བྲག་དཀར་རྟ་སོ་དགོན་ནི་སྐྱིད་རོང་རྫོང་དཀར་གྲོལ་བརྡལ་ལྷོ་རྒྱུད་ཀྱི་ལམ་འགྲམ་དུ་ཆགས་ལ། རྫོང་དང་ས་ལེ་དབར་༤༠ལྷག་གི་རི་སྐེད་དུ་བསྐྲུན་ཡོད།    དགོན་པའི་ཁོ་ར་ཁོར་ཡུག་ཏུ་མཚམས་ཁང་དང་སྒྲུབ་ཁང་དུ་མ་བསྟར་མར་ཆགས་ཏེ།     སྒྲུབ་པ་ཉམས་ལེན་བྱེད་སའི་གནས་རྩ་ཆེན་པོ་ཞིག་ཏུ་མཐོང་།

དགོན་འདིའི་མིང་ཡང་རྒྱང་རིང་ནས་དགོན་པར་བལྟ་སྐབས་བྲག་གི་མདོག་དཀར་ལ་རྟ་ཡི་སོ་ནང་བཞིན་ཕྱིར་འབུར་ཚུགས་སུ་དོད་པས་མིང་ཡང་སའི་དབྱིབས་ལ་བརྟེན་ནས་བྱུང།      དགོན་འདི་ནི་རྗེ་བཙུན་མི་ལ་རས་པའི་སྒྲུབ་ཕུག་ཡིན་ལ། ས་ཆའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་8400ལྷག་ཟིན། ནུབ་ནས་ཤར་བར་དགོན་པའི་འཛུགས་སྐྲུན་གྱི་གྲུབ་ཚུལ་ལྔ་རུ་དབྱེ་ཡོད། དེ་དག་ནི་ཆོས་རྗེ་ལྷ་བཙུན་པ་རིན་ཆེན་རྣམ་རྒྱལ་གྱི་ལྷ་ཁང་གོང་། བླ་བྲང་། སྒྲུབ་ཕུག་རིང་པོ་ཆེ། འདུ་ཁང་ཆེན་མོའམ་བཀའ་འགྱུར་ལྷ་ཁང། དབུ་མ་རྫོང་སོགས་ཀྱིས་གྲུབ།

ལྷ་ཁང་གོང་གི་སྒོ་ཁྱམས་ངོས་སུ་འབྲུག སྟག སེང་གེ གླང་ཆེན། ཁྱུང་ཆེན། གངས་རི། སྤྲིན། རི་ཟླ་དང་མེ་ཏོག་སོགས་བཀོད་ལ། གྲྭ་ཤག་གི་གྱང་ངོས་སུ་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་བརྒྱན་ཡོད།བླ་བྲང་གོང་འོག་གཉིས་ཡོད་དེ།        བླ་བྲང་གོང་མའི་རྟེན་གཙོ་ནི་ལྷ་བཙུན་པ་རིན་ཆེན་རྣམ་རྒྱལ་གྱི་སྨན་འདམ་གྱི་སྐུ་བརྙན། མར་པ་ལོ་ཙྰ་བ། རྗེ་བཙུན་མི་ལ་རས་པ་སོགས་ཀྱི་འབག་སྐུ་དང་། དེ་མིན་འཇམ་དབྱངས་ཀྱི་ལི་སྐུ་གསར་མ་ཞིག་དང་སྒྲོལ་མའི་ཟངས་སྐུ་སོགས་ཡོད། བླ་བྲང་འོག་མ་ནི་མགོན་ཁང་ཡིན་ལ། དེའི་ནང་ལོགས་སུ་ཕྱག་རྡོར་གྱི་སྐུ་བརྙན་ཕུད་ད་དུང་ཁྱི། གཟིག མི་རློན་གྱི་མགོ་རུས། གཅེར་ལུས་ཅན་སོགས་བྲིས་ཡོད།

སྒྲུབ་ཕུག་རིང་མོ་ཆེ་ནི་རྗེ་བཙུན་མི་ལ་རས་པའི་སྒྲུབ་ཕུག་ཡིན་ཏེ། ལྷ་ཁང་གི་བྱང་ལྡེབས་སུ་རྗེ་བཙུན་མི་ལ་རས་པའི་མཛད་པ་བཀོད་ཡོད། བཀའ་འགྱུར་ལྷ་ཁང་ནི་བྲག་དཀར་རྟ་སོ་དགོན་པའི་འདུ་ཁང་དང་། ཀ་བ་བཅུ་དྲུག་ཅན་གྱི་ལྷ་ཁང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་63ཡོད། འདུ་ཁང་ནང་ངོས་ཀྱི་སྒྲིག་གཤོམས་སྟེང་མཐོ་ལ་རྨིད་10ལྷག་ཡོད་པའི་བྱམས་སྐུ་ཞིག་དང་སྐུ་གདུང་མཆོད་རྟེན་8ཡོད། འདུ་ཁང་ཆེན་མོའི་བྱང་ཤར་ཕྱོགས་སུ་ཆེ་ཆུང་ལ་རྨིད་གྲུ་བཞི་མ་28ཅན་གྱི་ལྷ་ཁང་ཞིག་དང་དེའི་ནང་ལོགས་སུ་ལྡེབས་སྒྲོམ་སྟེང་བཀའ་འགྱུར་ཆ་ཚང་ཞིག་དང་པར་ཤིང་སྟོང་ཕྲག་གཅིག་དང་དགུ་བརྒྱ་དང་བཅུ་གསུམ་ལྷག་ཡོད།

དེ་དག་གི་ཁྲོད་མི་ལ་རས་པའི་རྣམ་མགུར་དང་མར་བའི་ལོ་རྒྱུས། རས་ཆུང་བའི་རྣམ་ཐར་སོགས་ཀྱི་པར་ཤིང་འདུས་ལ།  པར་ཤིང་གི་འགྲམ་ངོས་སུ་མི་ལའི་མགུར་ཞེས་མཚན་བརྐོས་པས་ངོས་ནས་དཔྱད་ན་བཀའ་བརྒྱུད་ཀྱི་བསྟན་བཅོས་ཡིན་པ་ཤེས། ཡིན་ན་ཡང་།    དགོན་པའི་འབྲེལ་ཡོད་མི་སྣས་གསུངས་གསལ་ལ་པར་ཤིང་ལ་ལ་རིག་གསར་སྐབས་མེ་སྲེག་བཏང་ཕྱིར། དེང་གི་ཆར་དགོན་པའི་ནང་སྒྲིག་པའི་པར་ཤིང་ཆ་མི་ཚང་ལ། པར་ཤིང་གི་ཨང་རིམ་དང་ཆོས་ཚན་སོགས་འཁྲིགས་ཕྱིར་པར་ཤིང་དག་སྒྲིག་དང་པར་སྐྲུན་སོགས་ལ་དཀའ་ངལ་ཆེན་པོ་འཕྲད།

དབུ་མ་རྫོང་ནི་བྲག་དཀར་རྟ་སོ་དགོན་པའི་ཤར་ངོས་ཀྱི་ཤིན་ཏུ་གཟར་བའི་ཐེམ་པ་ཅུང་ཁོད་སྙོམས་པའི་བྲག་སྟེང་དུ་ཆགས་ལ། མཚམས་ཁང་གི་སྒོ་ནུབ་ཕྱོགས་སུ་བསྟན་པ་དང་། ཁང་བའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བརྒྱད་ཙམ་ཡོད། མཚམས་ཁང་གི་ཤར་ལྡེབས་སུ་ལྷའི་དཀྱིལ་འཁོར་བྲིས་ཡོད་ལ། བྱང་ལྡེབས་དང་ལྷོ་ལྡེབས། ནུབ་ལྡེབས་སོགས་ཀྱི་ངོས་སུ་རྗེ་མི་ལའི་མི་ཚེ་མཛད་པ་དང་འབྲེལ་བའི་རྣམ་ཐར་བསྡུས་པ་ཞིག་བཀོད་ཡོད། བྱང་ལྡེབས་སུ་རྗེ་ཉིད་ཀྱིས་སྒྲུབ་པ་ཉམས་ལེན་སྒོས་ལུས་རིད་ལ་སྐུ་མདོག་སྔོན་པོ་བྲིས་ཏེ་མི་ལའི་དཀའ་བ་སྤྱད་པའི་སྐོར་དང་སློབ་མ་རྣམས་ལ་མགུར་གསུངས་བའི་ཚུལ། དེ་མིན་གཏུམ་མོ་མེ་དྲོད་སྒོམ་པའི་སྐོར་སོགས་བཀོད་ཡོད།

ལྷོ་ལྡེབས་ངོས་སུ་ཁྱི་ར་བ་མགོན་པོ་རྡོ་རྗེ་དང་ཤ་ཁྱིས་ལུག་བདས་ཏེ་མི་ལའི་མཚམས་ཁང་དུ་འབྱོར་རྗེས་རྗེ་མི་ལས་མགོན་པོ་རྡོ་རྗེ་ལ་མི་རྟག་དྲན་མགུར་སོགས་གསུངས་ཏེ་ཁྱི་ར་བ་སེམས་རྙེད་དེ་སངས་རྒྱས་ཀྱི་བསྟན་ལ་ཞུགས་པའི་སྐོར་སོགས་བཀོད་ཡོད། ནུབ་ལྡེབས་ཀྱི་གོང་ལ་མི་ལ་རས་པའི་སྲུང་མ་ཚེ་རིང་མཆེད་ལྔ་དང་གཤམ་ཆར་བྲག་དཀར་རྟ་སོ་དགོན་གྱི་སྲུང་མ་དབུ་ལ་ཐང་ཞྭ་གྱོན་པ། ལུས་ལ་གོས་སེར་བགོས་པ། ཕྱག་གཡོན་པར་རྡོ་རྗེ་ཐོགས་པའི་རྟ་སྒོ་པ་རྒྱན་མཚན་དང་ཡུལ་འདིའི་ཡུལ་བདག་སོགས་གསལ་བོར་བྲིས་ཡོད།

བྲག་དཀར་རྟ་སོ་དགོན་ནི་མངའ་རིས་མང་ཡུལ་གུང་ཐང་གི་རྒྱལ་བརྒྱུད་ལྷ་བཙུན་པ་རིན་ཆེན་རྣམ་རྒྱལ་གྱིས་དུས་རབས་བཅུ་གཉིས་ཀྱི་དུས་མཇུག་ཏུ་ཕྱག་བཏབ། ད་ལྟའི་བར་ལ་ལོ་ངོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ཡོད་ལ། ཐོག་མར་དགོན་འདི་རྙིང་མའི་དགོན་པར་ངེས་ལ་རྗེས་སུ་ཆོས་ལུགས་ཀྱི་འཕོ་འགྱུར་དབང་གིས་རིམ་བཞིན་བཀའ་རྒྱུད་པའི་དགོན་པར་གྱུར།  དགོན་འདི་རིག་གསར་སྐབས་གོད་ཆག་ཐེབས་ན་ཡང་། སྔ་རྗེས་སུ་མཁན་པོ་བཅུ་གཉིས་བྱུང་། མཚན་དེ་དག་་སྐྱིད་གྲོང་རྫོང་རིག་དངོས་ལོ་རྒྱུས་སུ་འཁོད་ཡོད་པ་གཤམ་གསལ།

༡ ལྷ་བཙུན་པ་རིན་ཆེན་རྣམ་རྒྱལ། ༢ སྐ་ཙུག་ཀརྨ་བློ་བཟང་། ༣ ར་ཆེན་ཀརྨ་བློ་བཟང་། ༤ བྲེ་པོ་འཕྲིན་ལས་ཆོས་ལྡན། ༥ གྲུབ་ཆེན་ཡེ་ཤེས་ཆོས་གྲགས། ༦ གསང་བདག་འཕྲིན་ལས་འདུས་ཆུང་། ༧ མགོན་བཟང་ཆོས་ཀྱི་དབང་ཕྱུག ༨ ཐུ་སེ་ཀརྨ་དགེ་ལེགས། ༩ འགོས་བཟང་འཕྲིན་ལས་རྒྱ་མཚོ། ༡༠ ལྡོང་སེ་རིག་འཛིན་ཁམས་པ། ༡༡ བཀའ་རྒྱུད་བསྟན་འཛིན་ནོར་བུ།  ༡༢ ཀརྨ་བསྟན་པའི་རྒྱལ་མཚན་སོགས་ཡོད། གོང་གི་རུས་མིང་སོགས་རྒྱ་ཡིག་གི་ཡིག་ཆ་ལས་སྒྲ་བསྒྱུར་བྱས་ཕྱིར་རུས་མིང་ལ་གོལ་འཛོལ་མཆིས་པས་མཁྱེན་ལྡན་ཡོངས་ཀྱིས་དགོངས་འཆར་ལྷུག་པོར་སྩོལ་རོགས་ཞུ།

དེ་མིན་གཞན་དགོན་པའི་ནང་རྟེན་དུ་ཆིང་དམག་གི་གོ་མཚོན་གྲི་རིང་ཞིག་ཡོད་ལ། གྲི་དེའི་རྣོ་ལྕགས་ཤིན་ཏུ་དབལ་ལ་གྲིའི་ཡུ་བའི་སྟེང་ཆུ་སྲིན་གྱི་ཀོ་བའི་བརྒྱན་ཕྱིར་ཆིང་དམག་གི་གོ་མཚོན་དང་གོར་ཁའི་མཚོན་ཆ་ཡིན་མིན་ལ་བརྡར་ཤ་གཅོད་པར་ཆེད་ལས་མཁས་པས་དཔྱད་བྱ་ལས་དེ་སྐོར་ལ་ཤེས་བྱ་ཕྲན་བུ་ཙམ་ཡང་མེད་པའི་ང་རང་གིས་ཁ་ཚོན་གཅོད་དཀའ་ཕྱིར་བཏང་སྙོམས་སུ་མི་འཇོག་ག་མེད་བྱུང་།

དེ་ནས་རྫོང་དཀར་ཕྱོགས་སུ་བསྐྱོད་པའི་ལམ་བར་གྱི་གཞུང་ལམ་གཡོན་ངོས་སུ་དབུ་མ་གྲོང་ཚོ་ཞེས་པའི་ཉེ་འགྲམ་དུ་མིང་སྲིང་མཆོད་རྟེན་ཡོད་ལ།     མཆོད་རྟེན་འདིའི་འབྱུང་ཁུངས་ཡང་མིང་སྲིང་གཉིས་མི་ཚངས་པར་སྤྱད་དེ་གནས་ཚུལ་མངའ་རིས་གུང་ཐང་རྒྱལ་པོས་རྟོགས་རྗེས། མིང་སྲིང་གཉིས་ནག་ཉེས་ཅན་དུ་བརྩིས་ཏེ་ཁྲིམས་ལ་སྦྱར་བ་དང་དེས་སྡིག་སྒྲིབ་དྭགས་པའི་ཆེད་མིང་སྲིང་མཆོད་རྟེན་བཞེངས་པར་བཤད། མཆོད་རྟེན་གྱི་མཐོ་ཚད་ལ་རྨིད་བཅུ་གཅིག་དང་མཐའི་རིང་ཚད་ལ་རྨིད་བཅུ། མཆོད་རྟེན་ལ་ཐེམ་རིམ་དྲུག་དང་འོག་གི་སྟེགས་བུ་ནི་གྲུ་བཞིའི་དབྱིབས་ལྟར་སྣང་། མཆོད་རྟེན་གྱི་སྤྱིའི་གྲུབ་ཚུལ་སྟེང་ནས་དཔྱད་ན་མཆོད་རྟེན་ཆ་བརྒྱད་ཀྱི་གྲས་སུ་གཏོགས་པར་འདོད། ཡིན་ན་ཡང་མཆོད་རྟེན་འདི་དང་འབྲེལ་བའི་གོ་ཐོས་རྣམས་གནའ་གཏམ་གྱི་ཚུལ་དུ་ངེས་པས་རྗེས་སུ་དཔེ་རྙིང་དང་བླ་མའི་རྣམ་ཐར་སོགས་ལ་དཔྱད་དེ་ཡིག་ཆར་བཙལ་ནས་ཚན་རིག་གི་སྒྲུབ་བྱེད་འགོད་དགོས་པ་ནི་འདིའི་སྐོར་ལ་ཞིབ་འཇུག་གནང་བའི་ཆེད་ལས་མཁས་པའི་དཔྱད་བྱའི་གནད་དུ་འཁུམས།།

དེ་ནས་ཉིན་ཕྱེད་ཀྱི་ངལ་དུབ་དང་ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་དེ་རྫོང་གི་ལྟེ་བ་རྫོང་དཀར་གྲོང་བརྡལ་དུ་འབྱོར།  དེ་ནས་ངལ་ཅུང་ཟད་གསོས་རྗེས་མུ་མཐུད་དུ་སྒྲོལ་མ་ལྷ་ཁང་དང་རྫོང་དཀར་ཆོས་སྡེ་ལ་ལྟ་སྐོར་དུ་ཕྱིན།  སྒྲོལ་མ་ལྷ་ཁང་ནི་རྫོང་གི་ལྷོ་ངོས་དང་གུང་ཐང་རྒྱལ་རབས་གནའ་ཤུལ་གྱི་དཀྱིལ་ངོས་སུ་བསྐྲུན་ལ། མཚོ་ངོས་ལས་མཐོ་ཚད་ལ་རྨིད4160སར་ཆགས། སྒྲོལ་མ་ལྷ་ཁང་དུས་ནམ་ཞིག་ལ་ཕྱག་བཏབ་པར་ཞིབ་ཆ་མེད་ན་ཡང་། བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་ནང་རབ་བྱུང་ལྔ་བའི་སྐབས་སུ་ཕྱག་བཏབ་པར་འདོད་པ་མ་ཟད། ལྷ་ཁང་གི་མཚན་དེབ་ཐེར་ནང་བཀོད་མེད་ཀྱང་གུང་ཐང་རྒྱལ་རབས་ཀྱི་རྒྱལ་རྒྱུད་བཅུ་གཅིག་པའི་སྐབས་སུ་ལྷ་ཁང་ཀ་བ་དྲུག་ཅུ་ཅན་དང་འདུ་ཁང་ཀ་བ་ཉེར་བཞི་ཡོད་པ། གསུང་ཆོས་ཁང་གི་ཁྱམས་རར་ཀ་བ་སོ་དྲུག་དང་རྡོའི་རུས་སྦལ་གྱི་དབྱིབས་སུ་སྣང་བའི་ཀ་སྟན་སོགས་གུང་ཐང་མཁར་དུ་བཞེངས་པ་བཀོད་པའི་སྟེང་ནས་དཔྱད་ན་ཕལ་ཆེར་སྒྲོལ་མ་ལྷ་ཁང་གི་ཁྱད་ཆོས་དང་གཅིག་ཏུ་མཚུངས།

སྒྲོལ་མ་ལྷ་ཁང་གི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཉིས་བརྒྱ་ལྷག་ཡོད་པ་དང་། འདུ་ཁང་གི་རྒྱ་ཁྱོན་ལ་རྨིད་དྲུག་ཅུ་རེ་གསུམ་ཡོད། དེའི་ནང་ལོགས་ཀྱི་ཤར་གྱི་གྱང་ངོས་དང་བྱང་གི་གྱང་ངོས་སུ་ལྡེབས་རིས་བྲིས་ཡོད་ན་ཡང་རང་བྱུང་གི་གནོད་སྐྱོན་དང་དུས་ཀྱི་གོད་ཆག་དབང་གིས་གཏོར་བརླག་ཐེབས་པས་ཚོན་མདོག་ཙམ་ལས་སྤྱི་ཁོག་གི་ནང་དོན་སོགས་རྟོགས་མི་ཐུབ། དེ་མིན་ལྷ་ཁང་ནང་ཆུ་དོང་ཆེན་པོ་གཅིག་ལས་རིག་དངོས་གཞན་མེད་ན་ཡང་ལྷ་ཁང་ནང་ལོགས་ཀྱི་ཀ་ཆེན་གྱི་གཞུ་ཆེན་གཞུ་ཆུང་སྟེང་བརྐོས་དཀྲོལ་གནང་བའི་རི་མོ་ཤིན་ཏུ་མཛེས་ལ། དཀྱིལ་གྱི་ཀ་སྟེང་དུ་བརྐོས་བའི་སེང་གེ་སྟོབས་དང་ལྡན་ལ་མཆེ་བ་གཙིགས་པ། གཡུ་རལ་གནམ་དུ་གསིག་པ། བརྗིད་ཉམས་ལྡན་པའི་ཁྱད་ཆོས་ཐོན་ཡོད།

གཞན་ཀ་བའི་གཞུ་ཆེན་དང་གཞུ་ཆུང་སྟེང་ཆུ་ཞེང་ལྟར་གབ་པའི་པད་མའི་སྟེང་ལ་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་བརྐོས་པ་དང་། སྐུ་བརྙན་རེ་རེར་སྐེད་རྒྱན་དང་སེ་མོ་དོ་སོགས་ཀྱིས་བརྒྱན་པ། ཕྱག་ཏུ་ཡིད་བཞིན་ནོར་བུ་ཐོགས་པ། སྐུའི་རྣམ་པ་མཛེས་ལ་ཡིད་དུ་འོང་བ། ནུ་འབུར་རྒྱས་ལ་རྡོ་རྗེ་སྐྱིལ་ཀྲུང་སྒོས་པད་མའི་གདན་ལ་བཞུགས། སྐུའི་ཁོ་མོ་ཡུག་ཏུ་རྩ་འཁྱིལ་མེ་ཏོག་དང་བཀྲ་ཤིས་པའི་རི་མོ་སོགས་ཀྱིས་མཛེས་པར་སྤྲས་ཡོད།  དེང་ལྷ་ཁང་ཞིག་གསོ་གནང་ཡོད་ན་ཡང་སྐུ་གསུང་རྟེན་གཅིག་ཀྱང་མེད། ཐེངས་འདིར་དུས་ཀྱི་དབང་གིས་བརྟག་དཔྱད་ཞིབ་ཚགས་ཤིག་བགྱིས་མ་ཐུབ་ཀྱང་རྗེས་ཕྱོགས་ནས་འདིའི་སྐོར་གྱི་ཡིག་ཆ་འཚོལ་སྡུད་དང་འབྲེལ་ཡོད་ལོ་རྒྱུས་ཀྱི་དཔྱད་གཞི་བསྡུ་རུབ་བྱ་བར་དགོས་པ་ཆེན་པོ་ལྡན།

སྒྲོལ་མ་ལྷ་ཁང་ལ་ལྟ་སྐོར་ཚར་རྗེས་མུ་མཐུད་དུ་རྫོང་དཀར་ཆོས་སྡེ་དགོན་པར་བརྟག་དཔྱད་དུ་ཕྱིན། ཆོས་སྡེའི་མིང་གཞན་ལ་དགའ་ལྡན་འཕེལ་རྒྱས་གླིང་ཟེར་ལ། དགོན་པ་རྫོང་གི་ལྷོ་ངོས་ཀྱི་མཚོ་ངོས་མཐོ་ཚད4050ལྷག་གི་སར་ཆགས། དགོན་པའི་སྤྱིའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་1800ལྷག་ཡོད་ལ། ཆགས་ཚུལ་ནི་གྲུ་བཞི་དབྱིབས་ལྟར་མངོན། ཤར་ནུབ་ཀྱི་རིང་ཚད་ལ་རྨིད་60དང་ལྷོ་བྱང་གི་རིང་ཚད་ལ་རྨིད་30ལྷག་ཡོད།  དགོན་པ་ནི་ཕྱི་ར་དང་སྒོ་ཁྱམས།  འདུ་ཁང་།   མཆོད་རྟེན་བཀྲ་ཤིས་སྒོ་མང། ལྟུང་བཤགས་ལྷ་ཁང་། བླ་བྲང་དང་གྲྭ་ཤག་སོགས་ཀྱིས་གྲུབ།   འདུ་ཁང་གསུམ་ཐོག་ལྟར་སྣང་མོད་དེང་ཐོག་བརྩེགས་གཉིས་ལས་མེད།  དགོན་པ་འདི་སྔོན་ཆད་རྙིང་མའི་ལུགས་སུ་གཏོགས་ཀྱང་རྗེས་སུ་དགེ་ལུགས་པའི་གྲུབ་མཐར་བསྒྱུར་བའི་ལོ་རྒྱུས་དགོན་པའི་གྱང་ངོས་སུ་བཀོད་ཡོད་ན་ཡང་ཡིག་འབྲུ་རབ་རིབ་ལྟར་མངོན་པའི་གསལ་བོར་མཐོང་མི་ཐུབ།  འདུ་ཁང་གི་ཤར་ལྡེབས་ལྷོ་ངོས་སུ་འཇིགས་སུ་རུང་བའི་དགོན་པའི་སྲུང་མ་མགོན་པོ་བཀྲ་ཤིས་བྲིས་ཡོད་ལ།

སྐུ་འདིའི་སྣང་བརྙན་ནི་སྐུ་ལུས་ནག་ལ་སྤྱན་གསུམ་བགྲད་པ། ཕྱག་གཡོན་ལ་དར་ཆ་དང་གཡས་ལ་ཐག་ནག་བཟུང་བ། ཆིབས་རྟ་ནག་པོ་ལ་ཞོན་ནས་སྐེད་ལ་མདའ་ལྟུང་། དགྲ་སྟ་སོགས་བཏགས་པ་དང ་།  རྒྱབ་ལ་མེ་རིདང་འཁོར་དུ་ཁྱི་དང་སྤྱང་ཀི་སོགས་བཀོད་པ་བྲིས་ཡོད། གྱང་ལྡེབས་ཀྱི་དཀྱིལ་ངོས་སུ་དུས་གསུམ་སངས་རྒྱས། དེའི་གཡས་སུ་དབུ་ལ་པཎ་ཞྭ་དང་སྐུ་ལ་ན་བཟའ་སེར་པོ་གསོལ་བའི་བླ་སྐུ་ཞིག་ཁྲི་དམར་པོ་སྟེང་རྡོ་རྗེ་སྐྱིལ་ཀྲུང་ངང་བཞུགས་པ། དེའི་གཤམ་ཆར་སྟོན་པའི་འཁོར་དང་མཆོད་པའི་ལྷ་མོ་སོགས་ཀྱིས་ཕྱག་ཟུང་ཐལ་མོ་སྦྱར་ཏེ་མཆོད་པ་ཕུལ་བའི་ཚུལ་སོགས་བྲིས་ཡོད།

གྱང་གི་གཡས་ངོས་སུ་དབུ་ལ་རྟ་མགོ་བརྒྱན་པའི་རྟ་མགྲིན་མེ་རི་འཁྲིག་པའི་དབུས་སུ་རྫིག་སྟབས་སུ་འགྱིང་བ་དང་།       དེའི་འོག་ལ་མཆོད་པའི་ལྷ་མོ་དང་གཤམ་ཆར་མེ་ཏོག་པད་མ། སྤྲིན་དཀར། རྡོ་རྗེ་རྒྱ་གྲམ། ཆོས་འཁོར་སོགས་ཀྱིས་བརྒྱན་ཡོད། ཤར་ལྡེབས་ཀྱི་བྱང་ངོས་སུ་སྒྲོལ་མ་ཉི་ཤུ་རྩ་གཅིག་གི་སྐུ་བརྙན་དང་དཔལ་ལྡན་དམག་སོར་རྒྱལ་མོ། མགོན་པོ་ཕྱག་དྲུག་སོགས་དང་། ནུབ་ལྡེབས་ལྷོ་ངོས་ཀྱི་དབུས་སུ་ཤྰཀྱ་ཐུབ་པ་དང་གཡས་སུ་སངས་རྒྱས་འོད་སྲུང་།   གཡོན་ལ་རྗེ་བཙུན་བྱམས་མགོན་སོགས་བྲིས་ཡོད། དུས་གསུམ་སངས་རྒྱས་ཀྱི་གོང་འོག་ཏུ་ཡི་དམ་དང་བྱང་སེམས་སོགས་དང་། གོང་གི་གཡོན་ནས་མི་ལ་རས་པ། གངས་རིན་པོ་ཆེ། རྗེ་ཙོང་ཁ་བ། ཚེ་དཔག་མེད་དང་འོག་གི་གཡོན་ལ་སངས་རྒྱས་འོད་སྲུང་དང་སྒྲོལ་མ་སོགས་དང་།  ཤར་ལྡེབས་ཀྱི་ལྡེབས་བྲིས་འཇིག་ཉེན་ཐེབས་ཡོད་ཕྱིར་ལྔ་བ་ཆེན་མོའི་སྐུ་བརྙན་དང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ལྡེབས་རིས་ཁ་ཤས་མ་གཏོགས་གསལ་བོ་མི་མཐོང་།  ལྷོ་ལྡེབས་ཀྱི་ལྡེབས་རིས་ཡོངས་སུ་འཇིག་ཏེ་གཅིག་ཀྱང་མཐོང་མི་ཐུབ། ཡིན་ན་ཡང་དགོན་པའི་ནང་ལོགས་སུ་ལྷག་པའི་ལྡེབས་རིས་གཞན་དག་ལ་ཡང་འཇིག་ཉེན་ཤིན་ཏུ་ཆེ་བས་འབྲེལ་ཡོད་སྡེ་ཁག་གིས་སྲུང་སྐྱོབ་གནང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ཚད་དུ་སླེབས།

དགོན་པ་འདི་རིག་གནས་གསར་བརྗེ་སྐབས་སུ་གཏོར་སྐྱོན་ཚབས་ཆེན་ཐེབས་པས་ད་ལྟ་ཤུལ་ཙམ་ལས་ལྷག་མེད་མོད། དམངས་གཙོ་བཅོས་སྒྱུར་དང་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ལག་བསྟར་གནང་རྗེས། རྫོང་དཀར་ཤང་གི་ཤང་ཀྲང་བློ་བཟང་གིས་མ་དངུལ་བཏང་ནས་ཆོས་སྡེ་དགོན་པའི་བྱང་ངོས་སུ་ལྷ་ཁང་ཆུང་ཆུང་ཞིག་དང་གྲྭ་ཤག་གསུམ་བརྒྱབ་ཏེ་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད། དེ་མིན་སྔོན་དགོན་པའི་འདུ་ཁང་དང་ལྷ་ཁང་ཁག་གི་རྟེན་གཙོ་ལི་མའི་སྐུ་བཅུ་ཕྲག་ལྷག་དང་ཏྭ་མིང་སྐབས་ཀྱི་སྦུག་ཆལ་སོགས་མཛོད་ཉར་གནང་ཡོད།

བརྟག་དཔྱད་ཀྱི་སྐབས་འདི་དང་བསྟུན་ནས་པར་ཁ་ཤས་བརྒྱབ་འདོད་ཀྱང་དགོན་པའི་གོ་གཉེར་ཀྱི་ཆོག་མཆན་མ་ཐོབ་ཕྱིར་རེ་ཞིག་བཏང་སྙོམས་སུ་མི་འཇོག་ག་མེད་བྱུང་།གཞན་ཟུར་དུ་གླེང་དགོས་པ་ནི་དགོན་པའི་ནང་ཞ་ཉེ་ཡི་སྒྱོགས་འདེལ་ཆེན་པོ་ཞིག་ཡོད་ལ། དགོན་པའི་གྲྭ་བཙུན་གྱི་གསུངས་གསལ་ལ་གོར་དམག་གིས་བེད་སྤྱོད་བཏང་མྱོང་བས་མེ་རྫས་སུ་བཤད། དེ་ལ་ང་རང་གི་པར་ཐབས་ཆག་ཅིག་བླངས་བ་ལས་དེའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་མི་ཤེས། དེ་ནས་གུང་ཐང་རྒྱལ་མཁར་ལ་ལྟ་སྐོར་བྱས་རྗེས་ཐེངས་འདིའི་བརྟག་དཔྱད་ཡོངས་སུ་མཇུག་རྫོགས།

སྤྱི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་སྐྱིད་གྲོང་ནས་ས་སྐྱར་ཆས། ལམ་བར་དུ་སྐྱིད་རོང་ནས་གསར་དུ་བསླབས་པས་རོང་གཞས་ལེན་ཞོར་དུ་སྔོན་གྱི་ལམ་སྣ་བརྒྱུད་དེ་ཕྱིར་ལོག རོང་གཞས་ཀྱི་གཞས་ཚིག་འདི་ལྟར་ སྐྱིད་རོང་སྐྱིད་པའི་ཡུལ་དུ། ལུང་ཆུང་ཆང་ས་དར་ས། འོ་ལོ་སེམས་པ་ཕྲ་མོ། ལུང་ཆུང་དེ་ལ་ཤོར་སོང་།. གནམ་མཁའ་ཡར་ལ་བལྟས་པས། སྐར་མ་སྟོང་ཕྲག་འགྲོ་གིན སྐར་མ་སྨིན་དྲུག་འདྲ་བ། སྐར་མ་གཅིག་ཀྱང་མི་འདུག ས་གཞི་མར་ལ་བལྟས་པས། མེས་པོ་མང་པོ་འགྲོ་གིན དྲིན་ཅན་ཕ་མ་འདྲ་བ། མེས་པོ་གཅིག་ཀྱང་མི་འདུག་ཅེས་པའི་གླུ་སྒྲ་དང་བཅས་བདེ་ལེགས་ངང་གཞིས་རྩེ་ལ་འབྱོར།