སྤྱི་ལོ ༢༠༠༤  ལོར་དུང་དཀར་གྲུབ་མཐའ་ཆེན་མོ་པར་དུ་བཏབ་སྟེ་ཡོངས་ཁྱབ་འགྲེམ་སྤེལ་བྱས་པ་དང་། ནམ་ཞིག་ཡིན་པ་གསལ་བོར་མ་དྲན་ཡང་དུང་དཀར་གྲུབ་མཐའ་ཆེན་མོར་མཇལ་བའི་སྐབས་དེ་ཤེད་དུ་གང་དེའི་སྔོན་འགྲོའི་ནང་དུ་རྒན་འོད་ཟེར་ལགས་ཞུ་བ་ཞིག་འདི་བཞིན་གླེང་ཡོད།།

“ ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་བསམ་བློ་རྙིང་པ་དང་། རིག་གནས་རྙིང་པ། གོམས་གཤིས་རྙིང་པ། ཡུལ་སྲོལ་རྙིང་པ་བཅས་ཏེ་རྙིང་པ་བཞི་ཟེར་བ་གཏོར་སྐབས་རྩ་འགངས་ཆེ་བའི་རིག་གནས་མང་ཆེ་བ་རྩ་མེད་བཟོས་ཏེ་བསྟན་པ་ཕྱི་དར་སྐབས་ནས་རིག་གནས་གསར་བརྗེ་མ་ཚུགས་པའི་བར་གསོག་འཇོག་བྱས་པའི་བོད་ཀྱི་ཆོས་ལུགས་དང་། རིག་གནས། ལོ་རྒྱུས་སོགས་ཀྱི་དཔེ་ཆ་གྲངས་ལས་འདས་པ་གཙང་དག་བཟོས་སྟབས་ད་ལྟ་ལྷག་པ་དེ་དག་གིས་སྔོན་མའི་གསུམ་ཆ་གཅིག་ཙམ་ལས་ཟིན་གྱི་མེད། སྐབས་དེར་རྩེ་པོ་ཏ་ལ་དང་ཞོལ་ཡིག་ཚགས་ཁང་ལ་ཡོད་པ་རྣམས་སྲུང་སྐྱོབ་ལེགས་ཙམ་བྱུང་ཡོད་ཅིང་།  རྩེ་པོ་ཏ་ལར་ཡོད་པའི་དཔེ་ཆ་རྣམས་ནི་དམངས་གཙོའི་བཅོས་སྒྱུར་བཏང་པ་ནས་རིག་གནས་གསར་བརྗེ་མ་ཚུགས་པའི་བར་བརྒལ་དུས་སྐབས་ནང་ལྷ་ས་ཉེ་འཁོར་གྱི་དགོན་པ་དང་བླ་བྲང་མང་པོ་ཞིག་གི་ཕྱག་དཔེ་འབོར་ཆེན་རྩེ་དང་ཞོལ་ཡིག་ཚགས་ཁང་དུ་བསྡུ་རུབ་བྱས་ཐོག་ཙུང་ལི་ཀྲའུ་ཨེན་ལེའི་བཀའ་ལྟར་རྩེའི་རིག་དངོས་ལ་སྲུང་སྐྱོབ་ཐོབ་པ་དང་སྦྲགས་ཕྱག་དཔེ་རྣམས་ཀྱང་ལྷག་པ་མ་ཟད། འབུ་སྐྱོན་དང་ཆུ་སྐྱོན་སོགས་གང་ཡང་བྱུང་མེད།  སྐབས་དེར་ཞོལ་ཡིག་ཚགས་ཁང་ལ་དམར་སྲུང་དམག་གིས་རྙིང་བཞི་གཏོར་བར་ཡོང་སྐབས་དེ་གའི་ལས་བྱེད་མཚོ་སྔོན་ནས་ཡིན་པ་་་འོད་ཟེར་་་་ལགས་ཞུ་མཁན་ཞིག་ཡོད་པ་དེས་ཁོང་གིས་འདིའི་ནང་སྲིད་གཞུང་རྙིང་པའི་གཞུང་ཡིག་དང་ལོ་རྒྱུས་ཡིག་ཚགས་རྩ་ཆེན་མང་པོ་ཡོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མ་འཁྲོལ་བར་ལག་པ་འཆང་མི་ཆོག་ཅེས་བཀག་འགོག་བྱས་པར་དམར་སྲུང་དམག་གིས་ཉེས་རྡུང་བཏང་ནས་གསོད་གྲབས་བྱས་ཀྱང་ཁོང་གིས་སྲོག་ཉེན་ལའང་མ་འཛེམས་པར་བཀག་འགོག་བྱས་པར་བརྟེན་ཞོལ་ཡིག་ཚགས་ཁང་གི་ད་ལྟའི་ཡིག་ཚགས་དེ་དག་སྲུང་སྐྱོབ་ཐུབ་ཙམ་བྱུང་ཡོད།” ཅེས་གསལ།།

དེ་བས་ཨ་མདོ་མཚོ་སྔོན་ནས་ཡིན་པའི་རྒན་འོད་ཟེར་ལགས་ཡང་སྙིང་མཚོ་སྔོན་གྱི་ས་ཆ་གང་ཞིག་ནས་ཡིན་པ་དང་། བོད་ཀྱི་རིག་དངོས་དང་ཡིག་ཚགས་ཇི་ལྟར་སྲུང་སྐྱོབ་མཛད་པ། ཁོང་གི་ལོ་རྒྱུས་ཤེས་འདོད་དང་སྐུ་པར་སོགས་ཨེ་རག་ན་བསམ་པ་དང་། ཁོང་ལ་རྒྱུས་མངའ་ཅུང་ཙམ་ཨེ་ཐུབ་ན་སྙམ་པའི་བསམ་བློ་ཞིག་ཡིད་ལ་འཁོར་ཏོ།།

ཉེ་སྔོན་ཞིག་ལ་པོ་ཏ་ལ་དོ་དམ་ཁང་གི་རྒན་བསོད་ནམས་དབང་ལྡན་དང་། ཡིག་ཚགས་ཁང་གི་རྒན་བསོད་ནམས་རྒྱལ་གཉིས་ཀྱིས་འོས་སྦྱོར་བརྒྱུད་ཁོང་གི་ནང་དང་ནང་མིར་འབྲེལ་གཏུག་བྱེད་པའི་གོ་སྐབས་བྱུང་བ་དང་། སྐུ་པར་རག་པར་མ་ཟད་ལོ་རྒྱུས་དང་འཁྲུངས་ཡུལ་སོགས་རོབ་ཙམ་ཤེས་རྟོགས་བྱུང་བར་བརྟེན། དེ་རིང་འདི་ནས་བརྗེད་ན་ཕངས་ཤིང་བརྗེད་དུ་མི་རུང་བའི་དུས་རབས་ཤིག་གི་བོད་མི་རིགས་ཀྱི་དཔའ་རྒོད་ཁོང་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་འདོད་བྱུང་།    ཅི་ལ་ཞེ་ན།  ཐང་ཡངས་སར་ཐོན་ན་ཨ་ལ་ལ་མོ་དང་། འགག་དོག་སར་སླེབས་ན་ཨུ་རྒྱན་པདྨ་སྟེ། དེ་འདྲ་མ་ཡིན་པར་དོན་དངོས་ཀྱི་དཔའ་རྒོད། དུས་རབས་གོང་མའི་ལོ་རབས༡༩༦༦–༡༩༧༦སྟེ།  ལོ་བཅུའི་དུས་ཟིང་ཆེན་པོའི་ནང་དུའང་དཔའ་སྤོབས་དང་། ལ་རྒྱ། རང་གི་རིག་གཞུང་དང་རིག་དངོས་ལ་འདི་ལྟའི་སྲོག་འབེན་འཛུགས་ཀྱིས་སྲུང་སྐྱོབ་མཛད་གནང་ཐུབ་མཁན་རྒན་འོད་ཟེར་ཁོང་གི་མཛད་རྗེས་དང་དཔའ་སྤོབས་ལ་ཡི་རངས་དང་རྗེས་དྲན་མི་ཞུ་དབང་མེད་དུ་གྱུར།

རིག་གསར་ནི་མཐོང་ན་སྐྱི་གཡའ་ཞིང་། ཐོས་ན་ཡི་མུག་པ་སྟེ། སློབ་མས་དགེ་རྒན་དང་། བུ་ཡིས་ཕ་ལ་བརྡེག གང་སར་རྔ་བརྡུང། དར་འཕྱར། ལྷ་རྟེན་ཆོས་གསུམ་དང་རིག་དངོས་ཡོད་ཚད་གཏོར། དྲན་ཤེས་རྣལ་དུ་གནས་པ་དག་ལ་དགག་རྒྱག་དང་འཐབ་རྩོད་བྱས། དམར་སྲུང་དམག་ཟེར་བའི་ཅོལ་ཆུང་དེ་ཚོས་རང་སྣང་གང་དྲན་བྱས་པའི་སྐྱི་གཡའ་བའི་དུས་ཟིང་གི་ལོ་ཟླ་ཞིག་ཡིན་པ་དུས་རབས་གོང་མའི་ལོ་རབས་བདུན་བཅུའི་སྔོན་ལ་སྐྱེས་པ་དག་ལ་ཞུ་མ་དགོས་པར་གསལ་བ་བཞིན་ནོ།། དེ་བས་སྐུ་གཤེགས་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་ལགས་ཀྱིས་སྐབས་དེའི་སྣང་ཚུལ་བརྗོད་པ་ལ“མ་ཎི་སྐམ་བཤའ་དང་། ཐང་ག་གདན་འདིང” ཞེས་སྐབས་དེའི་སྣང་བརྙན་གསོན་པོ་ཞིག་འབྲི་བཞེངས་མཛད་ཡོད་པ་ལྟར་རོ།། འདི་ལྟའི་རྙོག་ཟིང་དང་དུས་འཁྲུག་གི་ཁྲོད་དུ་དཔའ་སྤོབས་དང་ལ་རྒྱ་མ་དོར་བར་རང་ཚུགས་དང་བརྟན་བརླིང་གི་རང་གཤིས་འཛིན་ཐུབ་པ་ནི། དོན་དངོས་ཀྱི་དཔའ་བོ་ཡིན་ཏེ། དེ་བས་དུས་རབས་ཤིག་གི་དཔའ་རྒོད་ཅེས་འདི་ནས་མཚན་གསོལ་བ་ལ་མི་འོས་མ་འགྲིག་པ་མེད་པར་སྙམ་མོ།།

འོ་ན། ཁོང་གི་འཁྲུངས་ཡུལ་གང་ཞིག་ཡིན་ནམ་ཞེ་ན།   ཁོང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་རྟ་ཐང་རྫོང་གསེར་ཁོག་ནས་ཡིན་པ་སྟེ། སློབ་གྲྭར་བསྐྱོད་པ་དང་ལས་ཞུགས་ཀྱི་གནས་ཚུལ། གོ་ཐོབ་སོགས་གཤམ་གསལ་རྒྱ་ཡིག་གི་པར་རིས་རེའུ་མིག་ཏུ་རགས་ཙམ་གསལ་བས་འདིར་ཞིབ་ཏུ་འབྲི་བའི་ངལ་བ་མ་བྱས་སོ།། པར་རིས་ཡི་གེར་མཚོ་བྱང་ཞེས་བཀོད་ཡོད་པ་ཡིག་ནོར་ཡིན་ཚུལ་ཁོང་གི་རིགས་ཀྱི་སྲས་མོ་ཚེ་བདེ་སྐྱིད་ནས་གསུངས་སོ།། གྲོང་སྡེ་དང་ཁྱིམ་རྒྱུད་སོགས་གསལ་ཁ་མ་ཐུབ་པ་ལགས་ན་རྒྱུས་ཡོད་འདྲ་མཆིས་ཚེ་ཁ་གསབ་གནང་རོགས་ཞུ།།

ཁོང་གི་མཛད་རྗེས་ལས་དེ་རིང་གི་གླེང་གཞི་གཙོ་ཆེ་བ་ནི། སྐུ་དང་སྲོག་ལ་མ་འཛེམས་པར་བོད་ཀྱི་རིག་དངོས་སྟེ།  ལྷ་རྟེན་ཆོས་གསུམ་གྱིས་མཚོན་པའི་བོད་ཀྱི་ཡིག་ཚགས་སྲུང་སྐྱོབ་མཛད་པའི་ལོ་རྒྱུས་ཡིན་ནོ།། དེའི་ཚུལ་གོང་བཀོད་དུང་དཀར་རིན་པོ་ཆེའི་གསུང་དེ་ལས་གཞན་ཡི་གེར་བཀོད་པ་བདག་ལ་རྙེད་སོན་མ་བྱུང་ཡང་། རིག་གསར་སྐབས་དམར་སྲུང་དམག་མི་དེ་ཚོ་ཐེངས་བཞིར་རིག་དངོས་གཏོར་བར་སླེབས་པ་དང་། ཐེངས་བཞི་བར་ཁོང་ལ་གཅར་རྡུང་ཐེབས་ཏེ་སྨནཁང་དུ་ཟླ་ངོ་གཅིག་ལ་ལུས་པར་གྲགས་སོ།།

དེ་ཡང་ཐེངས་བཞིར་དམར་སྲུང་དམག་མི་གྲངས་ཅི་ཙམ་དང་ཁོང་གཙོས་པའི་སུ་དང་སུས་བཀག་འགོག་ཚུལ་ཇི་ལྟར་གནང་པ། ལོ་ཟླ་ཚེས་གྲངས་སོགས་སྐབས་འདིར་ཞུ་དགོས་ངེས་ཡིན་ཡང་ད་དུང་རྒྱུ་ཆ་མ་འཛོམས་པས་ན་ཞིབ་ཏུ་ཞུ་བར་རྔོ་མ་ཐོགས་པ་ལགས་སོ།།

སྐབས་དེར་དམར་སྲུང་དམག་མི་དེ་ཚོ་གང་དང་ཅི་ཞིག་གཏོར་བརླག་གཏོང་ཏུ་ཡོངབ་རེད་དམ་ཞེ་ན། བོད་ལྗོངས་ཡིག་ཚགས་ཁང་སྟེ། སྐབས་དེར་ད་ལྟའི་ཞོལ་པར་ཁང་དང་ཡིག་ཚགས་ཁང་ལས་ཁུངས་གཅིག་ཡིན་སྐད་དེ་ལྟ་ན། ད་ལྟའི་བཀའ་བསྟན་གྱི་པར་ཤིང་ཕུད་བོད་ལྗོངས་ཡིག་ཚགས་ཁང་དུ་ད་ལྟའང་ད་དུང་ཉར་ཚགས་བྱས་ཡོད་པའི“ད་ལྟ་གཞུང་ཡིག་དང་ཡིག་ཚགས། འདྲ་རིས་དང་པར། དཔེ་ཆ་སོགས་ཁྲི་སུམ་བརྒྱ་ལྷག་ཡོད་སྐད”རྩ་ཆེ་བའི་རིག་དངོས་འདི་དག་གོ།     འདི་དག་གཏོར་མི་ཆོག་ཅེས་བཀག་འགོག་བྱས་རྐྱེན་གོང་བཀོད་དུང་དཀར་རིན་པོ་ཆེས་ཉེས་རྡུང་བཏང་ནས་གསོད་གྲབས་བྱས་ཀྱང་ཁོང་གིས་སྲོག་ཉེན་ལ་མ་འཛེམས་ཞེས་པའི་གསུང་ཚིག་འདིས་སྐབས་དེའི་གནས་ཚུལ་གསལ་བོར་གསུངས་སོ།།

དུང་དཀར་རིན་པོ་ཆེ་ནི་དུས་སྐབས་དེའི་ལྷ་སའི་དངོས་བྱུང་གནས་ཚུལ་ལ་ཆ་རྒྱུས་ཤིན་ཏུ་ཟབ་པའི་མཁས་དབང་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་གསལ་བཞིན་ནོ།། དེང་གི་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་ལྟ་བུའི་ཡིག་ཚགས་ཁང་རྩ་ཆེན་པོ་ནི་འཛམ་གླིང་དུའང་ཧ་ཅང་དཀོན་པོ་ཡིན་ཚུལ་རིགས་གཅིག་ཆེད་མཁས་པས་གསུངས་ཞེས་ཐོས་སོ།།     དེ་བས་རྩ་ཆེའི་རིག་དངོས་འདི་དག་ནི་ཁོང་གིས་སྲོག་འབེན་འཛུགས་ཀྱིས་སྲུང་སྐྱོབ་མཛད་པ་ང་ཚོ་ཕྱི་རབས་པས་ཤེས་དགོས་ངེས་དེ་ལྟ་ན། ང་ཚོས་དམ་པ་ཁོང་གི་མཛད་རྗེས་དུས་གཏན་དུ་ནམ་ཡང་བརྗེད་ག་ལ་རུང་། གལ་སྲིད་སྐབས་དེར་ཁོང་ལྟ་བུ་རང་གི་རིག་གནས་ལོ་རྒྱུས་དང་རིག་དངོས་ལ་དུངས་ཞེན་ཟབ་ཅིང་དཔའ་བློ་སྤོབས་དང་ལྡན་པ་ཞིག་ལས་ཁུངས་གང་དེར་མ་མཆིས་ཚེ་ད་ལྟའི་རིན་ཐང་བྲལ་བའི་ལོ་རྒྱུས་རིག་དངོས་འདི་དག་འབྱུང་བཞིའི་དབྱིངས་ལ་ཐིམ་ཡོད་པར་གདོན་མི་ཟ།།

དེ་བས་བོད་ཀྱི་དཔའ་རྒོད་ཁོང་ནི། བོད་ཙམ་མ་ཟད་རང་རྒྱལ་དང་འཛམ་གླིང་རིག་དངོས་སྲུང་སྐྱོབ་ཀྱི་དཔའ་བོ་བྱས་རྗེས་ཅན་དུ་བགྲང་ཆོག་ཆོག་ཡིན་པ་བསྙོན་དུ་མེད་དོ།།

མདོར་ན།  དུས་རབས་གོང་མའི་བོད་མི། ཞུམ་པ་མེད་པའི་སྙིང་སྟོབས་ཅན་རྒན་འོད་ཟེར་ལགས་ཀྱི་འོད་སྟོང་འབར་བའི་སྐུ་ཚེ་ནི། རྩ་ཆེ་ཞིང་བརླག་ན་ཕངས་པའི་རིག་དངོས་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་ན་མིག་མཐོང་ལག་ཟིན་ཏུ་ཡོད་པ་འདི་དག་གིས་མང་ཏུ་ཞུ་དགོས་པར་དངོས་ར་སྤྲད་དང་སྤྲོད་བཞིན་ཡོད་པ་དེ་ལྟ་ན། ཆོས་མེད་ཀྱང་བླ་མའི་ཚུལ་དང་།། དཔའ་མེད་ཀྱང་དཔའ་བོའི་ཚུལ།། མ་ཡིན་པར་དོན་དངོས་ཡིན་པ་མཁས་དབང་དུང་དཀར་རིན་པོ་ཆེས་ཟབ་གསལ་ནན་ཏན་དུ་ངོ་སྤྲོད་མཛད་ཟིན་པ་དེ་ལྟ་ནའང་། ཕྲན་ཆུང་བདག་གིས་ཀྱང་ཡང་བསྐྱར་དུས་རབས་ཤིག་གི་དཔའ་རྒོད། རྒན་འོད་ཟེར་ལགས།།  ཞེས་སྐད་གསེང་མཐོན་པོས་བོས་ན་འདོད་དོ།།

དེ་བས་ཁྱེད་ནི་འཛམ་བུ་གླིང་དང་རང་རྒྱལ། ཁྱད་པར་དུ་བོད་མི་རིགས་ཀྱི་དཔའ་རྒོད་དེ། གཏན་དུ་ང་ཚོའི་སེམས་ཁོང་གི་སྤོབས་པ་དང་། ལ་རྒྱ། དད་མོས་དང་བརྩི་བཀུར་ཞུ་ས་ཡིན། ཁྱེད་ཀྱིས་བོད་ཀྱི་རྩ་ཆེའི་རིག་དངོས་ལ་བཅངས་པའི་དགའ་བརྩེ་དང་ལྷག་བསམ། འཇིགས་ཞུམ་མེད་པའི་སྤོབས་པ་དང་ལ་རྒྱ་གཏན་དུ་ང་ཚོའི་སེམས་ཁོང་ན་གནས་ཡོད་ཅིང་། རྗེས་རབས་པས་ཀྱང་སྙིང་རུམ་དུ་ཉར་ངེས། དེ་བས་ཁྱེད་ནི་ནམ་ཡང་གཟིམ་པ་མེད་པའི་འོད་ཟེར་ཞིག་ཡིན།།

ཨ་མདོ་མཚོ་སྔོན་རྟ་ཐང་ཡུལ་ནས་ཐོག་མའི་ཨཱ་ཡིག་དབྱངས་སུ་གྱེར།། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་རིག་པའི་གནས་ལ་སྦྱངས་བརྩོན་མཛད།། གྲུ་འཛིན་ཕོ་བྲང་ཆེན་པོའི་མདུན་ནས་སྲོག་དང་བསྡོས་ཏེ་རིག་དངོས་བསྲུངས།། ལྕགས་ཀྱི་སྒལ་ཚིགས་འབྲོང་གི་སྙིང་ཅན་འཇིགས་མེད་དཔའ་རྒོད་ཁྱེད་ནི་སུ།། ཐུབ་བསྟན་ཉིན་བྱེད་འབར་བའི་སྙིང་བོ་ནཱ་ལེནྡྲ་ཡི་ཆོས་བརྒྱུད་དེ།། ལུང་རིགས་བསྲེགས་བཅད་བརྡར་བའི་ཡང་ཞུན་མདོ་སྔགས་ཟུང་འབྲེལ་གངས་ལྗོངས་བསྟན།། ཡིག་ཚགས་ལོ་རྒྱུས་གཞུང་དོན་བརྩེགས་པའི་རིག་དངོས་རིན་ཆེན་དབྱིག་གི་མཛོད།། ལྷན་ནེར་ལྷང་ངེར་གསལ་ལེར་མཛེས་འདི་བསྙེངས་བྲལ་སྟོབས་ལྡན་་ཁྱེད་ཀྱི་དྲིན།།  བོད་ལྗོངས་ཡིག་ཚགས་གསེར་གྱི་རི་བོར་དཔེ་དང་ཟླ་བོ་ཅི་ཞིག་འཇོག། འཇིགས་མེད་དུས་རབས་དཔའ་རྒོད་ཁྱེད་ལ་མཚུངས་དང་དཔེ་ཟླ་གང་ཞིག་འདྲེན།། ལོ་རྒྱུས་གསེར་གྱི་མེ་ལོང་ངོས་སུ་འོད་ཟེར་མཚན་གྱི་རི་མོ་འདི།། རྟག་བརྟན་འོད་སྟོང་གཏན་དུ་འབར་རོ་གངས་ཅན་ཁ་བ་བོད་པའི་བུ།། །།

སྤྱི་ལོ ༢༠༡༨ ལོའི་ཟླ ༤–༢༠ ཉིན།