བོད་ཀྱི་ཡི་གེའི་འདས་པའི་ལོ་རྒྱུས་ལ་གཞིགས་ཤིང་ད་ལྟའི་གནས་བབ་ལ་བསམ་ན། བཅད་གཉིས༼ བཀས་བཅད་དང་སྐད་གསར་བཅད་ཀྱི་མིང་བསྡུས་པ།༽འདི་ངེས་པར་དུ་ལག་ཏུ་ལེན་དགོས་ཤིང་། མ་བླངས་ན་ཁེ་ལས་ཉེན་ཆེ་བའི་དོན་འབའ་ཞིག་ཏུ་ཟད་རྐྱེན།ཁོ་བོས་འདིར་སྐད་གསེང་མཐོན་པོས་བོད་ཡིག་ལ་བཅད་གསུམ་པའམ་བཞི་པ༼བཀས་བཅད་ལྟར་ན་གསུམ་པ་དང་སྐད་བཅད་ལྟར་ན་བཞི་པའོ།།༽བྱེད་རན་ཞེས་ཨག་འདེབས་འདོད། དོན་དམ་པར་རན་པ་རྐྱང་བ་ཙམ་མ་ཡིན་པར་འཕྱིས་དྲགས་པས་ང་ལ་འགྱོད་པ་དང་འཇིགས་པ་བསྡབས་མར་སྐྱེས་འོང་ཞིང་། གལ་ཏེ་དུས་འདི་དང་གནས་འདི་ནས་ལག་ཏུ་མ་བསྟར་ན་ང་ཚོའི་སྐད་ཡིག་འདི་སིལ་བར་ཆད་ཅིང་འཁྱམ་ནས་འཆི་བར་འགྱུར།

འགའ་རེས་བཅད་གཉིས་ལས་བཀས་བཅད་ཅེས་པ་འདི་ལོ་ཙཱ་རྐྱང་མའི་ངོས་ཀྱི་དོན་བྱ་ཉག་ཅིག་ཏུ་དགོངས་ནས་དེའི་འགྱུར་ཡིག་གཅིག་གྱུར་ཁོ་ནར་འབད་བཞིན་པ་མཐོང་ཞིང་། ས་ཆ་དང་ལུང་གྲོག་རེ་འགར་སྐད་ཡིག་གཅིག་གྱུར་ཞེས་དར་ཆ་ཆུང་ངུ་འཕྱར་ནས་རང་སེམས་གསོ་བའང་རིག ཡིན་ནའང་དོན་དམ་པར་བཀས་བཅད་ཅེས་པ་འདི་ལོ་ཙཱའི་སྐབས་གཅིག་པུར་གོ་ན་ཁྱབ་ཆུང་བས་སྐད་ཡིག་སྤྱིའི་བཅོས་བསྒྱུར་དང་། ལེགས་སྒྲིག དག་སེལ་རིགས་ཤིག་ཏུ་བལྟས་ན་འཚམ་ལ། སྐད་བཅད་དང་ནུས་པ་རིགས་གཅིག་ཏུ་བཟུང་ན་ཧ་ཅང་ལེགས་པར་སེམས།སྤྱིར་སྐད་བཅད་དང་བཀས་བཅད་གཏན་ནས་འདྲ་བ་མིན་ལ། དེང་གི་ཚེ་ཉ་ཉུང་བསྲེ་བ་ལ་ཁྲེལ་ཆེན་མོ་མེད་པས་གཅིག་ཏུ་གོ་བའང་མང་དུ་སྣང་སྟེ། ཕྱོགས་གཞན་ནས་ལབ་ན། དོན་གཅིག་ཏུ་གོའང་འགལ་ཆ་མེད་དེ། གཉིས་ཀའི་ནུས་པ་མཚུངས་པས་སོ།།

འདིར་སྐད་བཅད་དང་བཀས་བཅད་ཀྱི་ཁྱད་པར་ལས་འཕྲོས་ཏེ། དེའི་དགོས་པ་དང་ཉིང་དགོས་ཁ་ཚ་དགོས་གཏུགས་མ་འདི་ལབ་པར་བྱ། གཅིག ཁྱད་པར་ལ་གཉིས་ཀའི་གོ་དོན་མི་འདྲ། ལོ་རྒྱུས་གྲངས་ཐེངས་མི་འདྲ།ཁ་གཏད་ཡུལ་མི་འདྲ། སྐད་བཅད་ཅེས་པ་ནི་འབྲི་སློག་མི་བདེ་བའི་བརྡ་རྙིང་སྐོར་ཞིག་གི་ཟུར་དོར་ཏེ་ཀློག་བདེ་བའི་ཡི་གེར་གཏན་ལ་ཕབ་པར་གོ་ལ། བཀས་བཅད་ནི་བཙན་པོ་གང་གིས་བཀའ་བསྟན་བསྒྱུར་བའི་ཐད་མཛད་པའི་ཐག་བཅད་ལ་ཟེར། ལོ་རྒྱུས་སྟེང་ཡོངས་གྲགས་སུ་སྐད་བཅད་ཐེངས་གསུམ་གནང་མྱོང་བར་བཤད་དེ། ཁྲི་སྲོང་དང་པོ་དང་ཁྲི་ལྡེ་གཉིས་པ། རིན་བཟང་གསུམ་པའོ།། བཀས་བཅད་གཉིས་ལས་བྱས་མ་མྱོང་། དང་པོ་ཁྲི་སྲོང་སྐབས་དང་གཉིས་པ་ཁྲི་རལ་ནས་ཁྲི་ལྡེ་བར་རོ།། སྐད་བཅད་གཙོ་བོར་ཡི་གེ་སྤྱིར་གཞོལ་ཞིང་།བཀས་བཅད་ནི་ལོ་ཙཱའི་བརྡར་ཁྱབ་པ་མང་།༼༢༽འདི་ལྟ་བུའི་བྱེ་བྲག་གི་ཁྱད་པར་མང་ནའང་གཉིས་ཀས་ཐུན་མོང་དུ་བོད་སྐད་ཡིག་ཁྲོད་ཀྱི་ཐ་སྙད་བཅོས་བསྒྱུར་དང་གཅིག་གྱུར་གནང་བའི་དོན་ཁྱད་མེད་དུ་མཚོན་པར་བྱེད་པས་ན། ད་ལྟའི་ཡུལ་ཕྱོགས་ཁ་འཐོར་བ་དང་སྐད་ཡིག་སིལ་ཆད་ཀྱི་གནས་བབ་འདིར་ངེས་པར་དུ་མཁོ་ཞིང་མཁོ་བ་སྐོམ་པ་ཆུ་འདོད་ཀྱི་དཔེ་རུ་ཟད། དེ་བས་མཁས་ཆེན་བླ་ཆེན་དཔོན་ཆེན་ཚོས་དབུ་དྲངས་ཏེ། གྲོས་བགྱིས། དཔྱད་པ་བཏང་། ཞིབ་འཇུག་བྱས། སྡོམ་ཚིག་བཀོད་དེ་བཅོས་བསྒྱུར་དང་གཅིག་གྱུར་ལ་འབད་པ་ཁ་ཚ་དགོས་གཏུགས་སུ་སྣང་སྟེ། གསལ་བཤད་ཀྱི་དཔེ་ཞེས་པ་ལྟར་འདིར་དཔེ་འགའ་དྲངས་ཏེ་འདིའི་དོན་གོ་ར་སྤྲད་པར་བྱ། བསྡུས་ན་དཔེ་གསུམ་གྱིས་ཆོག་བསམ་སྟེ།

དང་པོ། ད་དྲག་གི་ཉོག་རྫོབ།

སྤྱིར་ད་དྲག་འདི་སྔོན་ནས་བཅད་པས་ད་ལན་གང་ལ་ད་དྲག་འཐོབ་པ་དང་མི་འཐོབ་པའི་མཚམས་བགར་དཀའ་ཞིང་། ད་དྲག་གི་གནད་ཁ་མ་ཆོད་ན་དུས་གསུམ་རྣམ་དབྱེ་དང་བཅས་པ་སྦྱོར་ཁག་པས་ཉོག་རྫོབ་འདི་ངེས་པར་དུ་སེལ་དགོས་ཏེ། ཁོ་བོས་དེ་སྔར་འདིའི་ཐད་ནས་བྲིས་རྩོམ་ཞིག་སྤེལ་མྱོང་ཡང་མི་ཆུང་ལ་ངོ་ཆུང་བས་དོན་ཆེ་ཡང་གད་སྙིགས་སུ་མི་འདོར་བ་སུ་མཆིས།དེ་བས་ངོ་ཆེན་ཚོས་ཁ་གྲག་རན། འདིར་མཉམ་མ་བཞག་ན། ད་ལྟའི་སྤྱི་ཚོགས་སུ་སྦྱོར་བ་དང་མི་སྦྱོར་བའི་མཚམས་མ་ཤེས་པར་གང་འདོད་འདོད་དུ་སྤྱོད་པ། དཔེར་ན། ༼ལ་ལས་ཡིན་ཅིང་དང་ལ་ལས་ཡིན་ཞིང་། ལ་ལས་གསལ་ལོ་དང་ལ་ལས་གསལ་ཏོ། ལ་ལས་ཀུན་ཀྱང་དང་ལ་ལས་ཀུན་ཡང་༽དང་། ཐ་ན་རྒྱུན་དུ་ལ་རྒྱུན་ཏུ་རུ་སྦྱོར་བའི་གནས་ཀྱང་ཤིན་ཏུ་མང་བས་འདིར་རྩད་ཞིབ་དང་ཞིབ་འཇུག་བགྱིས་ཏེ། གཏན་ལ་འཁེལ་བ་གལ་ཆེན་དུ་སྣང་ངོ་།། མ་ཡིན་ན་དུས་གསུམ་རྣམ་དབྱེ་དང་བཅས་པ་ཉམས་ཤིང་ཉོག་པར་འགྱུར་བ་ཁོ་བོའི་བྲིས་རྩོམ༼ད་དྲག་དེ་མི་དྲག་པའི་ཚུལ༽ཞེས་པར་གསལ་བས་འདིར་བསྐྱར་བའི་དགོས་པ་མ་མཆིས། གཟིགས་འདོད་པ་ཚོས་དེར་ལྟོས་ཤིག

གཉིས། བྱ་ཚིག་དང་བྱ་ཚིག་མིང་འགྲུབ་ཀྱི་ཉོག་ར།

འདིའི་སྐོར་ཡང་ཁོ་བོས་མང་བོ་ཞིག་ལབ་མྱོང་སྟེ། བོད་ཡིག་ནི་དབྱིན་ཡིག་དང་འདྲ་བར་དུས་གསུམ་གྱི་རྣམ་གཞག་སོ་མ་ཆད་པའི་ཡིག་རིགས་བརྡ་སྤྲོད་ཀྱི་ནུས་པ་ཁྱད་པར་པ་མངའ་བ་ཞིག ཡིན་ནའང་དུས་ཀྱི་སོ་ཁ་ནས་མང་བོ་ཞིག་ཉམས་ཤིང་བོད་ཡིག་ལས་ཚིག་གི་སྦྱོར་བའང་འཁྱར་འཁྱོར་དུ་གྱུར་ཡོད་ལ། ལྷག་པར་ལས་ཚིག་མིང་འགྲུབ་ཀྱི་བྲི་སྲོལ་ཐད་དུས་གསུམ་སྔོན་རྗེས་ཀྱི་དབྱེ་བ་བགར་མ་ཤེས་ལ། ངེས་གཏན་གྱི་རྩ་ཚིག་དང་སྦྱོར་སྲོལ་མ་ཡོད་པར་ཉོག་ར་མང་། དཔེར་ན།སྐྱེད་སྲིང་དང་སྐྱེད་བསྲིང་། སྤྱི་སྡོམ་དང་སྤྱི་བསྡོམས། གཏན་འབེབ་དང་གཏན་འབེབས་ལ་སོགས་གང་ལེགས་གང་འདོར་གྱི་གནད་ལ་སུས་ཀྱང་ཁྲུན་ཐག་མ་ཆོད་པར་གང་དྲན་གང་བསམ་དུ་སྦྱོར་བར་བྱ་སྟེ། འདི་ལྟར་སོང་ན་སྐད་ཡིག་གི་འཆི་ཐག་རིང་མི་སྲིད།

གསུམ། ལོ་ཙཱའི་ཉོག་དྲ།

ལོ་ཙཱ་ནི་སྐད་ཡིག་འཕེལ་རྒྱས་གཏོང་བྱེད་ཀྱི་ལམ་མ་ནོར་བ་ཞིག་ཏུ་བལྟ་རུང་ནའང་། ལོ་ཙཱའི་ལམ་ཕྱོགས་ནོར་ན་བཟང་ལས་ངན་ཆེ་བས་ང་ཚོས་ལོ་ཙཱའི་བྱེད་ཐབས་ཡང་དག་ཅིག་བཙལ་ཏེ།བསྒྱུར་ཟིན་པ་གཅིག་གྱུར་དང་མེད་པ་ལ་རྩ་དོན་གཏན་འཁེལ་གྱིས་མིང་བརྡ་ཚད་ལྡན་དང་གཅིག་གྱུར་ལ་འབད་རུང་ཡང་། ད་ལན་མདོ་དབུས་ཁམས་གསུམ་གྱི་ཡུལ་ཕྱོགས་སོ་སོ་བ་ན་སྐད་ཆ་སིལ་ཆད་པ་ནས་ཡི་གེ་དུམ་བུར་གས་པའི་བརྡ་རྟགས་མངོན་མེད་ཅིག་དུས་དང་དུས་མིན་དུ་མངོན་བཞིན་གདའ། དཔེ་ཙམ་དྲངས་ན།༼政治经济文化 ༽ལ་ཆབ་དཔལ་རིག་གསུམ་དང་སྲིད་འབྱོར་རིག་གསུམ།༼摩托༽ལ་འཕྲུལ་རྟ་དང་སྦག་སྦག་འཁོར་ལོ། མོ་ཏྲ་སོགས་ཤིན་ཏུ་མང་བས་བརྩིས་པས་མི་ལོངས། ཁོ་བོས་འདི་དག་སྐད་ཡིག་འཆི་རྐྱེན་ལ་ཕྱོགས་པའི་མེ་རྟ་རུ་འདོད།འདི་ལྟ་བུའི་ལྟས་ངན་པ་བཅོ་བར་ཐབས་གཞན་མ་མཆིས་མོད། མཆིས་པ་ནི་བཅད་གཉིས་དང་དུ་ལེན་པ་དེའོ།།

བཅད་གཉིས་ཁོ་ནས་ད་གཟོད་ནད་ཀྱིས་ཐེབས་པའི་ཡི་གེ་འདི་དང་དེའི་རྟེན་གཞིར་གྱུར་བའི་སྐད་ཆ་འདི་བསྐྱབ་ནུས་པས་བླ་ཆེན་དཔོན་ཆེན་མཁས་ཆེན་ཚོས་དབུ་དྲོངས་དང་།བོད་ཡིག་རྩ་ཚིག་རྣམ་གཞག་དང་བཅས་པ་འདོར་བ་དོར་ནས་ལེན་པ་བླངས། གཅོད་པ་བཅད་ནས་འདྲེན་པ་དྲངས། བསྲེ་བ་བསལ་ནས་དགར་བ་བགར་སྟེ། སོ་འཆད་བཞིན་པའི་སྐད་ཡིག་འདི་གཤིན་ཡུལ་ནས་བླུ་དགོས།

སྐད་ཡིག་ཡང་དངོས་པོ་གཞན་དང་འདྲ་བར་དུས་ཀྱི་འདོར་ལེན་མ་བརྒྱུད་ན་རལ་ཞིང་འཆི་བ་འགྱུར་བས་ད་ལྟའི་གནས་བབ་སྟེ། རྣམ་གཞག་རྩ་ཚིག་གིས་ཡི་གེའི་སྦྱོར་བ་མ་ཆུམ་པར་བརྡ་འཆལ། ཚིག་འཆལ། ངག་འཆལ་གྱིས་གཏམས་ནས་གོ་བ་སྤྲད་དཀའ་བའི་དུས་སུ། སྐད་དང་ཡི་གེ་གང་དེར་བཟོ་བཅོས་དང་ཕྲི་སྣོན། དག་སེལ་བགྱི་བ་ཁ་ཚ་དགོས་གཏུགས་སུ་སྣང་ཞིང་། ཚད་ཐུབ་ཡང་དག་གི་རྣམ་གཞག་བཟོ་བ་དང་གཏན་ལ་འབེབས་པ་ན་བའི་གསོས་སྨན་དུ་འགྲོའོ།། རྒྱུ་མཚན་དེའི་དབང་གིས་བཅད་གཉིས་འདི་བྱ་འདོད་ན་བྱས་ཤིང་། མ་འདོད་ན་སྐྱུར་ཆོག་པའི་དོན་ཞིག་མ་ཡིན་པར། ངེས་པར་དུ་ལག་ཏུ་བསྟར་དགོས་ཤིང་། དང་དུ་ལེན་རན་པའི་བྱ་ལས་གཙིགས་ཆེ་བ་ཞིག

བཅད་གཉིས་ཁོ་ནས་སྐད་ཡིག་སིལ་ཆད་ཀྱི་གནས་བབ་ཨ་ཙ་མ་འདི་ལས་བསྐྱབ་ནུས་ཤིང་། དུས་ཀྱི་གཤོག་པ་བཙུགས་ཏེ་འཛམ་གླིང་གི་མཁའ་དབྱིངས་སུ་ལྡིང་སྐོར་བརྒྱག་ཏུ་འཇུག་ཐུབ། དེ་བས་ཀུན་པོས་བཅད་གཉིས་ལ་སྐྱབས་སུ་མཆི་བར་གྱིས་ཤིག

དྲ་རྩོམ་པ་མཇུག་མས་བྲིས།

 

 

 

མཆན།
༼༡༽བཅད་གཉིས། བཀས་བཅད་དང་སྐད་གསར་བཅད་གཉིས་ཀྱི་ཚིག་བསྡུས་པར་གོ
༼༢༽འདི་དེབ་དམར་སོགས་ལོ་རྒྱུས་དེབ་ཐེར་དང་དཔང་བོར་བཞག་སྟེ་དཔྱད་ན་ཤེས་སླ།