དིང་སང་རྩོམ་འབྲི་མཁན་ཕལ་མོ་ཆེས་ཁོ་མོ་ཞེས་པའི་མིང་འདི་བུད་མེད་གཞན་པ་བོད་པའི་བརྡ་ལ་སྦྱོར་བཞིན་འདུག་མོད། ཡི་གེ་རྙིང་བ་མང་པོ་ན་དེ་ཉིད་བུ་མོ་ང་རང་ཞེས་པའི་དོན་འབའ་ཞིག་ཏུ་སྤྱད་ཡོད་ཅིང་། དེ་དག་གི་ཁུངས་སོགས་རེ་རེ་བཞིན་དྲངས་ཚེ་ཡི་གེའི་ལས་སུ་ཆེ་ཞིང་། དགོས་པ་ཡང་ཆེར་མེད་པས་ཉུང་ལ་བསྡུས་པ་ཞིག་གིས་གོ་ཆོད་པ་བྱས་ཏེ་ཅུང་ཟད་གླེང་བར་བྱའོ།

༡ དེ་ཡང་<< མདོ་མཛངས་བླུན>> དུ། དེ་ནས་བདེ་བས་རྒྱལ་པོའི་བཀའ་བཞིན་དུ་ཁ་ཟས་ཐོགས་ཏེ། ཚུལ་ཁྲིམས་དྲན་པར་བྱས་ནས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སྲིན་མོ་ལམ་པ་དང་ཕྲད་དོ། དེའི་ཚེ་སྲིན་མོ་དེ་བུ་ལྔ་བརྒྱ་གསར་དུ་བཙས་པས་བཀྲེས་སྐོམ་གྱིས་ཉེན་ཏེ། བདེ་བ་འོངས་པར་མཐོང་ནས་བཟའ་བར་གཟས་སོ། ། དེའི་ཚེ་དགེ་བསྙེན་མ་ཚུལ་ཁྲིམས་མ་ཉམས་པས་སྲིན་མོས་མཐོང་ནས་ཕྱིར་སྐྲག་སྟེ། དགེ་བསྙེན་མ་ཁྱོད་ཀྱིས་ཁྱེར་བའི་ཁ་ཟས་ལས་ཅུང་ཟད་ཅིག་བསླང་ངོ་ཞེས་སྨྲས་པ་དང་། དགེ་བསྙེན་མས་ཀྱང་ཉུང་ངུ་མ་ཞིག་བྱིན་ཏེ། བྱིན་པ་ཉུང་མོད་ཀྱི་སྲིན་མོའི་མཐུས་མང་དུ་མང་དུ་སྤྲུལ་ནུས་པས་སྲིན་མོ་མ་སྨད་ཤིན་ཏུ་འགྲངས་པར་གྱུར་ཏོ། དེ་ནས་སྲིན་མོས་དགེ་བསྙེན་མ་ལ་ཁྱོད་ཀྱི་མིང་ཅི་ཞེས་དྲིས་པ་དང་། ཁོ་མོ་ནི་བདེ་བའོ་ཞེས་སྨྲས་སོ། འོ་ན་ཁོ་མོ་མ་སྨད་ཀྱང་ལྟོགས་པ་ལས་ཁྱོད་ཀྱིས་གསོས་ཀྱི། ཁོ་མོ་འདུག་ས་འདི་ན་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལྡོག་པའི་ལམ་དུ་ཁྱེར་ཅིག་ཅེས་” བྱུང་བ་ལས་དགེ་བསྙེན་མ་བདེ་བ་དང་སྲིན་མོ་གཉིས་ཀྱིས་རང་གིས་རང་ལ་ཁོ་མོ་ཞེས་བོད་བཞིན་ཡོད་ལ། གལ་ཏེ་སྐབས་འདིའི་ཁོ་མོ་ཞེས་པ་ང་དང་ཁྱེད་མིན་པའི་གང་ཟག་གཞན་པ་མོ་རང་ལྟ་བུ་ཡིན་ན། ཁོ་མོ་ནི་བདེ་བའོ་ཞེས་པ་དང་། ཁོ་མོ་མ་སྨད་ཀྱང་ལྟོགས་པ་ལས་ཞེས་སོགས་འབྱུང་མི་སྲིད་པས་ཁོ་མོ་ཞེས་པ་ནི་བུ་མོ་ང་རང་གི་དོན་ཡིན་པའི་སྒྲུབ་བྱེད་གཅིག་དེ་ནས་སོ།

ཡང་དེའི་འཕྲོ་དེ་མ་ཐག་ཏུ།སྲིན་མོ་དེ་ཡིས་༢” ཁྱོད་ཕར་འགྲོ་ན་ཁོ་མོའི་ནུ་མོ་ཨ་ལམ་པ་ཡང་ལམ་ཀ་ན་འདུག་སྟེ་ཁྱོད་དང་ཕྲད་ཀྱིས་ཁོ་མོའི་འཕྲིན་དུ་ཁྱོད་བདེ་འམ། ཁོ་མོ་ཡང་བུ་ལྔ་བརྒྱ་བདེ་བར་བཙས་སོ་ཞེས་གྱིས་ཤིག དེ་ནས་དགེ་བསྙེན་མ་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་རིང་བོར་མ་ལོན་པར་ཨ་ལམ་པ་དང་ཕྲད་དོ། ཨ་ལམ་པ་ལ་ཕུ་མོའི་འཕྲིན་དང་གཏམ་སྙན་པ་བྱས་པ་ལེགས་ཀྱི། ཞེས་སོགས་བྱུང་བ་གོང་གི་ལུང་དང་མཐུད་དེ་ཞིབ་འཇུག་བྱས་ན་ཁོ་མོ་ནི་མོ་ང་རང་ཞེས་པའི་དོན་ཡིན་པ་གསལ་བོར་རྟོགས་ཐུབ། ཡང་ཁ་ཅིག་གིས་དེ་ཙམ་གྱིས་ཁོ་མོའི་དོན་འགྲེལ་མི་རིགས་ཏེ། དཔེ་ཆ་གཞན་དུ་གོ་བ་གཞན་ཡོད་ཅེས་སྨྲ་སྲིད་མོད། ཁོ་བོས་ཐ་སྙད་དེ་དཔེ་རྙིང་མང་པོ་ནས་མཐོང་ཞིང་དོན་ཡང་བུ་མོ་ང་རང་ཞེས་པ་འབའ་ཞིག་ཏུ་སྤྱད་པ་མཐོང་ཞིང་།ཁྱེད་ཅག་ཡིད་ཆེས་པའི་ཕྱིར་ལུང་གཞན་པ་འགའ་ཡང་དྲངས་པར་བྱས་ན།

༣<<མ་ཎི་བཀའ་འབུམ>>དུ། དེ་ལ་སྤྱན་ཆབ་གཡས་པ་ལས་ལྷ་མོ་སྒྲོལ་མ་དང་། སྤྱན་ཆབ་གཡོན་པ་ལས་ལྷ་མོ་ཁྲོ་གཉེར་ཅན་བྱོན་ནོ།། སྒྲོལ་མའི་ཞལ་ནས་རིགས་ཀྱི་བུ་སེམས་ཅན་གྱི་དོན་བྱེད་པ་ལ། བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུང་ངོ་།། ལྷ་མོ་ཁྲོ་གཉེར་མའི་ཞལ་ནས་རིགས་ཀྱི་བུ་སེམས་ཅན་གྱི་དོན་བྱེད་པ་ལ་ཐུགས་གཡེལ་བར་མ་མཛད་ཅིག ཁོ་མོ་ཅག་གཉིས་ཀྱིས་ཀྱང་རིགས་ཀྱི་བུ་ཁྱེད་ཀྱི་གྲོགས་བྱའོ་གསུངས་ནས། སླར་སྤྱན་གཡས་གཡོན་དུ་ཐིམ་པར་གྱུར་ཏོ། ཞེས་པའི་ཁྲོད་ཀྱི་ཁོ་མོ་ཅག་ཅེས་པ་ཡང་བུ་མོ་ང་ཅག་ཅེས་པའི་དོན་ཉིད་དོ ། ཡང་ཁ་ཅིག་གིས་འདི་ནས་ཁོ་མོ་ཅག་ཟེེར་ཙ་ན་ཁོ་མོ་དང་མི་འདྲ་བར་ཁོ་དང་མོ་རང་སོགས་སྟོན་པར་འགྱུར་ཟེར་ན། ཁོ་བོ་དང་ཁོ་བོ་ཅག་ཀྱང་མི་འདྲ་བར་ཕྱི་མས་ཁོ་ཚོ་ཞེས་པའི་དོན་སྟོན་དགོས་པར་འགྱུར་མོད། དེ་ལྟ་བུར་ཡོང་ཡེ་ཐམས་ཅད་དུ་མི་འགྱུར་བས། ཁོ་མོ་ཅག་ཟེར་བ་ཡང་ཁོ་མོའི་མང་ཚིག་ཙམ་ལས་གཞན་མིན་ནོ།།

དེ་བཞིན་དུ།༤<< ཇོ་བོ་རྗེའི་རྣམ་ཐར་ཆོས་ཀྱི་འབྱུང་གནས>>སུ་ཡང་”དེ་ནས་ལྷོ་ནུབ་ཤ་ཟ་མཆེད་ལྔ་དང་།། བྱང་ཤར་མཚམས་ཀྱི་ཤ་ཟ་མཆེད་ལྔ་དང་།། དབུས་ཀྱི་གཙོ་བོ་ཤ་ཟ་མཆེད་གཉིས་ཏེ།། མཁའ་འགྲོའི་ཆས་སུ་ཤ་ཟ་བཅུ་གཉིས་བྱུང་།། བདག་ཅག་རྣམས་ཀྱང་བསྟན་པ་བསྲུང་བའི་ཕྱིར། ། བླ་མ་ཁྱེད་ཀྱི་རྗེས་སུ་བོད་དུ་འགྲོ། ། ཁོ་མོ་ཅག་གིས་བོད་དུ་མ་ཕྱིན་ན། བརྟན་མ་བཅུ་གཉིས་ཁྱེད་ཀྱི་དགྲ་རུ་ལྡང་།། ཁོ་མོ་ཅག་གིས་དེ་དག་དམ་ལ་བཏགས།། རང་རང་སྲོག་སྔགས་ལ་སོགས་རྗེ་ལ་ཕུལ།།” ཞེས་བྱུང་ཞིང་དེ་རུ་ཁོ་མོ་ཅག་བྱ་བ་ཡང་གོང་ལྟར་ང་ཅག་ཅེས་པའི་དོན་ཡིན་པ་གོ་སླའོ།

གཞན་སོག་པོ་རྟ་དབྱངས་ཀྱིས་སོག་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་༥་<<ཧྥ་ཞན་གྱི་ལམ་ཡིག>> ཏུ་ཡང་། “སྐབས་ཤིག་ཏུ་དེ་དག་གིས་ཡབ་རྒྱལ་པོའི་ཡུལ་ཁམས་གཞོམ་པར་བྱས་པ་ལས། རྒྱལ་པོས་སེམས་ཁོང་དུ་ཆུད་པ་ན། བཙུན་མོ་ཆུང་བས་དེའི་རྒྱུ་རྐྱེན་དྲིས་པས། རྒྱལ་པོས་སྨྲས་པ། ཡུལ་ཆེ་གེ་མོའི་རྒྱལ་པོ་ཤིན་ཏུ་དཔའ་ཞིང་འགྲན་ཟླ་མེད་པའི་བུ་སྟོང་ཕྲག་གཅིག་ཡོད་ཅིང་། དེ་དག་གིས་ངེད་ཀྱི་ས་ཆ་འདི་འཕྲོག་པར་བརྩམས་ཤིང་། དེས་ཁོ་བོ་སེམས་གདུངས་སོ་ཟེར་བ་དང་། བཙུན་མོ་ཆུང་བས་སྨྲས་པ། སེམས་གདུང་བར་མ་བྱེད་ཅིག གྲོང་ཁྱེར་གྱི་ཤར་ངོས་སུ་སྤྱིལ་བུ་མཐོན་པོ་གཅིག་བརྩིག་ཏུ་བཅུག་ལ། དགྲ་བོ་དེ་དག་སླེབས་པ་ན་ཁོ་མོ་སྤྱིལ་བུའི་ཐོག་ཏུ་ཞོག་ཅིག ཁོ་མོས་དེ་དག་ལ་བཟློག་པའི་ཐབས་བགྱིད་དོ་ཟེར་བ་དང་”ཞེས་བྱུང་བའི་ཁྲོད་ཀྱི་ཁོ་བོ་དང་ཁོ་མོ་དག་ཀྱང་རྒྱལ་པོ་དང་བཙུན་མོ་རང་ཉིད་ལ་གོ་བ་ཞིབ་འཇུག་བྱས་པ་ཙམ་གྱིས་ཧ་གོ་ཐུབ་པོ།།

ཡང་<<དག་ཡིག་གསར་བསྒྲིག་>> སྔ་མ་རུ། ཁོ་བོ་ཞེས་པ་སྐྱེས་པ་བདག་གམ་རང་ཉིད་ཅེས་སོགས་སུ་བཀྲལ་རྗེས་ད་ལྟའི་འབྲི་སྲོལ་དུ་ཁོ་བོ་ཁོ་མོ་མི་གསུམ་པའི་ཚབ་མིང་དུ་བྱེད་ཅེས་བཤད་པ་ཡང་ཧ་ཅང་གྱི་ན་བའི་ཚིག་ཙམ་སྟེ། ཐ་སྙད་ཀྱི་གོ་དོན་རྩོམ་པ་པོ་ཁ་ཤས་ཀྱི་ནོར་འཁྲུལ་དང་བསྟུན་ནས་གང་དགར་བཅོས་ཆོག་པར་འདོད་པ་འདྲ་ཡང་དེ་རྣམ་པ་ཀུན་ཏུ་མི་ཆོག འོན་ཀྱང་༦<<དག་ཡིག་གསར་བསྒྲིག་དག་བཅོས་མ>> རུ། ཁོ་མོ་ནི་མོས་རང་ཉིད་སྟོན་པའི་ཚབ་ཚིག་སྟེ། ཁོ་མོའི་སེམས་ལ་དེ་ལྟར་སྙམ་མོ། ཞེས་འབྱུང་བ་ཧ་ཅང་ཐུགས་དག་གོ

དེས་ན་ཁོ་བོ་ཞེས་པ་ནི་ཕོས་རང་ཉིད་སྟོན་བྱེད་ལ་སྦྱོར་བའི་མིང་དང་ཁོ་མོ་ཞེས་པ་ནི་མོས་རང་ཉིད་སྟོན་བྱེད་ལ་སྦྱོར་བའི་མིང་ཡིན་པ་ཤེས་པར་བྱའོ།།

ལུང་ཁུངས།
༡ ༢ <<མདོ་མཛངས་བླུན>> མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༢༠༠༣ལོའི་ཟླ་༡༢པར་ཐེངས་༢་བ་དཔར། ཤོག་ངོས།༢༣༥-༢༣༦

༣ <<མ་ཎི་བཀའ་འབུམ>> བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། ༢༠༡༣ལོའིཟླ་༡པོར་ཐེངས་༢བ་དཔར། ཤོག་ངོས།༥

༤<<ཇོ་བོ་རྗེའི་རྣམ་ཐར་ཕྱོགས་བསྒྲིགས>>མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༡༢པར་ཐེངས་དང་པོ་དཔར། ཤོག་ངོས། ༣༣༤

༥ <<ཧྥ་ཤན་ལམ་ཡིག>>བོད་ཀྱི་དཔེ་བསྐྲུན་ཁང་། ཕྱི་ལོ་༢༠༡༧ལོར་དཔར་ཐེངས་གཉིས་པ་བསྐྲུན། ཤོག་ངོས། ༥༩

༦<<དག་ཡིག་གསར་བསྒྲིག་དག་བཅོས་མ>> མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་། ༢༠༡༥ལོའི་ཟླ་༡༢པར་དཔར་ཐེངས་༡༧པ་དཔར། ཤོག་ངོས་༧༥