དཔེ་ཀློག་ནི་མི་ཚེ་དང་འདྲ་བས། དེར་དམིགས་ཡུལ་གསལ་པོའི་ཐོག་དྲངས། རྩ་དོན་དང་ཁ་ཕྱོགས་ཡོད་ན་འོས། ངོས་རང་གིས་དུས་སྐབས་མང་པོའི་དཔེ་ཀློག་ནི་དགའ་མོས་ལ་བསྟུན་ཏེ་འགྲོ་བཞིན་ཡོད། ནར་མའི་འཚོ་བའི་ཁྲོད་རྒྱུ་མེད་རྐྱེན་མེད་ཀྱིས་དཔེ་ཆ་བསློག་པ་ཞེས་པ་ནི། གང་ལ་མོས་ན་དེ་ཀློག་པ་ལ་བྱ། ལོ་ན་བཅུ་ཕྲག་ལ་སོན་དུས། ངོས་རང་དྲག་རྩལ་བརྩམས་སྒྲུང་ལ་བལྟ་རྒྱུར་དགའ། ཕིན་ཅང་པོ་ཞོ་ཧྲིན་གྱི《རྒྱལ་ཁམས་ཁྲོད་ཀྱི་ངོ་མཚར་བའི་དྲག་རྩལ་དཔའ་རྒོད།》ནི་སྐབས་དེ་དུས་ཀྱི་སྤྲོ་སྣང་ཆེ་ཤོས་ཤིག་ཏུ་བསམས་ཡོད།

སློབ་འབྲིང་ལ་ཐོན་རྗེས། རྟག་པར”པེ་ཕིང་དཔེ་མཛོད་ཁང་།”དུ་དུས་དེབ་དང་ཚགས་ཤོག དེ་མིན་གསར་དུ་ཐོན་པའི་གླེགས་བམ་དག་བཀླགས་པ་ཡིན། སྐབས་དེ་དུས་ཆེས་བཀླག་སྤྲོ་བ་ནི་ལིའང་ཆི་ཁྲོ་ཡི་དཔེ་ཆ་ཡིན། ངེད་ཅག་མི་རབས་འདིའི་མི་མང་ཆེ་ཤོས་ཀྱི་ཤེས་བྱའི་འབྱུང་ཁུངས་ནི་ལིའང་ཆི་ཁྲོ་ཡིན། རྩོམ་རིག་གསར་བའི་སྐོར་གྱི་བརྩམས་ཆོས་ལའང་རྒྱུན་པར་མཇལ་པ་ཡིན། དེའི་སྐོར་ནས་ཞི་ཀྲི་མོ་ཡི་སྙན་ངག་དང་ལོའུ་ཞུན་གྱི་འབོལ་རྩོམ་དག་ལ་ཅུང་དགའ་བོ་ཡོད། ཞི་ཀྲི་མོ་ཡི་སྙན་ངག་དག་ངག་ལ་ལན་འགའ་གྱེར་ཚེ། བློ་ལ་ངེས་སླ་བོ་ཡོད་ཅིང་། ལུའུ་ཞུན་གྱི་འབོལ་རྩོམ་ནི་ཚ་འདྲི་དང་། རྣོ་དབལ་ལྡན་ཐོག རྒྱལ་དམངས་ཀྱི་སྐྱུག་བྲོའི་རང་གཤིས་རྗེན་ཆེར་དུ་བཏོན་འདུག་རྐྱེན། འདི་ལྟ་བུའི་བློ་སྤོབས་ནི་ངེད་ཅག་མི་མང་ཤོས་ལ་ཡེ་ནས་མངའ་བ་མ་ཡིན། དུས་དེར། ཧྥིན་ཙི་ཆི་ལ《ནུབ་གླིང་འཛུགས་སྐྲུན་གཏམ་བཤད།》ཟེར་བའི་དེབ་ཅིག་ཡོད། དེར་གནའ་བོའི་ཀེ་རེ་སིའི་ལྷ་རབས་ནས་མགོ་བརྩམས་ཏེ་གླེང་ཡོད་པས། ཤིན་ཏུ་ཀློག་སྤྲོ་བོ་བྱུང་། ཏག་ཏག་དེབ་འདིས་ངོས་རང་ལ་ནུབ་ལྷོ་མཉམ་སྒྲིལ་སློབ་གྲྭ་ཆེན་མོའི་”ས་ཤིང་ཆེད་ལས”་ལ་མིང་ཐོ་བཀོད་དུ་བཅུག

ཡིན་ནའང་། དཔེ་ཀློག་ལ་དགའ་མོས་ཁོ་ནས་ག་ལ་ཆོག་སྟེ། ད་དུང་རྩ་དོན་ཞིག་ཀྱང་དགོས། ནང་སྒོས་སུ། ང་ཚོས་གྲ་སྒྲིག་བྱས་ཏེ་ཉམས་ཞིབ་བྱེད་པའམ།བརྗོད་བྱ་ཞིག་གསལ་འདོན་བྱེད་པ། ཡང་ན། ཅི་ཞིག་ཤེས་འདོད་དང་། དོགས་གནད་གང་ཞིག་ལ་ལན་ལྡོན་བསམས་དུས།དམིགས་འབེན་གསལ་བ་དང་། ཁ་ཕྱོགས་ཡོད་པ། མ་ལག་རང་བཞིན་གྱི་དཔེ་ཀློག་ནི་གལ་ཆེན་པོར་ཆགས་ཡོད། གནད་འདི་ནི། དཔེ་ཀློག་དང་མི་ཚེ་འདྲ་བོ་ཡོད་སའི་ཆ་རེད། དཔེ་ཀློག་གི་ཕན་ཁེ་མེད་པའི་ཕྱོགས་ནི། དཔེར་ན། དུས་འདའ་བྱེད་དང་། དགའ་ཁ་མོས་ཕྱོགས་ཁོ་ན་ཙམ་ཡིན་པའི་དཔེ་ཀློག་དེ་དག་ཡིན། འོན་ཀྱང་། ཕན་ཁེ་ཆེ་བའི་ཟུར་ཡང་ཡོད་དེ། དཔེར་ན། མི་ཆེ་གེ་མོས་རྫས་འགྱུར་ལ་ཉམས་ཞིབ་བྱེད་དགོས་ཐུག་པ་དང་། ཉམས་ཞིབ་ཀྱིས་སྨན་རྫས་རིགས་ཤིག་གསར་དུ་བཏོན་དགོས་པ་བྱུང་ཚེ། ཁོའི་དཔེ་ཀློག་ནི་དམིགས་ཡུལ་འདི་ལ་གཟས་ནས་ལྟ་རྟོག་བྱེད་པའོ།། དཔེ་ཀློག་ལ་དམིགས་ཡུལ་གསལ་བོ་ཡོད་ན་རིགས་ཤིང་། རྩ་དོན་དང་ཁ་ཕྱོགས་དགོས། དམིགས་པ་གསལ་བའི་དཔེ་ཀློག་ནི་ཁ་ཚ་དགོས་གཏུགས་སོ།།

མི་ཞིག་གིས་གྲུབ་འབྲས་ལེན་བསམ་ན། ཕྱོགས་གསུམ་གྱི་ཆ་རྐྱེན་ལྡན་དགོས་ཏེ། གཅིག་ནི་ལྷན་སྐྱེས་ཀྱི་ཤེས་རབ་དང་། གཅིག་ནི་ཁོར་ཡུག གཞན་གཅིག་ཤོས་ནི་མི་སྒེར་གྱི་བརྩོན་འགྲུས་ཡིན། མི་སྒེར་གྱི་བརྩོན་འགྲུས་རྩོམ་པ་ལ་ཐབས་དགོས་ཏེ། ལུས་ཤུགས་དང་། རྒྱུན་རིང་བའི་ལས་ཀའི་དུས་ཚོད། ལས་ཀའི་དྲག་ཞན་ཚད་མཐོར་གཏོང་བ་འབའ་ཞིག་གིས་མི་ཆོག དཔེ་ཆ་ཀློག་པ་ཡང་དེ་དང་འདྲ་སྟེ། དཔེ་ཀློག་བཟང་དང་མི་བཟང་། སྲོག་བསྡོས་ཀྱིས་ལས་ཀ་བྱས་མ་བྱས་ལ་འབྲེལ་བ་མེད་དེ། ཉིན་མཚན་གཉིས་ཀར་རླངས་འཁོར་བསྐོར་བ་ནི། ངས་ནི་ཐབས་དམ་པར་མ་མཐོང་། ཡིག་འབྲུ་གཅིག་ཀྱང་མ་བཀླག་ཚེ། ཡིག་རྨོངས་པར་ཆགས་ངེས་པས། ལམ་དེ་ཡང་འཛོལ་བ་རང་རེད། དཔེ་ཀློག་ནི་ཟ་མ་ཟ་བ་དང་འདྲ་བར་མ་ཟས་ན་ལྟོགས་ངེས་ཤིང་། ཟས་དྲགས་ན། ཕོ་བའི་མི་ཐེག་པའི་ཚོད་དུའོ།

ངོས་རང་རྒྱལ་ཕྱིའི་དཔེ་མཛོད་ཁང་ཁ་ཤས་ལ་ཕྱིན་མྱོང་། ཀྲུང་གོ་དང་བསྡུར་ཚེ། མྱོང་བ་ཟབ་མོ་སྟེར། རྒྱལ་ཕྱིའི་དཔེ་མཛོད་ལ་རང་དབང་ཧ་ཅང་ཆེ་སྟེ། ཁྱེད་རང་ཉིན་ཞག་ཧྲིལ་བོར་ནང་དུ་བསྡད་ཆོག དཔེ་ཆ་ཅི་ཞིག་བཀླག་མིན་དང་། ཡུན་ཅི་ཙམ་ལ་བལྟ་མིན་ཐད་སྤྱིར་བཏང་དུ་སྟངས་འཛིན་ཐེབས་མི་སྲིད། རྒྱལ་ནང་དཔེ་མཛོད་ཁང་གིས་ཧ་ལམ་འདི་ལྟར་སྒྲུབ་མི་ཐུབ་པར་འདོད། དཔེ་རེ་བཞག་ན། དཔེ་མཛོད་ཁང་ལ་ཤས་ལ་དཀྱུས་མའི་ཀློག་པ་པོ་ཕྱིན་མི་ཆོག གལ་ཏེ་ཕྱིན་ན། དཔེ་གཡོར་ཡི་གེ་འབྲི་དགོས་ཤིང་། ཐེངས་གཅིག་ལ་དེབ་གསུམ་ནས་ལྔ་མ་གཏོགས་གཡོར་མི་ཐུབ་ལ། དེ་ཡང་ལས་ཀ་བྱེད་མཁན་གྱིས་ཁྱོད་ལ་རོགས་བྱས་ཏེ་འཚོལ་བ་རེད།

དཔེ་མཛོད་ཁང་གི་དམིགས་ཡུལ་ནི་ག་འདྲ་ཞིག་ཡིན་ན་འགྲིག་གམ་ཞུ་ན། དཔེ་ཆ་འཁོར་རྒྱུག་བྱེད་དུ་འཇུག་རྒྱུ་དེ་ཡིན། ཀློག་པ་པོ་མང་པོ་ཡོང་ནས་དཔེ་གཟིགས་གནང་དུ་དགོས་ལ། ཀློག་པ་པོ་ཇི་ལྟར་མང་ན་དཔེ་ཆ་ཀློག་པ་དེ་བཞིན་དུ་མང་པོར་ཕྱིན་ཏེ། དཔེ་མཛོད་ཁང་འདིས་སྤྱི་ཚོགས་ལ་ཤན་ཐེབས་ཐེབས་ཚུལ་ཆེར་འཕེལ་ངེས། ཇི་སྟེ་དེ་འདྲ་ཡིན་ནའང་། རང་ཅག་གི་དཔེ་མཛོད་ཁང་ནི་གནའ་རྫས་ཉར་ཚགས་ཁང་དང་འདྲ་སྟེ། དཔེ་ཆ་རིག་དངོས་བཞིན་དུ་སྲུང་སྐྱོབ་བྱེད། དཀྱུས་མའི་ཀློག་པ་པོས་དཔེ་སྒྲོམ་ལས་དཔེ་ཆ་ཐད་ཀར་ལེན་རུང་མིན་ནི། གཅིག་བྱས་ན་བསམ་བློ་གཏོང་དགོས་ས་ཞིག་ཏུ་འདོད། དཔེ་མཛོད་ཁང་ནི་གནའ་རྫས་ཉར་ཚགས་ཁང་མ་ཡིན། དཔེ་མཛོད་ཁང་གི་དམིགས་ཡུལ་ནི་དཔེ་དེབ་འཁོར་རྒྱུག་བྱེད་པ་དང་། ཀློག་པ་པོ་མང་པོས་ཧ་ཅང་སྟབས་བདེ་ངང་དཔེ་ཀློག་བྱེད་ཐུབ་པ་བཟོ་རྒྱུ་དེའོ།། །།

རྩོམ་ཁུངས།《མི་དམངས་ཉིན་རེ་ཚགས་པར། 》    2011 /4 /19ཉིན།
* ལོ་ཙཱ་བ་དང་ལོ་རྒྱུ་རིག་པ་སྨྲ་བ། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ།