རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དཔེ་ཀློག་མྱོང་ཚོར་གླེང་བའི་བྱ་འགུལ་ལ་ཞུགས་པ།

ཟླ་བཞི་བའི་ཚེས་ཉེར་ལྔའི་ཉིན་རྒྱབ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་འགའ་དང་ལྷན་དུ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དཔེ་ཀློག་མྱོང་ཚོར་གླེང་བའི་བྱ་འགུལ་ལ་ཞུགས། ད་ལྟའི་བར་སློབ་གྲྭ་འདིར་སྐུ་ཚེ་གང་བོ་བོད་ཀྱི་རིག་གནས་ལས་དོན་སྟེང་ཕུལ་བའི་དགེ་རྒན་མང་པོ་ཡོད་པ་ཤེས་པ་དང་།ཕྱིའི་རྣམ་པ་མིག་གིས་མཐོང་བ་ཙམ་ལས་སློབ་གྲྭའི་ནང་ལོག་ལ་ཕྱིན་མ་མྱོང་བས། རང་ཅག་གི་ས་ཁུལ་དུ་ཕྱི་ནང་གི་བཀོད་པ་སྤུས་ལེགས་ཤིང་། ཁོད་ཡངས་པ། སློབ་རའི་བྱ་འགུལ་གྱི་མ་ལག་ཚད་ལྡན་ཡིན་པའི་སློབ་གྲྭ་འདི་ལྟ་བུ་ཞིག་ཡོད་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་སྙམ་པའི་ཚོར་བ་ཁོག་ལ་མིད་ཞོར། དཔེ་ཀློག་མྱོང་ཚོར་གླེང་བ་ཞེས་པའི་བྱ་འགུལ་སྤེལ་བར་སྙིང་ནས་དགའ་བཞིན་ཚོགས་འདུར་ཞུགས།

ཚོགས་ཞུགས་མི་སྣ་ནི་སློབ་གཙོ་རྡོ་རྗེ་རྒྱལ་ལགས་ཀྱིས་གཙོས་སློབ་གྲྭའི་མགོ་ཁྲིད་གཙོ་གཞོན་དང་། རེབ་འདིའི་བྱ་འགུལ་གོ་སྒྲིག་ཞུ་མཁན་གྱི་རྒན་དཀོན་མཆོག་སྐྱབས་སོགས། ངེད་རྨ་ལྷོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ལས་འཛིན་མི་སྣ་འགའ་དང་མཐོ་གཅིག་དང་མཐོ་གཉིས་ཀྱི་་སློབ་མ་ཚོ་བཅས་རེད། ཚོགས་འདུ་ཆེ་ཆུང་མང་པོར་ཞུགས་པ་དག་ལས་ཉིན་དེར་ཚོགས་འདུར་ཞུགས་པའི་རྣམ་པ་ནི་རེ་བ་དང་ཡིད་ཆེས་ཀྱིས་གཏམས་པ་སོགས་ཀྱི་ཚོར་བ་ནི་སྨྲ་བསམ་བརྗོད་འདས་ཤིག་རེད།

ང་ཚོའི་མདུན་དུ་སློབ་མ་ཉེར་གསུམ་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད་པ་དག་གི་མིང་དང་དཔེ་དེབ་གང་ལ་བལྟས་པ་བཅས་རེའུ་མིག་ཏུ་བཀོད་ནས་བཞག་འདུག་པ་མ་ཟད། ནམ་ཟླ་ཅུང་ཟད་འཁྱག་ན་ཡང་ང་ཚོའི་མདུན་དུ་ཆུ་གྲང་མོ་གཉིས་རེ་བཞག་འདུག་པ་ནི་སློབ་མ་དག་འཚབ་འཚུབ་ཀྱིས་གར་སྟེགས་དང་འབུད་དུས་ཀྱི་མིད་པ་དང་ཁ་ལྕེ་སྐམ་འགྲོ་རྒྱུར་ཆེད་དུ་བཞག་པ་དང་གཉིས་སུ་མི་འདུག

སློབ་མ་ཉེར་གསུམ་གྱིས་རེ་རེ་བཞིན་རང་རང་གིས་རེབ་འདིར་དཔེ་ཆ་གང་ཞིག་བཀླགས་པའི་ཚོར་བ་གླེང་མགོ་བཙུགས། ཐོག་དང་པོར་སློབ་མ་སྟག་འབུམ་རྒྱལ་ཞུ་བ་ཞིག་གིས་ང་དང་དཔེ་ཀློག་ཅེས་པའི་བརྗོད་གཞིའི་སྟེང་ནས་སྐད་ཆ་བཤད་སོང་། དཔེ་ཀློག་གི་མྱོང་བ་བཤད་དུས་ཤིག་ལ་མྱོང་བ་ཡིག་ངོ་ནས་ཀློག་པ་དང་འབྲེལ་མེད་ཀྱི་སྐད་ཆ་མང་པོ་ཞིག་སྟེ་རྒྱན་ཚིག་སྣ་ཚོགས་བཀོལ་ནས་འཚམས་འདྲི་རབ་རིབ་བྱེད་པ་དང་། དུས་ཚོད་ཚོད་འཛིན་བྱེད་མི་ཐུབ་པའི་རིགས་ནི་ཕམ་ཁ་ཉོ་མཁན་ཡིན་པ་གདོན་མི་ཟ་བའི་ཆོས་ཉིད་ལྟར། སློབ་གྲོགས་དེའི་གསལ་དག་སྙན་གསུམ་ལྡན་པའི་ངག་དང་། སྐྱོར་སྦྱང་གི་རྣམ་པ་ལས་བརྒལ་བའི་བཤད་ལུགས། ཕོ་གསར་གྱི་སྣང་བ་དང་བཅས་པའི་སྤོབས་པ་དེས་ཁོ་བོའི་སེམས་པ་དྲོད་ལམ་ལམ་དུ་གྱུར། ཆེས་ཐོག་མའི་བཤད་མཁན་དུ་གྱུར་པའི་སློབ་མ་ཁོང་ལ་བྱ་དགའ་ཐོབ་དཀའ་རྒྱུ་རེད་སྙམ་པའི་ཚོར་བ་ཞིག་ཤུགས་ལ་བྱུང་ན་ཡང་། གཡས་གཡོན་གྱི་དཔྱད་འདེམས་པ་རྣམ་གཉིས་ཀྱིས་སྐར་གྲངས་ཀྱི་མཐོ་དམན་ལ་མིག་གཤེར་ཙམ་ཡང་མ་བྱས།

འདི་ལྟར་རེ་རེ་བཞིན་གླེང་རྒྱུ་བཞག་ནས་སྐད་ཆ་འགའ་བཤད་ན། དཔེ་ཀློག་གི་མྱོང་བ་གླེང་བའི་སྐབས་དགོས་དབང་གིས་ཤོག་ངོར་བཀོད་པའི་ཡི་གེ་བཀླག་རྒྱུ་ལས། རང་ཉིད་ཀྱི་བློ་ཁ་དང་འཚམ་པའི་དཔེ་དེབ་གང་ཞིག་བཀླག་རྗེས་བཤད་བྱའི་ནང་དོན་ཁོང་དུ་ཆུད་པར་བྱས་རྗེས། ཕལ་བ་དང་སྤྱིར་བཏང་གི་ངོས་ནས་ཚིག་ཐོར་བཀོད་པའི་ཟིན་བྲིས་ཁོ་ན་བཟུང་སྟེ་རང་ཉིད་ཀྱི་ངག་གི་རྩལ་ལ་བརྟེན་ནས་མཐོ་དམན་རན་ཞིང་། གོ་རིམ་ཡོད་པའི་ངོས་ནས་བཤད་དགོས་པ་ལས། དཔེ་དེབ་དེ་ངོ་སྤྲོད་བྱེད་པ་ཁོ་ནས་དུས་གདའ་བར་བྱེད་པ། མདུན་གྱི་དགེ་རྒན་དང་སློབ་མ་དག་ལ་རེ་བ་འདོན་པ་ལས་སློབ་གསོ་བྱེད་པ་ལྟ་བུའི་རྣམ་པ་ཐོན་པ་དག་ནི་བློ་ངོར་མི་འབྱོར་བའི་རིགས་རེད། ཡིན་ནའང་སྨྲ་བརྗོད་དག་ལ་བོད་སྐད་བཤད་པའི་གདེང་དང་ལྡན་པའི་སློབ་མ་དག་གིས་ང་ལ་སྤྲོ་སྣང་དཔེ་མེད་སྤྲད་པས་པུས་མོ་འཁྱག་ཙམ་བྱེད་པའི་ཚོར་བ་ཡང་གཏིང་ནས་བརྗེད་སོང་།

མཐོ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན་སློབ་གྲྭའི་གོ་སྒྲིག་ལྟར་གྱི་སློབ་ཚན་དག་གི་འགན་ཁུར་ལྕི་བ་དང་། མཐོ་རྒྱུགས་ཀྱི་གནོན་ཤུགས་ཆེ་བ། རང་ཉིད་ལ་གཅུན་སྡོམ་བྱེད་དཀའ་བའི་ལོ་ནའི་ཚོད་ཀྱི་གནོན་ཤུགས་སོགས་ལ་བསམ་ན་དཔེ་དེབ་གཞན་ཞིག་བཀླག་རྒྱུའི་དུས་ཚོད་ནི་ཧ་ཅང་དཀའ་བའི་སྐབས་འདི་ཙམ་ལ་སློབ་གྲྭས་གོ་སྒྲིག་ལྟར་དཔེ་ཀློག་གི་བྱ་འགུལ་འདི་ལྟ་བུ་ཞིག་སྤེལ་ཐུབ་པ་ནི། སློབ་མ་དག་གི་བློ་གཤོག་དང་སྙིང་སྟོབས། བཤད་སྟངས་དང་ཉམས་འགྱུར། ཁྲོམ་བཤད་ཀྱི་སྤོབས་པ་སོགས་མིའི་རིགས་འཚོ་སྡོད་ཀྱི་ཁོར་ཡུག་ཅིག་ནས་ཅིས་ཀྱང་དགོས་པའི་སློབ་སྦྱོང་རྐྱང་ཡིན་པ་མ་ཟད། ནམ་རྒྱུན་གྲལ་མགོར་རྒྱུན་དུ་མཐོང་ཐུབ་པའི་དགེ་རྒན་དང་མདུན་དུ་དུས་རྒྱུན་དུ་བསླབ་དེབ་ཁོ་ན་བཞག་ཡོད་པའི་སློབ་མ་ཚོའི་ངོས་ནས་བཤད་ན། རེབ་འདིའི་བྱ་འགུལ་འདི་ནི་“དཔེ་ཆ་བཀླག་པ་ནི་ངལ་གསོ་ཡག་ཤོས་དེ་ཡིན”སྙམ་སོང་བ་སོགས་འདི་ཆེས་དོན་སྙིང་ལྡན་པའི་བྱ་འགུལ་ཞིག་ཏུ་འདོད་ཡོད།

རང་གི་སེམས་ཀྱི་དྲན་ཚོར་སྐབས་དེར་ཟིན་བྲིས་སུ་བཀོད་པ་དག་འདིར་བཀོད་ན།

༡༽ རང་གི་སློབ་སྦྱོང་གི་ཆུ་ཚད་དང་བསྟུན་ནས་དཔེ་དེབ་ལེགས་པོ་ཞིག་བདམས་དགོས་པ་ནི་ཤིན་ཏུ་གལ་ཆེ། གལ་སྲིད་དཔེ་དེབ་གང་ཡིན་མི་ཤེས་ཚེ་དགེ་རྒན་དག་ལ་འདྲི་དགོས།
༢༽ སྐད་ཆ་སྦོམ་པོ་བཤད་པ། གཞན་ལ་བསླབ་བྱ་རྒྱག་པ། འཚམས་འདྲི་སོགས་ལ་ཚིག་རྒྱན་གྱིས་སྤྲས་ཆེ་བ། མི་གཞན་གྱིས་བཤད་ཟིན་པའི་སྐད་ཆ་དག་རང་ཉིད་ཀྱིས་དྲན་པ་ལྟར་གླེང་བ་འདིར་བསམ་བློ་ཞིབ་ཏུ་གཏོང་དགོས།
༣༽ བོད་རང་གི་དགོན་སྡེའི་སློབ་གསོའི་ངོས་ནས་བཤད་ན་གཞུང་ཆེན་ལ་གསན་བསམ་སློབ་གཉེར་བྱེད་དུས་མི་རྟག་པ་རྒྱུད་ལ་སྐྱེས་ན་གཞུང་ལ་སློབ་གཉེར་བྱེད་པའི་གེགས་སུ་འགྲོ་ཉེན་ཆེ་བ་དང་། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ན་གཞུང་ལུགས་རྣལ་མ་སྦྱང་བའི་གེགས་སུ་འགྲོ་བ་སོགས་ཀྱི་བཤད་སྲོལ་ཡོད་པ་བཞིན། དེང་རབས་ཀྱི་མཐོ་འབྲིང་སློབ་མ་ཞིག་ལ་མཚོན་ན་རྒྱལ་སྲས་ལག་ལེན་དང་རྗེ་མི་ལའི་རྣམ་ཐར་སོགས་སུ་བཤད་པའི་གནས་ལུགས་མཐའ་དག་ལ་ཡིད་ཆེས་དང་ངེས་པ་གཏིང་ནས་རྙེད་ཚེ། དུས་རབས་རང་བཞིན་གྱི་སློབ་མ་ཞིག་གི་མདུན་ལྗོངས་ལ་བར་གེགས་ཆེ་བར་འདོད་པས་དགེ་རྒན་དག་གི་ངོས་ནས་ཀྱང་མི་གཞིའི་ཀུན་སྤྱོད་དང་བཅས་པའི་དུས་རབས་རང་བཞིན་གྱི་བླངས་བྱ་གལ་ཆེན་དང་། འཛམ་གླིང་རང་བཞིན་གྱི་སློབ་མ་དག་གི་ཁ་ཕྱོགས་སྟངས་སོགས་ལ་སློབ་སྦྱོང་དང་བཅས་སློབ་མ་ཚོར་གོ་བསྐོན་བློ་འགུག་བྱེད་པ་ལས། སློབ་མ་ཚོའི་རྒྱུད་ལ་མི་རྟག་པ་སྐྱེ་རྒྱུར་བརྩོན་པ་དང་། ཚེ་འདིའི་ལོངས་སྤྱོད་ལ་སྙིང་བོ་མེད་ཚུལ། འཚོ་གནས་ལས་དམ་ཆོས་གལ་ཆེ་ཚུལ། ཚེ་འདིའི་བྱ་གཞག་ལས་ཕྱི་མའི་དོན་དག་གལ་ཆེན་ཡིན་པ་སོགས་ཀྱི་བསླབ་བྱ་རྒྱག་པ་སོགས་ཀྱང་། རང་གིས་མི་འཇོན་པའི་ལས་མང་པོ་ཞིག་སློབ་མ་ཚོའི་མགོར་ལྡུག་བཞིན་པའི་སྣང་བ་ལས་ཅི་ཡང་མི་འདུག་པས་འདིའི་རིགས་ལ་གཟབ་གཟབ་དང་བཅས་དམིགས་ཡུལ་དང་ཕུགས་བསམ་ཡོད་པའི་གཞོན་སྐྱེས་སློབ་མ་མང་པོ་ཞིག་བསྐྱེད་བསྲིང་བྱེད་རྒྱུ་འདི་གལ་ཆེན་རེད་སྙམ་པ་ནི་ཁོ་བོའི་རྨོངས་འཆར་ཙམ་ཡིན།
༤༽ སྤྱིར་ན་བོད་མི་རིགས་སྤྱིའི་ངོས་ནས་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་དག་ལ་སློབ་གཉེར་བྱེད་དགོས་པ་གལ་ཆེ་ན་ཡང་དགོན་སྡེ་དང་སློབ་གྲྭའི་སློབ་གསོ་ལ་དབྱེ་བ་དང་ཐོལ་བརྒལ་དང་བཅས་པའི་ཕུགས་བསམ་ཡོད་དགོས་པ་ནི་ཤིན་ཏུ་ནས་གལ་ཆེའོ།།
༥༽ བརྗོད་བྱ་རྒྱ་ཆེ། སྐད་ཆ་ཐར་ཐོར་དུ་སོང་། དཔྱད་པའི་བློ་མིག་དོགས། རྩོམ་གྱི་རྒྱབ་ལྗོངས་ལ་ལག་སྙོབ་བྱེད་པའི་སྤོབས་པ་དང་བྲལ་བའི་རིགས་ཅུང་མང་།
༦༽ སློབ་མ་ཕོ་མོ་གཉིས་ཀྱི་ངོས་ནས་བཤད་ན། མི་ཉེར་གསུམ་ལས་བུ་མོ་བཅུ་གཉིས་ཡོད་པ་དང་། དེ་དག་ལས་བུ་མོ་བརྒྱད་ཀྱིས་རྒྱ་ཡིག་གི་དཔེ་ཆ་བཀླག་ནས་རྒྱ་སྐད་ཀྱིས་བཤད། གཞན་དག་ནི་བོད་སྐད་རྐྱང་བ་བཤད་མཁན་རེད། རྒྱ་སྐད་ཀྱི་གདངས་ནི་ནང་ལོག་གི་སྤྱི་སྐད་བཤད་མཁན་གྱི་མི་དག་གི་རྗེས་ཟིན་འདུག་པས་ང་ནི་ཧ་ལས། ཧང་སངས།
༧༽ དཔྱད་འདེམས་པ་དག་གི་ཁྲོད་བོད་སྐད་མི་གོ་བའི་མཁན་གཉིས་འདུག་པ་ནི་དགོས་དབང་ཞིག་ལོས་ཡིན་མོད། སྐར་གྲངས་ཐད་ཀྱང་དྲང་པོ་དྲང་བཞག་ཅིག་ཡོང་ཨེ་ཡོད་སྙམ་པ་ནི་སྒེར་གྱི་རྣམ་རྟོག་ཅིག་ཡིན། གལ་སྲིད་དུས་ཚོད་སོགས་ཀྱིས་ལྕོགས་ན་རྒྱ་བོད་ཡིག་རིགས་གཉིས་ཀྱི་དཔེ་ཀློག་མྱོང་ཚོར་ཕྱོགས་གཉིས་སུ་བགོ་ཐུབ་ན་ལེགས་པར་འདོད།
༨༽ ཁ་བྱང་རྒྱ་ཆེ་བ་དང་། སྒྱུ་རྩལ་རྩོམ་རིག་གི་དཔེ་ཆ་བཀླག་ཡོད་མཁན་ཉུང་བ། དཔར་སྐྲུན་བྱས་མེད་པའི་དཔེ་ཆའི་བཀླགས་ཚོར་བཤད་པ་སོགས་ཀྱིས་ང་ལ་བོད་ཡིག་དགེ་རྒན་དག་གིས་སློབ་གླིང་དེར་ཤན་ཤུགས་ཅི་འདྲ་ཞིག་འཇོག་གིན་པའི་ཚོར་བ་ཡན་གར་བ་ཞིག་སྤྲད། གལ་སྲིད་དེང་རབས་རྩོམ་རིག་སྐོར་གྱི་དཔེ་ཆ་རེ་འགའ་ཡང་སློབ་མ་ཚོར་འོས་སྦྱོར་བྱེད་ཐུབ་ཚེ་མཐོ་རྒྱུགས་སྐབས་རྩོམ་ཡིག་འབྲི་བ་སོགས་ལ་ཡང་གཞོགས་འདེགས་བྱེད་ནུས་པར་བསམ་སོང་།
༩༽ དཔེ་ཀློག་གི་མྱོང་ཚོར་ནི་འཁྲབ་བཤད་བྱས་ནས་ཡོང་ཐབས་མེད་པ་ཞིག་ཡིན་ན་ཡང་། འཁྲབ་བཤད་རང་བཞིན་གྱིས་མྱོང་ཚོར་གླེང་བར་འདོད་པ་ནི་རྩ་བ་བོར་ནས་ཡལ་གར་འཇུ་བའི་འཁྲབ་སྟོན་རང་རེད། གཟབ་ནན་གྱི་ཆ་བོར་བའི་དཔེ་ཆ་བཀླག་སྟངས་ཤིག་དང་མྱོང་ཚོར་གླེང་ལུགས་ཤིག་གང་དུ་ཡང་མེད།
༡༠༽ བློ་ངོར་མི་འབབ་པའི་མིང་ཚིག་འགའ་སྟེ། སྐད་ཆའི་མགོ་སྔར་གཟུགས་རྒྱན་གྱི་སྤྲས་ཆེ་བ་དག རྨོངས་དད་དང་སྤྱི་ཚོགས་རྙིང་བ། ཀླ་ཀློའི་འཚོ་བ། སྐུ་དྲག་གི་ནག་ཉེས། བདེ་སྐྱིད་བླ་ན་མེད་པའི་ཁ་སང་དེ་རིང་སོགས་རེད།
སླད་མའི་རེ་བ། རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་བྱ་འགུལ་འདི་དང་འདི་ལྟ་བུ་མང་དུ་སྤེལ་ཐུབ་ན་དཔེ་ཀློག་ནི་ཡོད་ཚད་ཡིན་ལུགས་སོགས་སྐད་ཆ་གནམ་འཁོར་བཤད་ནས་འདུག་པ་ལས་ཕན་ནུས་བརྒྱ་འགྱུར་གྱིས་ཡོད། སློབ་གྲྭའི་ངོས་ནས་ཀྱང་འདི་དང་ལྟ་བུའི་བྱ་འགུལ་མང་དུ་སྤེལ་ཐུབ་ན་ཤིན་ཏུ་ནས་ལེགས་སོ།། མདོར་ན་ཐེངས་འདིའི་བྱ་འགུལ་འདི་ལྟ་བུ་བོད་ཀྱི་སློབ་གྲྭ་ཡོངས་ལ་ཁྱབ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། ཡས་བཤད་མས་བཤད་ཀྱིས་ཐུགས་དང་འགལ་བ་ཡོད་ན་དགོངས་དག་མཛོད། ཞལ་དྲོ།
༢༠༡༨ལོའི་ཟླ་༤་ཚེས༢༧ཉིན།