རྩོམ་པ་པོ་ཅང་ཞུའེ་ཆིན་ནི། པེ་ཅིན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་(北京大学附属中学 – 北大附中)གི་སློབ་གཙོ་གཞོན་པ་དང་སློབ་གྲྭ་དེ་གའི་རྒྱལ་སྤྱི་ཚན་ཁག་གི་འགན་འཛིན་ཡང་ཡིན།

གཟའ་འཁོར་སྔོན་མའི་ནང་ངས་ཧྲིན་ཀྲིན་གྱི་སློབ་ཆུང་ཞིག་ལ་ལྟ་སྐོར་བྱས། ལྟ་སྐོར་གྱི་བརྒྱུད་རིམ་ཁྲོད་ནས་སློབ་གསོའི་འགག་རྩ་དེ་མངོན་གསལ་དོད་པོ་ཆགས་པར་མ་ཟད། ལྟ་སྐོར་དེ་ནི་ནམ་ཡང་བརྗེད་ཐབས་བྲལ་བའི་ཉམས་མྱོང་ཞིག་ཀྱང་ཡིན།  ངས་འཛིན་རིམ་དང་པོ་ཞིག་ལ་དབྱིན་ཡིག་ཁྲིད་པའི་སློབ་ཁྲིད་ཅིག་ལ་ཉན་པ་ཡིན། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེ་ནི་སློབ་གྲྭ་དེའི་དགེ་རྒན་ལེགས་ཤོས་དེ་ཡིན་ཟེར་གྱིན་འདུག། ཁོང་མོ་ནི་འོག་འཇུག་དཀར་པོ་ཞིག་དང་ཕུར་མ་ནག་པོ་ཞིག་གྱོན་པའི་མཛེས་ཤིང་ཡིད་དབང་འཕྲོག་པའི་གཞོན་ནུ་མ་ཞིག་སྟེ། ཕར་བལྟས་ཚོད་ཀྱིས་ལོ་ངོ་ཉི་ཤུའི་ནང་ན་ཡོད་པ་ཞིག་རེད། འཛིན་གྲྭ་དེ་ནི་འགྲེམས་སྟོན་འཛིན་གྲྭ་ཞིག་སྟེ། དཔོན་པོ་དང་མི་སྣ་གལ་ཆེན་ལྟ་སྐོར་དུ་ཡོང་དུས་དགེ་རྒན་དེ་ཡིས་སློབ་མ་སུམ་ཅུ་སོ་ལྔ་དེར་སློབ་ཁྲིད་བྱེད་ཀྱིན་ཡོད་འདུག

སློབ་ཐུན་གཅིག་གི་སྐར་མ་བཞི་བཅུའི་་ནང་དུ། དགེ་རྒན་དེས་སྟངས་འཛིན་ལེགས་ཤིང་གོ་རིམ་ལྡན་པའི་སྒོ་ནས་ཐོག་མར་སློབ་མ་ཚོར་བསླབ་དེབ་ནས་ཀློག་འདོན་བྱས་ཤིང་། དེའི་རྗེས་ལ་ཁོང་གིས་སློབ་མ་ཚོ་མཉམ་རུབ་ཀྱིས་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། དེ་ནས་ཁོང་གིས་ཐ་སྙད་གསར་པའི་རི་མོ་སྟོན་ཞོར་ཐ་སྙད་དེའི་ཀློག་སྟངས་ཀྱི་སྒྲ་ལ་ཉན་དུ་བཅུག་རྗེས་ཡང་སྐྱར་སློབ་མ་ཚོ་མཉམ་རུབ་ཀྱིས་སྦྱོང་བརྡར་བྱེད་དུ་བཅུག་སྟེ།  མཐའ་མར་ཐ་སྙད་ཀྱི་རྒྱུགས་ཆུང་ཞིག་བླངས་ནས་སློབ་ཐུན་དེའི་མཇུག་བསྒྲིལ་སོང་།

མུན་ནག་པའི་འཛིན་ཁང་དུ་ངས་སློབ་མ་ཞིག་གིས་གླལ་མོ་བྱེད་ཅིང་རྐང་བརྐྱངས་ལག་བརྐྱངས་བྱས་ཏེ། སློབ་ཁྲིད་དེ་ནི་ཇི་འདྲའི་ལས་སླ་ཞིང་སུན་སྣང་གིས་ཁེངས་པའི་རྣམ་འགྱུར་བསྟན་པ་མཐོང་བྱུང་། སྤྱིར་ན། ཕར་ལ་བལྟས་ཚོད་ཀྱིས་སློབ་ཐུན་འདིའི་ནང་དུ་བྱེད་སྒོའི་རྣམ་གྲངས་མང་ཞིང་སློབ་མས་ཟང་ཟང་ལིང་ལོང་གིས་ཤེས་བྱ་སྦྱང་བརྩོན་བྱེད་ཀྱིན་པའི་རྣམ་འགྱུར་མཐོང་ཐུབ། འོན་ཀྱང་། དོན་དངོས་སུ་སློབ་གསོ་འབྱུང་གིན་མེད། འཛིན་རིམ་དང་པོའི་སློབ་མའི་བློ་རིག་གསལ་ཞིང་ རྣོ་བས་་ཤེས་བྱ་མང་པོ་ཞིག་རང་ཤུགས་སུ་འབྱོར་གྱིན་ཡོད། དེར་བརྟེན། ཁོང་ཚོ་ལ་ངེས་པར་དུ་བྱིས་སྒྲུང་ཀློག་འདོན་བྱེད་རྒྱུ་ལས་ཐ་སྙད་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། དེ་ལས་ཀྱང་བློ་འཚབ་སྐྱེས་དགོས་པ་ནི། དགེ་རྒན་གྱིས་རང་གི་མིག་མདུན་དུ་ཡོད་པའི་སློབ་མ་དང་སློབ་མའི་སེམས་ཁམས་ལ་དོ་སྣང་མི་སྤྲོད་པ་དེ་རེད། འདི་ནི་སློབ་གསོའི་གལ་ཆེན་རང་བཞིན་ལ་སྣང་མེད་བྱས་ཏེ་ཕྱིའི་སྣང་ཚུལ་གཙིགས་ཆེན་དུ་བཟུང་བའི་རྒྱ་ནག་པའི་དཔེ་མཚོན་ཞིག་སྟེ། དགེ་རྒན་གྱིས་སློབ་མའི་དགོས་མཁོ་དང་སློབ་ཁྲིད་ལ་སྤྲོ་སྣང་ཡོད་མེད་ལ་དོ་ཁུར་སྤུ་ཙམ་ཡང་མི་བྱེད་པར། དུས་རྒྱུན་ལྟར་སྟེགས་བུའི་སྟེང་ནས་འཕྲུལ་ཆས་ཀྱི་མི་བཞིན་བསླབ་དེབ་ཀློག་འདོན་བྱེད་པ་དང་། མཉམ་རུབ་ཀྱི་སྦྱོང་བརྡར་ནི་སློབ་ཕྲུག་ཚོ་ཚོགས་ཆུང་དུ་བགོས་ཏེ་དབྱིན་སྐད་དང་རྒྱ་སྐད་འདྲེས་མ་བཤད་པར་སྐུལ་འདེད་བྱེད་ཀྱི་ཡོད་པས། དེ་ནི་ངལ་བར་འབྲས་མེད་ཀྱི་སློབ་གསོ་ཞིག་རེད། དགེ་རྒན་གྱི་སྣང་མེད་ཀྱི་འདུ་ཤེས་དེ་ཡིས་སློབ་མའི་ཤེས་འདོད་ཀྱི་འདུན་པ་དང་སློབ་སྦྱོང་གི་སྤྲོ་སྣང་དེ་དག་སློབ་ཁྲིད་འདི་འདྲའི་བརྒྱུད་རིམ་ཁྲོད་ནས་བོར་བརླག་བྱུང་སྟེ། སློབ་སྦྱོང་ལ་ འདུན་པ་ཡེ་ནས་མེད་པ་དང་ལེ་ལོ་ཅན་དུ་བསྒྱུར་བ་རེད།

སློབ་ཆུང་གི་དགེ་རྒན་ཕུལ་བྱུང་ཅན་ཞིག་གིས་རང་གི་སློབ་མའི་ཤེས་འདོད་ཀྱི་འདུན་པ་དང་། དེའི་ཐད་ཀྱི་བློ་རིག་གི་ནུས་པ། ད་རུང་སློབ་མ་སྣ་འདུས་ཀྱི་གོ་སྐབས་བཅས་ལ་དགའ་སྣང་སྐྱེ་ཞིང་དེ་ལ་གཅེས་སྤྲས་བྱེད་དགོས། འོན་ཀྱང་་། རྒྱ་ནག་སློབ་ཆུང་གི་དགེ་རྒན་དག་གིས་ལག་པ་ཡར་འགྱོགས་མཁན་གྱི་སློབ་མ དག་ལ་སྣང་མེད་དང་། དྲི་བ་འདྲི་མཁན་གྱི་ཁ་འགོག་པ། སློབ་མ་གཞན་དང་མི་འདྲ་བའི་སློབ་མ་ཁྱད་པར་ཅན་ལ་ཉེས་ཆད་གཅོད་པ་སོགས་ཀྱི་སློབ་གསོ་ཐོབ་ཡོད་སྟབས། རྒྱ་ནག་གི་བུད་མེད་འདིས་རང་ཉིད་ལ་ཐོབ་པའི་སློབ་གསོ་དེར་བསྟུན་རྒྱུ་མང་དྲགས་འདུག

སློབ་ཁྲིད་ཀྱི་གོ་རིམ་ཚགས་ཚུད་ཅིག་བསྒྲིགས་ནས་སློབ་ཁྲིད་ཀྱི་བྱེད་སྲོལ་རྙིང་ཞིང་ཕན་འབྲས་མེད་པ་དེ་བཀོལ་སྤྱོད་བྱས་ཏེ་ཆེས་གལ་གནད་ཆེ་བའི་སློབ་གསོའི་ཁོར་ཡུག་དེ་ཆེས་སྟབས་བདེ་ཅན་ཞིག་ཏུ་བསྒྱུར་བ་དེས། དགེ་རྒན་གྱིས་སློབ་མར་རང་ཤུགས་སུ་ཡོད་པའི་སློབ་སྦྱོང་གི་སྤྲོ་སྣང་དང་ཤེས་འདོད་ཀྱི་འདུན་པ་སོགས་ཡོངས་སུ་མེད་པར་ གཏོང་གིན་ཡོད་པར་མ་ཟད། བྱིས་པའི་དྭངས་གཙང་གི་སེམས་པས་འཛམ་གླིང་གི་ཡོད་ཚད་ལ་འཚོལ་བཤེར་དང་། ཡོད་ཚད་ཀྱི་མཐའ་མཚམས་ལ་དོགས་སློང་བྱ་བའི་འདུ་ཤེས། ཤེས་བྱའི་བློ་སྒོ་འབྱེད་པའི་སྒེའུ་ཁུང་སོགས་ལ་གྲིབ་ནག་འཐིབས་ཤིང་། ཁོང་ཚོའི་རང་དབང་གི་གཤོག་པ་བཅད་ནས་ཁོང་ཚོའི་མཐའ་སྐོར་ལ་བཀག་འགོག་གི་རྩིག་པ་དེ་དག་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་པའི་སྣང་ཚུལ་དེ་མཐོང་བས་ངས་ཡིད་ཕངས་ཤིང་སྐྱོ་བ་གཏིང་ནས་སྐྱེས་བྱུང་།

བཤད་སྟངས་གཞན་ཞིག་བྱས་ན། ངས་ཧྲིན་ཀྲིན་སློབ་གྲྭ་ཞིག་གི་འཛིན་རིམ་དང་པོ་ནས་ཉམས་ལེན་བྱས་པ་དེ་ནི། མིའི་རིགས་ཀྱི་རྣམ་ཤེས་དེ་ཤེས་མེད་ཚོར་མེད་ངང་རིམ་གྱིས་མེད་པར་བཟོ་བཞིན་ཡོད་པ་དང་གཉིས་སུ་མ་མཆིས། ངས་སློབ་གྲྭའི་མཐའ་སྐོར་ལ་ལྟ་སྐོར་དུ་འགྲོ་དུས། ངས་འཛིན་རིམ་དང་པོའི་སློབ་མའི་མིག་ནང་ནས་མཐོང་བའི་ཤེས་ཡོན་སྦྱང་འདོད་ཀྱི་འདུན་པའི་མེ་ལྕེ་དེ་སློབ་མ་རྒན་པ་ཚོའི་མིག་ནང་ནས་དེ་སྔ་ནས་ཡལ་ཚར་ཡོད་པ་མཐོང་ལ། དེ་ནི་སློབ་གསོ་ཡིན་པར་འདོད་པའི་བརྒྱུད་རིམ་ཁྲོད་ནས་ཐོན་པའི་རང་བཞིན་གྱི་མཇུག་འབྲས་ཏེ་ངལ་བ་ལ་དངོས་གནས་འབྲས་བུ་མེད་པ་དེའོ།།

སེམས་ཁམས་རིག་པ་བ་མེས་ཧ་ཡ•ཆེ་ཀི་མེས་ཧ་ཡ་(Mihaly Csikszentmihalyi)ཡིས་བརྩམས་པའི་དེབ་༼སེམས་ཁམས་རིག་པའི་ཉམས་ལེན་ལེགས་བྱང་གི་བཞུར་རྒྱུན༽ཞེས་པའི་ནང་། ཁོང་གིས་ཕུལ་བྱུང་སློབ་གསོ་ཉམས་ལེན་གྱི་ལེགས་བྱང་དེ་འཛིན་ཁང་ནང་དང་། ཁྱིམ་ཚང་ནང་། གཞུང་སྒྲུབ་ཁང་སོགས་སུའང་བཀོལ་སྤྱོད་ཆེ་བར་བརྗོད་ཡོད་ལ། ཁོང་གིས་ཁྱད་ཆོས་ལྔ་ཡི་སྟེང་ནས་ཕུལ་བྱུང་ཁྱིམ་ཚང་སློབ་གསོའི་ཉམས་ལེན་སྐོར་གསལ་བཤད་བྱས་ཡོད་པ་སྟེ།

༼དང་པོ༽ཕྱི་གསལ་ནང་གསལ་ཡིན་པ། ཡང་ན། ཕ་མས་བུ་ཕྲུག་ལ་རེ་བ་གང་ཞིག་བཅངས་ཡོད་པ་དེ་བུ་ཕྲུག་གིས་ཀྱང་ཤེས་རྟོགས་ཡོད་ཅིང་། ཕན་ཚུན་གྱི་རེ་བ་དང་དམིགས་ཡུལ་ནི་ཐར་ཐོར་དང་དམ་དུམ་མིན་པར་ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གོང་བུ་ལྟ་བུ་ཞིག་ཡོད་པ།
གཉིས་པ༽སྐབས་བབས་ཀྱི་གལ་ཆེན་རང་བཞིན་དེ་གཙིགས་ཆེན་དུ་བཟུང་ཡོད་པ། ཡང་ན། བྱིས་པའི་བག་ཆགས་ལ་ཕ་མའི་དོ་སྣང་སྤྲོད་ཡུལ་དེ་ནི། མ་འོངས་པར་སློབ་ཆེན་ལེགས་པོ་ཞིག་ཏུ་འཚུད་མིན་དང་། སྤྱི་ཚོགས་སུ་བརྩི་མཐོང་དང་གདེང་འཇོག་ཅན་གྱི་ལས་གནས་ཤིག་ཐོབ་ཐུབ་མིན་དེ་མིན་པར། སྐབས་བབས་བྱིས་པའི་ཅི་ཞིག་སྒྲུབ་བཞིན་པ་དེའི་ཐད་ཀྱི་བསམ་སྦྱོར་དང་ལག་ལེན་དངོས་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་རྒྱུ་སོགས་གཙིགས་ཆེན་དུ་བཟུང་ཡོད་པ་དེ་ཡིན།
༼གསུམ་པ༽ གདམ་གསེས་ཀྱི་རང་བཞིན་ལྡན་པ།  ཡང་ན། བྱིས་པའི་བསམ་བློར་ཅི་ཞིག་ཡིན་རུང་གདམ་གསེས་ཀྱི་འདམ་ཀ་ཡོད་པའི་སེམས་སྦྱོར་དེ་ཡོད་ལ། མཇུག་འབྲས་ཅི་བྱུང་དེར་གདོང་ལེན་བྱ་བའི་གྲ་སྒྲིག་ཡོད་ཚེ། ཐ་ན་ཕ་མའི་བཀོད་འདོམས་སམ་ཡང་ན་ཁྱིམ་ཚང་གི་སྒྲིག་གཞི་ལའང་བརྩི་སྲུང་མི་བྱ་བའི་གདམ་གསེས་ཡོད་པ་དེ་རེད།
༼བཞི་པ༽ཉམས་ལེན་དངོས་སུ་ཞུགས་ཐུབ་པའི་གཤིས་ཀའི་ཁྱད་ཆོས་ལྡན་པ། ཡང་ན། རང་ཚུགས་ཐུབ་ལ་རང་རྐྱ་འཕེལ་ཞིང་འཚེར་སྣང་དང་རྣམ་རྟོག་མེད་པའི་སྒོ་ནས་སོ་སོའི་དགའ་ཞེན་དང་འབྲེལ་བའི་ངོ་མར་ཞུགས་པའི་རང་རྟོན་ལྡན་དགོས་དེ་རེད།
༼ལྔ་པ༽ གདོང་ལེན་ཐུབ་པ། ཡང་ན། ཕ་མས་རང་གི་བུ་ཕྲུག་གི་བློ་ནུས་དང་སྟོབས་ཤུགས་དེར་འགྲན་རྩོད་གྱི་རང་བཞིན་ལྡན་པའི་གོ་སྐབས་འདྲ་མིན་བསྐྲུན་པར་འདོད་པའི་ཆོད་སེམས་དང་དེའི་སྙིང་སྟོབས་བཅས་ཡིན།

ཧྲིན་ཀྲིན་གྱི་སློབ་ཆུང་དེས་གོང་དུ་བརྗོད་ཟིན་པའི་ཁྱད་ཆོས་ལྔ་ལས་གཅིག་ཀྱང་ལག་ལེན་དུ་བསྟར་ཐུབ་མེད་པར་མ་ཟད། ཚད་གཞི་མཐོ་ཞིང་ཁྱད་དུ་འཕགས་པའི་སློབ་གསོ་སྤྲོད་བཞིན་པའི་ཚུལ་འཆོས་ཏེ། དགེ་རྒན་གྱིས་སློབ་མས་ཤེས་ཡོན་སྦྱང་བར་སྐུལ་འདེད་དང་གཞོགས་འདེགས་བྱེད་ཁུལ་བྱེད་ཀྱིན་ཡོད་པ་ལས། དོན་དངོས་ཐོག་སློབ་མ་ཚོས་ཁ་ཁི་སིམ་པོའི་ངང་བསྡད་དེ་ཡིག་རྒྱུགས་ཀྱི་འབྲས་བུར་མཐོང་ཆེན་དུ་བཟུང་བའི་སློབ་གསོ་དང་། སློབ་ཁྲིད་བྱེད་སྲོལ་རྙིང་པར་བཟུང་བའི་མཁྲེགས་འཛིན་གྱི་ལྟ་བ། སློབ་ཁང་སློབ་ཁྲིད་དང་སློབ་མའི་སྦྱང་བརྩོན་གཉིས་ཡ་བྲལ་ཆགས་པའི་སློབ་ཁྲིད་བྱེད་སྟངས། སྤྲོ་སེམས་འབྱིང་བའི་བསྐྱར་ཟློས་ཡང་ཟློས་སོགས་ལ་བློ་རྩེ་གཅིག་སྒྲིམ་བྱེད་རྒྱུ་དེ་རེད།

ལྟ་སྐོར་དེའི་མཇུག་ལ་ངས་འཛིན་རིམ་དྲུག་པ་ཞིག་ལ་ལྟ་སྐོར་བྱས་ཤིང་། ལྟ་སྐོར་བྱེད་དུས་འཛིན་རིམ་དྲུག་པའི་སློབ་མ་ཚང་མ་ཡིག་རྒྱུགས་ཤིག་ཏུ་འཐིམས་འདུག ཡིག་རྒྱུགས་དེ་ནི་དབྱིན་ཡིག་གི་ཐ་སྙད་ཀྱི་ཉན་རྒྱུགས་ཤིག་སྟེ། སྒྲ་སྡུད་འཕྲུལ་འཁོར་ནས་སྒྲོག་པའི་དབྱིན་ཡིག་གི་ཐ་སྙད་དེ་ལན་འདེབས་ཤོག་བུའི་སྟེང་གི་ཐ་སྙད་དག་ལས་གདམ་གསེས་བྱས་ནས་སྒོར་རྟགས་བཀོད་དགོས་ཀྱི་འདུག ངས་འཛིན་ཁང་དུ་ཡར་འགྲོ་མར་འགྲོ་བྱེད་སྐབས་སློབ་མ་ནན་ཏན་ཅན་ཞིག་ལ་དོ་སྣང་བྱུང་། མོའི་ལན་འདེབས་ཤོག་བུའི་སྟེང་ལ་བལྟས་པས་ན། མོས་སྒོར་རྟགས་བཀོད་པའི་ལན་ནོར་འདུག་པར་མ་ཟད། ཞིབ་ཏུ་བལྟས་དུས་མོས་བཀོད་པའི་ལན་ཆ་ཚང་་ནོར་འདུག་པ་མཐོང་། དེ་བས། མོས་འགྲམ་གྱི་འདུག་རོགས་ཀྱི་ལན་འདེབས་ཤོག་བུའི་སྟེང་ལ་བལྟས་རྗེས་གཞི་ནས་མོའི་ལན་འདེབས་ཤོག་ངོས་དེ་ནོར་ཡོད་པ་ཤེས། རྒྱ་ནག་གི་བུ་མོ་གཞོན་ནུ་མ་དེ་ནི་ཕར་བལྟས་ཚོད་ཀྱིས་ནན་ནན་ཏན་ཏན་དང་གྲུང་ཤ་དོད་པོ་ཞིག་ཡོད་ཅིང་། མོས་ཉན་རྒྱུགས་ཀྱི་ལན་འདེབས་ཤོག་བུའི་ཤོག་ངོས་འགྲིག་ཡོད་མེད་དེ་ཙམ་ལའང་དོ་ཁུར་མི་བྱེད་པར་སྣང་མེད་རེད། ཡང་ན། གཞོན་ནུ་མ་དེ་ཡིས་སློབ་ཕྲུག་གཞན་དག་ལས་ཅི་ཞིག་ཤེས་ཡོད་སྲིད།

སྤྱི་ལོ་ ༢༠༡༨ ཟླ་ ༤ ཚེས་༣༠ ལ།

 

ཅང་ཞུའེ་ཆིན་གྱི་མ་རྩོམ་ལ་གཟིགས་ན་གཤམ་དུ་དྲ་འབྲེལ་བྱོས།
https://thediplomat.com/2011/06/resistance-futile-in-chinese-class/#/respond