ་ལ་ཉོབ་སྣང་སྟེར་བ་ཞིག་ཆགས་སོང་། དེ་ནི་གཞན་གང་ཡང་མ་རེད། ཁོང་ཅག་གི་སྙན་ངག་དག་ནི་ཞིབ་ཀྱིས་བཀླགས་ཤིང་དཔྱད་པས་བྲུས་མི་ཚར་བའི་གཏིང་ཞིག་དང་། གླེང་མི་ཚར་བའི་ཀློང་ཞིག་ཆགས་འགྲོ་བར་འདུག གང་ལྟར་ངས་རྩོམ་ཡིག་དེ་འབྲི་མཚམས་བཞག་པ་ཡིན། སྙན་ངག་པ་བཅུ་པོ་དེའི་ནང་གི་གཅིག་ནི་ད་ལྟའི་དེབ་འདིའི་རྩོམ་པ་པོ་ས་དཀྱིལ་ཚེ་བཀྲ་ལགས་ཡིན། དེ་དུས་ཁོང་གི་ཚབ་མཚོན་སྙན་ངག་ཏུ་འདམས་པ་དེ་དག་ད་ལྟའི་དེབ་འདིའི་ནང་བསྡུས་འདུག ད་ལྟ་བསམས་ན། ང་ལ་གཞོན་སྐྱེས་སྙན་ངག་པ་བཅུ་དང་ཁོང་ཅག་གི་ཚབ་མཚོན་སྙན་ངག་གཏན་འཁེལ་དང་མཁོ་འདོན་གནང་མཁན་ཚོས་དེ་དུས་ནས་རྩོམ་པ་པོ་འདི་བ་དང་ཁོང་གི་བརྩམས་ཆོས་ལ་གདེང་འཇོག་ཚད་མཐོ་ཞིག་གནངས་འདུག

དེབ་འདིའི་ནང་གི་རྩོམ་ཡིག་ཚང་མ། མགོ་ནས་བཀླགས་པ་ན་མཇུག་ཏུ་ཇི་ལྟར་སླེབས་པ་ཚོར་དཀའ་བ་ཞིག་རེད། རྩོམ་པ་པོ་འདི་བ་ནི། ཐ་སྙད་ཀྱིས་འདང་གི་མེད་པའི་ཡི་གེ་བ་གྱོལ་པོ་དེ་གྲས་རེད་མི་འདུག་ལ། བོད་སྐད་ཡིན་ལ་མིན་གྱི་ཚིག་གྲུབ་སྐོར་ལོག་འབྲི་མཁན་གྱི་ཡི་གེ་བ་ལྡ་ངེ་ལྡིང་ངེ་དེ་གྲས་རེད་མི་འདུག ངོས་འདི་ན། དེབ་འདིས་གཞན་དང་མ་འདྲ་བའི་བཙན་ས་ཞིག་བཟུང་སྟེ་འདུག སྐད་ཆ་བཤད་སྟངས་གཞན་ཞིག་གིས་བཤད་ན།  བྱ་བ་ཞིག་བརྗོད་གཞིར་བྱས་པ། དངོས་པོ་ཞིག་གླེང་གཞིར་བཟུང་བ། ཡུལ་ལྗོངས་ཤིག་ཚིག་ཏུ་བཏབས་པ། མི་སྣ་ཞིག་འགུལ་དུ་བཅུག་པ་གང་ལ་བལྟས་ནའང་། ཚིག་དོན་གྱི་འཕལ་ཀ་ལྷུ་འགྲིག་པ་ཞིག་ཏུ་འབྲི་བཞེངས་གནངས་འདུག འདི་ནི། དེང་སང་གི་གཞོན་སྐྱེས་ཡི་གེ་བ་ཐུན་མོང་ལ་ལྡན་པའི་ཁྱད་ཆོས་ཤིག་མ་རེད། ས་དཀྱིལ་ཚེ་བཀྲ་དང་ས་དཀྱིལ་ཚེ་བཀྲ་རེ་ཤས་ཀྱི་སྒེར་ཆོས་ལྟ་བུ་ཆགས་འདུག འདི་ལྟར་བཤད་ན། རེ་ཤས་མི་དགའ་བ་སྲིད་མོད། དེབ་དག་གི་ངོས་དང་། དྲ་ངོས་དག་གི་ཡི་གེ་བཀླགས་ན། ཚོར་བ་འདི་འདྲ་ཞིག་སྟེར་བར་འདུག གཅིག་ཐང་ན། ང་ལྟ་བུ་དག་གིས་དེ་དག་གི་ཡི་གེ་རྣམས་ཀློག་སྟངས་ཤེས་ཀྱི་མེད་པས་ལན་པའང་སྲིད།

གཉིས། སྙན་ཚིག་འཕྱོ་བའི་རྒྱ་མཚོ།

ཕངས་པ་ཞིག་ལ། རྩོམ་པ་པོས་དེབ་འདིར་ཁོང་གི་ལྷུག་རྩོམ་སྙན་ངག་བརྒྱ་ཕྲག་བརྒལ་བ་ལས་བདུན་ཅུར་ཉེ་བ་ཞིག་ལས་བཀོད་མེད་ལབ་འདུག ཁོང་གིས་བྲིས་པའི་མཇུག་བྱང་ཡི་གེ་དེར་སྙིང་ན་བ་ཞིག་བྱུང་། གང་ལ་ཟེར་ན། ཆུ་བོ་ཐུར་དུ་འབབ་པ། རླུང་བུ་བསིལ་བུར་ལྡང་བ། མེ་ལྕེ་གྱེན་དུ་འཕྱུར་བ། ཤིང་ལོ་ཤག་ཤག་འགུལ་བ་ལྟ་བུའི་ཚིག་གི་སྙན་ཆ་དང་མཛེས་སྡུག་གི་ཉམས་སྣང་རྫོགས་པའི་དེབ་འདིར་ད་དུང་འདི་འདྲའི་རྩོམ་ཡིག་གཞན་དང་གཞན་ཡོད་འདུག་པ་དེ་དག་ཀྱང་བསྡུས་ཏེ་བཀླག་ཆོག་ཏུ་བྱས་ཡོད་ནའང་སྙམ་པའི་ཡི་ག་འབར་བར་བྱས་པས་ཡིན།

དཀྱུས་ལ་ཞུགས་ནས་ཞུས་ན། རྩོམ་པ་པོས་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་གནང་སྟངས་དང་། ད་ལྟའི་གནས་སྐབས་ཀྱི་མཐོང་སྣེ་སྒུལ་སྟངས། མ་འོངས་པ་གང་ཞིག་བསམ་གཞིགས་ཀྱི་ཨ་ལུང་དུ་འགུག་སྟངས་བཅས་ལས་གང་ཞིག་མཐོང་བ་ནི། རྩོམ་ཡིག་གང་ཞིག་མ་བྲིས་སྔོན་གྱི་བསམ་གཞིགས་དང་། དེ་ཀློག་མཁན་གྱི་སེམས་སུ་བསྲེས་ཐབས་ཀྱི་བསམ་གཞིགས། ཚིག་དོན་སྙོམ་སྒྲིག་གི་བསམ་གཞིགས། ལྷག་ཏུ་ལྷུག་རྩོམ་སྙན་ངག་གི་ཉམས་ཀྱིས་འཁྱུད་པའི་མཛེས་ལྗོངས་ཤིག་བཞེངས་སྟངས་ཀྱི་བསམ་གཞིགས་བཅས་ཀྱི་ཚགས་དམ་ཞིང་། ལག་ལེན་དངོས་ཀྱི་སྐབས་ན། ཚིག་གི་གད་སྙིགས་དང་མ་འདྲེས་པ་རྩོམ་པར་ཤ་ཐང་དུ་འབད་འདུག་པའི་ཚོར་བའི་གཏིང་ཞིག་རེད། 

ཚིག་གི་མཛེས་པའི་ངོས་ན་དོན་གྱི་རོ་ཉམས་འགུལ་སྟངས་ཀྱི་དཔེ་མཚོན་འགའ་ཁོལ་ཕྱུང་གིས་བལྟ་བར་ཆས་ན། དེ་ནི་འདི་ལྟ་སྟེ། རྩོམ་པ་པོས། ‘ཆར་རླུང་འབྲེག་པའི་གཡག་གི་ར་རྩེ་ཧ་ཅང་རྣོ།’  ‘རུས་པ་སྲ་མོ་ཞིག་དམ་བཅའི་ཡུལ་ལ་བརྡབས།’  ‘ཟིལ་བ་བཀླུབས་པའི་ཞོགས་ལྗོངས།’  ‘ཉི་འོད་རུམ་པའི་ཁྱོད།’  ‘གླག་གི་གཤོག་པས་སུ་ཞིག་གི་ཁྲག་རྩ་གཏིང་ནས་འབྲེག ‘སྐྲ་ལོ་སོག་སྟེང་དུ་འཕྱུར། ‘སྙན་ཚིག་མིག་ཆུ་རུ་བརྫི། ‘མི་ཡུལ་ལ་ཤོང་དཀའ་བའི་གཏམ་རྒྱུད།’ ‘སྨག་རུམ་གྱི་གདུང་ལྭ་གྱོན། ‘ཞེ་སྡང་གི་སྐྲ་ལོ་གྱེན་དུ་འཛིངས།’  ‘སྙིང་སྟོབས་ཀྱི་གཤོག་པ་རླུང་ལ་བརྡར།’  ‘མཚན་མོར་འགྲམ་ལྕག་གཞུ་བའི་ན་ཟུག་གི་གླུ་སྒྲ།’  ‘བློ་ཡིད་དུ་གཤགས་པའི་ཟླ་བ་སྒོར་སྒོར།’  ‘རླུང་ཆེན་ལ་གཤོག་པ་ཐོགས།’སོགས་ཀྱིས་མཚོན་པའི་ཚིག་རྩལ་གྱི་རྒྱ་མཚོ་ཞིག་མེར་གྱིས་འཁྱིལ་བའི་རྣམ་པར་འདུག ཚིག་འདི་དང་འདི་ལྟ་བུའི་སྙན་ཆའི་གཏིང་བསྔོགས་པའི་དབང་དུ་བཏང་ནའང་། བརྒལ་མི་ཚར་བ་ཞིག་ཏུ་འདུག ཁྱད་ཆོས་ཀྱི་གཏིང་གཞན་ཞིག་ནི་ངོས་འདི་ན་འདུག དེ་བས་ན་<<ཕར་རྒྱབ་ཀྱི་ལོ་ཟླ>>་ནི་སྙན་ཚིག་འཕྱོ་བའི་རྒྱ་མཚོ་ཞིག་རེད།

ཕར་བལྟས་ཚོད་ཀྱིས་ཡི་གེ་རེ་རེ་དང་ཚིག་འབྲུ་རེ་རེ་བསམ་གཞིགས་ཀྱིས་བཙོ་སྦྱང་ཞུན་མཐར་ཆོད་པ་གནངས་འདུག དེར་བརྟེན།  རྩོམ་ཡིག་ཚང་མས་དོན་འབྲི་བའི་ནམ་མཁའ་ཞིག་བདག་གིར་བྱས་འདུག ཚིག་ཙམ་འབྲི་བའི་ས་རྡུལ་དག་ཞབས་འོག་ཏུ་མནན་འདུག སྐད་ཡིག་གི་རྨང་མཐུག་ཅིང་ཚིག་གི་རྩལ་རྫོགས་པའི་འཁྱུག་སྟངས་འདི་ནི། བོད་ཀྱི་རྩོམ་རིག་གི་རི་ལུང་ན། ཧ་ཅང་མང་པོ་རང་མེད་པའི་འཆི་མེད་རྒས་མེད་ཀྱི་ཉམས་སྣང་དེ་གྲས་རེད།

རྒྱ་གར་གྱི་སྙན་ངག་པ་གྲགས་ཅན་རྒད་པོ་དབྱུག་པ་ཅན་ཞིག་གིས། སྙན་ངག་དམ་པའི་རྒྱན་ལྡན་ནི། ། བསྐལ་པའི་བར་དུ་གནས་པར་འགྱུར། །ཞེས་བསྒྲགས་མྱོང་བ་རེད། དེབ་འདིའི་ནང་གི་རྩོམ་ཡིག་དག་ལ་བསྐལ་པའི་བར་དུ་གནས་པའི་སྲོག་ཤིག་སྐྱེས་འདུག་པར་མཇལ།

གསུམ། ཚོར་བ་སྐྱེས་པའི་ནགས་ཀློང་།

དེ་ནས་རིམ་པ་གཞན་ཞིག་ནི། བརྗོད་དོན་གྱི་སྐོར་རེད། ང་ལ་མཚོན་ན། <མ་ཡུམ་ལ་ཕུལ་བའི་སྙན་ཚིག>དེ་ལན་གྲངས་ཁ་ཤས་ལ་བཀླགས་པ་ཡིན། ད་དུང་ཡང་སྐྱར་ཀློག་སྙིང་འདོད་པ་ཞིག་རེད། ཁོང་གིས་མ་ཡུམ་གྱི་མི་ཚེ་གཅིག་དེ། “གྱ་མ་གྱུ། ངུ་མ་དགོད། ཤི་མ་གསོན། འཕུར་མ་ལྡིང་། རྒྱུག་མ་འདུར་” བཅས་ཀྱི་ཡིག་འབྲུ་འགའི་ནང་འདུ་བར་བྱས་འདུག ཇི་འདྲའི་མིང་ཚིག་གསོན་ཉམས་ལྡན་པ་ཞིག་རེད། ཇི་འདྲའི་དོན་ཉམས་གསོན་པོར་འགུལ་བ་ཞིག་རེད། གཅིག་ཐང་ན། ང་དང་ས་དཀྱིལ་ཚེ་བཀྲ་ལྟ་བུ་ཁྱིམ་ཚང་གི་ཀ་བ་ལྟ་བུའི་ཕ་རྒན་འཇིག་རྟེན་ཕྱི་མར་འགྱེལ་ཟིན་པ་དག་གིས་རང་གི་ཨ་མའི་སེམས་ཁམས་དང་འདུར་རྒྱུག་གི་མཐོང་སྣེ་དེ་ནི། གདུང་བ་སྐྱོམ་པའི་རྒྱ་མཚོ་ལུད་པ་དང་། ཕངས་སེམས་འབར་བའི་མེ་དཔུང་འཕྱུར་བ་ཞིག་ཁོ་ན་ཡིན་ངེས། གང་ལྟར། སྙན་ངག་འདི་དང་འདི་ལྟ་བུ་དག་གིས་སེམས་ཀྱི་ཕྱི་ནང་བསྲེགས་སོང་།

གཞན་ཡང་། ཁོང་གིས་ཡལ་ལ་ཉེ་བའི་ངག་མའི་ལོ་རྒྱུས་ཀྱི་སྐོར་ལའང་དོ་སྣང་ལྷག་པོ་གནང་སྟེ་འདུག དཔེར་ན། <མཛོ་སྡོང> ལྟ་བུ་རེད། ལོ་རྒྱུས་འདི་ཡི་གེར་བརྐོས་ཟིན་པས། ད་གཟོད་ཇི་སྲིད་ཡི་གེ་ནམ་གནས་ཀྱི་བར་དུ་མི་ཡལ་བའི་གཟེར་གྱིས་མནན་ནས་འདུག དེ་བཞིན་བཀླགས་པས་སྙིང་འདར་ཞིང་བསམས་པས་སེམས་ན་བའི་<མེ་ཕུང་>དང་། ཡིད་ཆེས་དང་རེ་སྨོན། ཕངས་སེམས་དང་འགྱོད་གདུང་། རེ་བ་དང་རྨི་ལམ་གྱིས་བཞེངས་པའི་ཉི་མ་ལྷ་ས་དང་<རྨོ་བོའི་སེམས་ནང་གི་པོ་ཏཱ་ལ>དག་ནི་ཞིབ་ཀྱིས་བཀླགས་ན་ཚོར་བ་སྐྱེས་པའི་ནགས་ཀློང་སྟུག་པོ་ཞིག་རེད། བསྔོགས་པས་མཐའ་སྣེ་ཇེ་རིང་དུ་འགྲོ་བ་ཞིག་བྲིས་འདུག

ཡང་དཔེར་ན། ཉི་མ་ལྷ་ས་དང་ལྷ་སའི་བར་སྐོར་ནི་བོད་ཀྱི་ཡི་གེ་བ་མང་པོས་སྨྱུག་ཁ་བསྐོར་ས་སྤྱིར་བཏང་བ་ཞིག་རེད། རྩོམ་པ་པོ་འདིས། བར་སྐོར་གྱི་ཚོང་ཟོང་དང་། མི་ཚོགས་སོགས་མིག་ལ་སྣང་དུ་ཡོད་པ་དག་གཡས་བཞག་གཡོན་སྐྱུར་བྱས་ཏེ། གདངས་གཉོམ་པའི་དབྱངས་རྟ་ལ་སྨོན་པའི་སེམས་ཁམས་ཁོ་ན་ཞིག་སྨྱུག་རྩེར་དྲངས་འདུག དབྱངས་རྟ་དེ་ཡང་དད་མོས་ཤིག་གིས་སྐྱོམ་བཞིན་པའི་རྣམ་པར་བྲིས་འདུག འདི་འདྲ་དག་ནི་གཏིང་རིང་བའི་བསམ་གཞིགས་ཀྱི་ཀློང་ཞིག་རེད། ཇི་ལྟར་བསམས་པ་ན་དེ་ལྟར་གྱི་རྒྱང་རིང་ཞིག་དང་འདྲ་ལ། ཅི་ཙམ་སྨོན་པ་ན་དེ་ལྟར་གྱི་ཐག་ཉེ་ཞིག་ཡིན་སྣང་གཉིས་ཀ་སྟེར་བའི་རྩོམ་རྩལ་དག་གིས་ཡི་ག་དྲངས་སོང་ཞུ་བ་ལགས།

<<ཕར་རྒྱབ་ཀྱི་ལོ་ཟླ>>ནི་འདི་འདྲ་ཞིག་སྟེ། ཡིད་ལ་ཟུག་འགྲོ་བ་ཞིག་བྲིས་འདུག མིག་ལ་ལྷུང་འགྲོ་བ་ཞིག་བྲིས་འདུག རྣ་བར་བཞུར་འགྲོ་བ་ཞིག་བྲིས་འདུག བཀའ་དྲིན་ཆེ། ས་དཀྱིལ་ཚེ་བཀྲ། ངོ་མི་ཤེས་པའི་མྱི། ཁྱེད་ཀྱི་དེབ་བཀླགས་པས་ཁྱོད་ལའང་དུང་བ་ཞིག་འབར་བར་གྱུར་ཅེས་ཞུའོ། །

གོ་ཐོས་ལ། རེབ་གོང་གི་རི་ཚོགས་ལས་དཔངས་མཐོ་ཤོས་ནི་བྱ་ཁྱུང་རྫ་རི་ཡིན་སྐད། དེ་ལྟར་ན། ཡུལ་དེའི་ལབ་ཙེ་ལ་མཐོ་བའང་བྱ་ཁྱུང་ལབ་ཙེ་ཡིན་ངེས། བྱ་རྒྱལ་ཁྱུང་ཆེན་ཞིག་བར་སྣང་ན་བག་ཡངས་སུ་རྩེན་པའི་སྟངས་སྟབས་ལ་འགྲན་བཙུགས་པ་མིན་ལས་ཆེ་ཡང་། ཏག་ཏག་བྱ་རྒྱལ་ཁྱུང་ཆེན་ཞིག་ནམ་མཁའི་མཐོངས་ན་འཕྱོ་བཞིན་པ་དང་འདྲ་བའི་དེབ་འདི་བཀླགས་མཇུག་ཏུ། དྲན་ཐོའི་ཁ་བྱང་ལ་༼ བྱ་ཁྱུང་ལབ་ཙེ༽ཞེས་འདོགས་འདོད་སྐྱེས་བྱུང་། འདི་ལས་མཐོ་བ་ཞིག་འདོགས་རྒྱུ་ཡོད་ན། དེ་ཡང་འདོགས་དགོས་པར་འདུག

 

སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༤ ལ་ཡི་གེར་བཏབས།