ཧྥིན་ལན་གྱི་སློབ་གསོའི་སྒྲོམ་གཞི་ནི། འཛམ་གླིང་སྟེང་ན་སློབ་གསོའི་སྒྲོམ་གཞི་ལེགས་ཤོས་སུ་ངོས་འཛིན་བྱེད་ཀྱིན་ཡོད། སློབ་གསོའི་སྒྲོམ་གཞི་འདི་ནི། འདས་པའི་ལོ་ངོ་བཞི་བཅུའི་ནང་བསྒྱུར་བཅོས་དང་གསར་སྣོན་བྱས་པའི་འབྲས་བུ་ཞིག་ཡིན། དེང་གི་དུས་འདིར། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་ཧྥིན་ལན་ སློབ་གསོའི་སྒྲོམ་གཞི་དེར་ལད་ཟློས་བྱས་ཏེ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད། སློབ་གསོའི་སྒྲོམ་གཞི་འདི་ནི། སློབ་གསོ་སྤྲོད་མཁན་གྱི་དགེ་རྒན་དང་སློབ་གསོ་མྱོང་མཁན་གྱི་སློབ་མ་གཉིེས་ཀར་ལྷ་ཡུལ་འདྲ་ཞིག་ཆགས་ཡོད་པ་་དེའང་ཐོལ་བྱུང་གི་འབྲས་བུ་ཞིག་ཡེ་ནས་མིན་པ་སྨོས་ག་ལ་དགོས། དེས་ན། གཤམ་ནས་རླབས་ཆེ་བའི་ཧྥིན་ལན་སློབ་གསོའི་ཁྱད་ཆོས་བཅོ་ལྔ་དེ་བཀོད་ནས་ཅིའི་ཕྱིར་སློབ་གསོའི་སྒྲོམ་གཞི་འདི་འཛམ་གླིང་གི་ཡང་རྩེ་ཡིན་པ་ངོ་སྤྲོད་ཞུ་རྒྱུ་ཡིན།

༡༽ བྱིས་པ་ལོ་བདུན་ལ་སོན་དུས་གཞི་ནས་སློབ་གྲྭར་ཞུགས་ཀྱི་ཡོད། མིའི་རང་གཤིས་ཕལ་ཆེ་བ་ནི་ཐོག་མའི་ལོ་བདུན་གྱི་ནང་དུ་འཕེལ་རྒྱས་དང་གཏན་ཆགས་སུ་འགྱུར་གྱི་ཡོད་སྟབས། ཐོག་མའི་ལོ་བདུན་གྱི་རིང་དེ་སོ་སོའི་ཕ་མ་དང་ནང་མིའི་མཉམ་དུ་སྐྱེལ་རྒྱུ་ཤིན་ཏུ་ནས་གལ་འགངས་ཆེན་པོར་འཛིན་གྱིན་ཡོད།

༢༽ ཧྥིན་ལན་གྱི་སློབ་མར་ནང་སྦྱོང་ངམ་ལས་བྱ་ཟེར་བ་ཞིག་འབྲི་རྒྱུ་མེད་པར་མ་ཟད། ཡིག་རྒྱུགས་ཀྱང་ཧ་ལམ་གཏོང་དགོས་ཀྱི་མེད། ངེས་པར་དུ་ཞུགས་དགོས་པའི་གཅིག་བསྡུས་ཡིག་རྒྱུགས་གཅིག་རང་ཞིག་ཡོད། དེ་ནི་མཐོ་སློབ་མཐར་ཕྱིན་གྱི་ཡིག་རྒྱུགས་རེད། སྤྱིར་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་རྒྱུ་ནི་ཡིད་ཐང་ཆད་པ་ཞིག་ཡིན་ལ། བྱིས་པའི་ངོས་ནས་བཤད་ན། དེར་ནི་གནོན་ཤུགས་ཆེ་ཞིང་གཏོར་བརླག་གི་རང་བཞིན་ལྡན་པས་བྱིས་པའི་ཀུན་སློང་དང་བསམ་སྦྱོར་ལ་ངན་ཤུགས་ཐེབས་པར་མ་ཟད། ཡིག་རྒྱུགས་ཀྱིས་བྱིས་པའི་རང་དབང་དང་སོ་སོའི་དགའ་ཞེན་འཚོལ་བར་ཡང་འགོག་རྐྱེན་བྱེད་ཀྱི་ཡོད་སྟབས། ཡིག་རྒྱུགས་མེད་པའི་སློབ་མའི་བདེ་ཐང་དང་དགེ་ཕན་དེ་དག་གཙིགས་ཆེན་དུ་བཟུང་ཡོད།

༣༽ ཧྥིན་ལན་གྱི་སློབ་གསོའི་སྒྲོམ་གཞིའི་ནང་དུ་སློབ་མར་སྤྱང་གྲུང་དང་བློ་རིག་ལྡན་མིན་གྱི་དབྱེ་འབྱེད་མེད་པར་བྱིས་པ་ཚང་མར་འཛིན་ཁང་གཅིག་གི་ནང་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པར་མ་ཟད། བྱིས་པའི་ཁྲོད་དུ་དབང་བོ་སྐྱོན་ཅན་དང་གཟུགས་པོའི་ཞན་ཆའི་དབང་གིས་སློབ་སྦྱོང་བྱེད་པར་ལུས་སེམས་ཅི་རིགས་ནས་དཀའ་ངལ་ཡོད་པའི་རིགས་སློབ་སྦྱོང་རྗེས་ལུས་མི་ཐེབས་པའི་ཆེད་དུ། སློབ་གྲྭའི་ངོས་ནས་དགེ་རྒན་འཕར་མ་ཞིག་སྟེ། དགེ་རྒན་གཞན་ཚོ་ལས་ལོ་གཅིག་གིས་དམིགས་བསལ་སློབ་གསོ་ཐོབ་ཡོད་མཁན་ཞིག་ཆེད་དུ་བཀོད་སྒྲིག་བྱས་ཏེ་དགེ་རྒན་གྱི་ནུས་ཤུགས་མཐོར་འདེགས་དང་འདྲ་མཉམ་གྱི་སློབ་གསོ་སྤྲོད་ཀྱི་ཡོད།

༤༽ སློབ་མགོ་བརྩམས་པ་ནས་ལོ་དྲུག་གི་རིང་དེར་བྱིས་པའི་རྣམ་དཔྱོད་དང་བསླབ་འབྲས་ཀྱི་ཐད་ཚད་འཇལ་རིགས་རྩ་བ་ཉིད་ནས་བྱེད་ཀྱི་མེད་པ་སྟེ། འདིའི་སྐབས་སུ་སློབ་མ་ཚོས་ནི་སོ་སོའི་སློབ་སྦྱོང་ལ་སྟ་གོན་བྱེད་རྒྱུ་དང་རང་རང་གི་དགའ་ཞེན་འཚོལ་རྒྱུ་དེ་ཡིན།

༥༽ ཧྥིན་ལན་གྱི་སློབ་མའི་ཁྲོད་ནས་སློབ་མ་བརྒྱ་ཆ་དྲུག་ཅུ་རེ་དྲུག་སློབ་ཆེན་དུ་ཞུགས་ཐུབ་ཀྱི་ཡོད་པ་དང་། འདི་ནི་ད་ལྟའི་བར་ཡུ་རོབ་རྒྱལ་ཁབ་ཡོངས་ཀྱི་ནང་ནས་བརྒྱ་ཆ་མཐོ་ཤོས་དེ་ཡིན་པར་བརྗོད།

༦༽ ཧྥིན་ལན་གྱི་སློབ་མའི་བརྒྱ་ཆ་དགུ་བཅུ་གོ་གསུམ་གྱིས་མཐོ་སློབ་ནས་ཀྱང་བསླབ་པ་སོན་ཐུབ་ཀྱི་ཡོད། འདི་ནི་ཨ་མེ་རི་ཀ་དང་བསྡུར་ན་བརྒྱ་ཆ་བཅུ་བདུན་དང་ཚེག་ལྔ་ཡིས་མང་བར་གྱུར་ཡོད།

༧༽ ཧྥིན་ལན་གྱི་སློབ་མ་ཚོས་སློབ་གྲྭ་རུ་སྐད་ཡིག་མང་པོ་སྦྱོང་གིན་ཡོད། སྐད་རིགས་ལ་སྦྱང་བརྩོན་བྱེད་རྒྱུ་དེ་ནི་སློབ་ཞུགས་བྱས་པའི་ཉིན་དང་པོ་ནས་མགོ་རྩོམ་གྱིན་ཡོད། ལོ་དགུ་ལ་སོན་དུས་ཧྥིན་ལན་གྱི་གཞུང་སྐད་གཉིས་པ་སྟེ་ཁྱིམ་མཚེས་རྒྱལ་ཁབ་སི་ཝི་སྒྲིན་གྱི་སྐད་ཡིག་ལ་སྦྱོང་མགོ་བཙུགས་ཡོད། ལོ་བཅུ་གཅིག་གི་སྟེང་དུ་དབྱིན་ཡིག་དང་། ལོ་བཅུ་གསུམ་གྱི་སྟེང་ནས་སྐད་རིགས་བཞི་པར་སྦྱང་བརྩོན་བྱེད་ཀྱིན་ཡོད། སློབ་ཆེན་གྱི་སློབ་ཐོན་ཡིག་རྒྱུགས་ལེན་སྐབས་སྐད་རིགས་གཉིས་ལ་མ་གཏོགས་ཡིག་རྒྱུགས་ལེན་གྱི་མེད།

༨༽ ཚན་རིག་གི་འཛིན་གྲྭར་སློབ་མའི་གྲངས་འབོར་བཅུ་དྲུག་ལས་བརྒལ་མི་རུང་བའི་གཏན་འབེབས་བྱས་འདུག འདི་ནི་སློབ་མ་ཚང་མར་དངོས་སུ་ལག་བསྟར་བྱེད་པའི་གོ་སྐབས་འདྲ་མཉམ་སྤྲོད་ལེན་བྱེད་པའི་ཆེད་དུ་རེད།

༩༽ རྒྱལ་ཡོངས་སློབ་གསོའི་སྒྲོམ་གཞི་རུ་སློབ་གསོ་སྤྲོད་ཕྱོགས་ཐད་ལ་ལམ་སྟོན་བྱས་ཡོད་པ་ལས་གཏན་འབེབས་གཞན་ཅི་ཡང་བྱས་མེད། སློབ་གསོའི་ལམ་སྟོན་ཡིག་ཆ་དེ་ནི་རྒྱལ་ཡོངས་ནས་ཡོང་བའི་དགེ་རྒན་མང་པོ་མཉམ་རུབ་ཀྱིས་གཏན་ལ་ཕབ་པ་ཞིག་རེད། ལམ་སྟོན་དེར་གཞི་བཅོལ་ཏེ་དགེ་རྒན་སུ་ཞིག་ཡིན་རུང་སོ་སོའི་ཁྲིད་བྱ་གཞིར་བཞག་ནས་དེའི་ཐད་ཀྱི་ཐབས་ཇུས་དང་གོ་རིམ་སྒྲིག་སྟངས་སོགས་ལ་རང་དབང་གིས་གོ་སྒྲིག་བྱེད་དགོས་ཀྱི་ཡོད།

༡༠༽ ཧྥིན་ལན་དུ་སྒེར་གཉེར་སློབ་གྲྭ་གཅིག་ཀྱང་མེད། སྒེར་གཉེར་སློབ་གྲྭ་མེད་པ་འདིས་དབུལ་ཕྱུག་གི་ཁྱད་པར་ལས་འབྱུང་བའི་དོན་རྐྱེན་གྱི་རིགས་ཉུང་དུ་གཏོང་ཐུབ་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་གང་དུ་སོང་རུང་སློབ་གྲྭའི་མཐུན་རྐྱེན་དང་བཀོད་སྒྲིག་སོགས་གཅིག་མཚུངས་ཡིན། འདིས་སློབ་གྲྭ་ཕན་ཚུན་བར་གྱི་འགྲན་རྩོད་དེའང་མེད་པར་གཏོང་ཐུབ་ཀྱི་ཡོད།

༡༡༽ ཧྥིན་ལན་གྱི་སློབ་གྲྭའི་འགྲོ་གྲོན་བརྒྱ་ཆ་བརྒྱ་གཞུང་གིས་འགན་ལེན་བྱེད་ཀྱི་ཡོད། དབུས་སྲིད་གཞུང་ནས་ས་གནས་སྲིད་གཞུང་གང་དུའང་སློབ་གསོར་འབྲེལ་བའི་ལས་ཀ་བྱེད་མཁན་ཚང་མ་སློབ་གསོ་བ་འབའ་ཞིག་ཡིན་པ་ལས། དེར་ཚོང་ལས་པ་དང་དམག་དཔོན། ཡང་ན། ཆབ་སྲིད་པ་བཅས་གཅིག་ཀྱང་མེད།

༡༢༽ ཧྥིན་ལན་གྱི་སློབ་ཆུང་སློབ་མའི་ངལ་གསོའི་དུས་ཚོད་ནི། ཨ་མེ་རི་ཀའི་སློབ་ཆུང་དང་བསྡུར་ན་ལྡབ་གསུམ་ལས་མང་བ་ཡོད་པར་མ་ཟད། སློབ་ཐུན་རེའི་རྗེས་ཀྱི་སྐར་མ་བཅོ་ལྔའི་རིང་གི་ངལ་གསོའི་སྐབས་སུ་སློབ་མ་ཚོ་འཛིན་ཁང་གི་ཕྱི་རོལ་ལ་འགྲོ་རུ་འཇུག་ཅིང་། ཕྱི་རོལ་ཏུ་ལུས་རྩལ་གྱི་བྱེད་སྒོ་དང་སློབ་ཁྲིད་བྱེད་རྒྱུ་སོགས་ལ་སྐུལ་ལྕག་གཏོང་བ་བཅས་བྱེད།

༡༣༽ དགེ་རྒན་གྱིས་ཉི་མ་རེར་སློབ་ཁྲིད་ཆུ་ཚོད་བཞི་ལས་བྱེད་དགོས་ཀྱི་མེད་ལ། གཟའ་འཁོར་རེར་ཆུ་ཚོད་གཉིས་རིང་ཆེད་ལས་འཕེལ་རྒྱས་ཟབ་སྦྱོང་ངམ། ཁྲིད་གཞི་གཏན་འབེབས། ཡང་ན། སློབ་མའི་ཡར་རྒྱས་སོགས་ལ་དབྱེ་ཞིབ་བྱེད་དགོས་ཀྱི་ཡོད། སློབ་ཁྲིད་ཀྱི་དུས་ཚོད་ཉུང་བ་ཡོད་སྐབས་སློབ་མར་གནོན་ཤུགས་མེད་པར་མ་ཟད། དགེ་རྒན་ལ་སློབ་ཁྲིད་ཀྱི་གྲ་སྒྲིག་ཚགས་ཚུད་བྱེད་པའི་དུས་ཚོད་འདང་ངེས་ཐོབ་ཀྱི་ཡོད།

༡༤༽ ཧྥིན་ལན་གྱི་འཛིན་གྲྭའི་དགེ་རྒན་ནི་གཏན་འཇགས་ཡིན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་སློབ་གྲྭ་ཚོར་མཚོན་ན། ལོ་ལྟར་འཛིན་གྲྭའི་དགེ་རྒན་གསར་པ་རེ་ཡོང་གིན་ཡོད་ཀྱང་། ཧྥིན་ལན་ནི་དེ་ལས་ལྡོག་སྟེ་འཛིན་གྲྭའི་དགེ་རྒན་ཚོས་འཛིན་གྲྭ་གཅིག་ལ་ལོ་ལྔ་རེར་འགན་ཁུར་རྒྱུན་མཐུད་བྱེད་ཀྱི་ཡོད། འདི་ལྟར་བྱས་པའི་དགེ་མཚན་ནི། དགེ་རྒན་དང་སློབ་མའི་བར་ལ་རྒྱུས་ལོན་དང་འབྲེལ་བ་འཛུགས་ཐུབ་པའི་དུས་སྐབས་ཡོད་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ལ། སློབ་མ་རྣམས་དགེ་རྒན་གྱི་ཁྲིད་སྟངས་ལ་གོམས་ཐུབ་པ་མ་ཟད། དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་བྱེད་སྟངས་ལ་ཡང་རྒྱུས་ལོན་བྱེད་ཐུབ་ཀྱི་ཡོད་པས་རེད།

༡༥༽ ཧྥིན་ལན་དུ་དགེ་རྒན་ཞིག་གི་ལས་གནས་སུ་ཞུགས་པར་དགེ་རྒན་གྱི་དཔང་ཡིག་ཡོད་པ་ཙམ་གྱིས་མི་ཆོག་པར། ངེས་པར་དུ་སློབ་ཁྲིད་བྱེད་ཆོག་པའི་དཔང་ཡིག་དང་གཙུག་ལག་རབ་འབྱམས་པའི་དཔང་ཡིག་ཡོད་དགོས་པ་ཡིན། དགེ་རྒན་གྱི་ལས་གནས་ལ་ནི་སྨན་པ་དང་ཁྲིམས་རྩོད་པ་ཇི་བཞིན་བརྩི་མཐོང་དང་གདེང་འཇོག་གང་འཚམ་ཡོད་པ་བཅས་ཡིན།

སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༨ ལ།