ས་བུ་ཆེ།

 

དེ་ཡང་། གོང་གི་སྐད་ཆ་བཤད་མཁན་དེ་རིགས་ལ་རིག་གཞུང་གི་སྟེང་ནས་མཁོ༷་བེད༷་རྩ༷་འཛིན༷་རིང༷་ལུག༷ས་ཟེར་ལ་ཨིན་སྐད་དུ་Utilitariansmབྱ།  དེའི་སྒྲ་དོད་ནི་མང་ཤོག་གི་དོན་ལ་ཕན་ཐོགས་ལྡན་པའམ་སྤྱི་ཕྱོགས་ཀྱི་མཁོ་བེད་ཅན་གྱི་སྤྱོད་པ་ཚང་མ་ནི་འོས་མཐུན་ཡིན་པར་ལྟ་བའི་དོན་ཡིན།  དེ་གོ་བར་བྱེད་དགོས་ན། དེའི་མཚན་ཉིད་གཉིས་དབྱེ་འབྱེད་བྱེད་ཤེས་དགོས་སྟེ།   ཁྱད་པར་དེ་གཉིས་ནི་འདྲ་མཉམ་རིང་ལུགས་ཀྱི་འབྲེལ་བའི་སྟེང་གི་ལྟ་ཚུལ་གཉིས་ལ་བབ་ཡོད།  རིགས་དང་པོས་གོང་བུ་གཅིག་གི་མི་བོ་སྒེར་པ་སོ་སོ་འདྲ་འདྲ་གལ་ཆེན་དུ་བརྩི་བ་ཡིན་ལ། དེ་ལ་འདྲ་མཉམ་རྒྱུན་འཛིན་ཟེར།  མི་ཞིག་གིས་མི་གཞན་ལ་འདྲ་མཉམ་དུ་མཐོང་བ་ནི་བཟང༷་སྤྱོད༷་ཅིག་ཡིན་ལ།  བཟང་བོར་སྤྱོད་པ་དེ་ཡིས་མཐར་ཐུག་ན་མི་ཐམས་ཅད་ཀྱིས་གྲུབ་པའི་གོང་བུ་ལ་མཁོ་བེད་ཆེན་པོ་སྒྲུབ་རྒྱུ་ཡིན་པར་འདོད་པར།  འདི་ནི་དེང་རབས་ཀྱི་མཁོ་བདེ་རྩ་འཛིན་རིང་ལུགས་ཀྱི་ལྟ་སྟངས་རྒྱུགས་ཤོས་རེད།   དཔེར་ན་Hale།  Singer་སོགས་ཀྱིས་ལྟ་འདི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དང་གཞན་ཕན་ནི་རང་ལ་ལ་ཕན་པར་བརྗོད་པའི་ནང་ཆོས་ཀྱང་ལྟ་འདིའི་ཕྱོགས་སུ་ཡོད། །  རིགས་གཉིས་པ་ནི།  དམིགས༷་ཡུལ༷་སྨྲ་༷བ༷འི་མཁོ་བེད་རྩ་འཛིན་རིང་ལུགས་ཡིན།  དེ་ཡིས་མི་རྣམས་འདྲ་མཉམ་དུ་ལྟ་བ་ནི་དོན་དངོས་དང་མི་མཐུན་ལ།  འདྲ་མི་མཉམ་པའི་མི་བོ་ལ་འདྲ་མཉམ་གླེང་དགོས་དོན་ནི།  གླེང་ཚུལ་དེ་འདྲ་ཞིག་ལ་སྤྱི་ཡི་མཁོ་བེད་ཆེན་པོ་ཡོད་པ་དང་།  མི་བོའི་འདྲ་མཉམ་ནི་མཁོ་བེད་དེ་འདྲ་ཅི་ཆེར་འབྱུང་བའི་དམིགས་ཡུལ་ལ་བལྟས་ནས་གླེང་གི་ཡོད་པ་ལས་མངོན་སུམ་གནས་ཚུལ་བརྗོད་ཀྱིན་མེད་ཅེས་འདོད་པ་རེད།  དེ་ལྟར་ན། འདྲ་མཉམ་ལས་ཀྱང་སྔོན་དུ་སོང་བ་ནི་དམིགས་ཡུལ་ཡིན་ལ།  སྤྱི་མཐུན་ནམ་གོང་བུ་ཞིག་གི་མཁོ་བེད་ཀྱི་དམིགས་ཡུལ་ཞིག་གི་ཆེད་དུ་མི་བོའི་འདྲ་མཉམ་གླེང་གི་ཡོད་པ་དང་།  མི་བོ་ནི་གོང་བུའི་མཁོ་བེད་ཀྱི་རྒྱུ་ཆ་ཡིན་པར་འདོད།  དེ་བས།  འབྲས་བུའི་ཆ་ནས་རིགས་དང་པོའི་མཁོ་བེད་རྩ་འཛིན་རིང་ལུགས་ཀྱི་ལེགས་འབྲས་ནི་མི་སྒེར་ལ་སྨིན་པ་དང་།  རིགས་གཉིས་པར་མཚོན་ན་འདྲ་མཉམ་ལས་ཐོབ་པའི་འབྲས་བུ་བཟང་པོ་དེ་དག་ནི་མི་སྒེར་མ་ཡིན་པའི་སྤྱི་ཞིག་ལ་སྨིན་འགྲོ་བ་རེད། །

གལ་ཏེ། གཟབ་དོན་ལ་གོ་བ་ཅི་ཡང་མེད་པར་གཡམ་རྒྱུགས་བྱེད་པའི་ཀློའུ་རྒན་དེ་དག་ཕུད་ན།  ང་ཚོས་ངོ་རྒོལ་བྱེད་དགོས་སའི་མཁོ་བེད་རྩ་འཛིན་རིང་ལུགས་པ་ནི་རིགས་གཉིས་པའི་རྗེས་འབྲང་དེ་དག་ཡིན་དགོས།  ནུབ་ལ་མཚོན་ན་Nagel་སོགས་ཡོད་པ་དང་།  བོད་ལ་མཚོན་ན་རྩོམ་འདིའི་ཁ་བྱང་གི་སྐད་ཆ་དེ་འདྲ་བརྗོད་ཕོད་པའི་མི་དེ་དག་ཡིན།   ཁོ་ཚོས་བསམ་བཞིན་པ་ནི་བྱེ་བྲག་མི་བོ་སྒེར་དང་འབྲེལ་བ་མེད་པའི་འབྲས་བུ་བཟང་བོ་ཞིག་ཡིན་ལ།   ཁོ་ཚོས་འདྲ་མཉམ་རིང་ལུགས་དེ་མི་ཡི་འདྲ་མཉམ་གྱི་ཆེད་དུ་བརྗོད་ཀྱིན་མེད་པར།  དམིགས་ཡུལ་ཆེ་གེ་མོ་ཞིག་དོན་དུ་འདྲ་མཉམ་སྤེལ་བཞིན་ཡོད་པ་རེད།  ཁོ་ཚོ་ལ་མཚོན་ན་འདྲ་མཉམ་ནི་ལག་ཆ་ཙམ་ཡིན།   ཁོ་ཚོ་ལ་མཚོན་ན་ལག་ཆ་འདི་ཡིས་མཁོ་བེད་རྩ་འཛིན་རིང་ལུགས་རིགས་དང་པོ་དེ་མགོ་བརྟིང་སློག་ཆོག་པ་ཡིན།  ནུབ་ཀྱི་མཁས་པ་མང་པོས་རིགས་གཉིས་པ་ལ་སུན་འབྱིན་བྱེད་སྐབས།  རིགས་གཉིས་པའི་རྗེས་འབྲང་པ་ཚོས་དམིགས་ཡུལ་བཟང་བོ་སྨིན་དགོས་ས་ནི་གོང་བུ།  སྤྱི་ཚོགས།  སྤྱི་མཐུན་དེ་འདྲའི་ མི་༷མ་༷ཡིན་༷ ཞིག་ཡིན་པ་དང་།  མི་མ་ཡིན་པའི་མི་རིགས་སམ་སྤྱི་ཚོགས་ཤིག་གི་མིང་སྟེང་ནས་སྒེར་པ་ཡོ་བྱད་དུ་བཀོལ་བཞིན་ཡོད་པ་བསྟན་ཡོད།   མི་མ་ཡིན་པ་ཞིག་དམིགས་ཡུལ་བཟང་བོ་ཞིག་གི་ལོངས་སྤྱོད་བྱེད་མཁན་དེ་ཡིན་ཟེར་བཞིན་ཡོད་ན།  དོན་དུ་དེ་ནི་བཟང་སྤྱོད་དང་འབྲེལ་བ་མེད་དེ།  མི་ཁོ་ནར་བཟང་སྤྱོད་ལྡན་པས་ཕྱིར།  མི་ཁོ་ནས་བླང་དོར་གྱི་བཟང་ངན་ངོས་འཛིན་བྱེད་ཤེས་པ་ཡིན་ཙང་།   མི་རིགས་སམ་གོང་བུ་ནི་མི་མ་ཡིན་པས།  དེ་འདྲ་ཞིག་ལ་བླང་དོར་བཟང་ངན་ཟེར་བ་མེད།  །

སྐབས་འདིར།  འདྲ་མཉམ་རིང་ལུགས་དང་མཁོ་བེད་རྩ་འཛིན་རིང་ལུགས་ཀྱི་འབྲེལ་བ་ནི་གནད་ཀྱི་དོན་ཡིན་ལ།  གཞུང་ལུགས་ཀྱི་ངོས་ནས་བཤད་ན། འདྲ་མཉམ་རིང་ལུགས་ཀྱི་བསྐྱར་བཞེངས་ཤིག་ལ་མཁོ་བེད་རྩ་འཛིན་རིང་ལུགས་དགོས་གལ་ཆེ་མོད།  མཁོ་བེད་རྩ་འཛིན་རིང་ལུགས་རིགས་གཉིས་པ་དེ་ཡིས་ཏག་ཏག་འདྲ་མཉམ་རིང་ལུགས་ལ་རྩ་ཚིག་གི་ངོ་ལོག་བྱེད་ཀྱིན་ཡོད་པ་རེད།   གལ་ཏེ་ང་ཚོས་གོང་བུ་ཞིག་གི་མི་སོ་སོ་ལ་འདྲ་མཉམ་གྱི་ཁེ་ཕན་ཡོད་པ་ཁས་བླངས་ན།  མི་རེ་རེ་ལ་ཁེ་ཕན་གྱི་རང་སྐལ་རེ་ཡོད་པ་རིགས་ལམ་བདེན་གྲུབ་བྱས་ཡོད་རེད།།  འོན་ཀྱང་མི་ཁ་ཤས་ནི་རང་གི་འོས་སྐལ་དེ་ཡིས་འདོད་བློ་མི་ཁེངས་བར།  གཞན་གྱི་ཐོབ་སྐལ་ལས་ཀྱང་ཆེ་ཆུང་ཅི་རིགས་ཟ་འདོད་སྐྱེ་བཞིན་ཡོད་པ་རེད། འདི་ལ་selfish preferences་སམ་རང་འདོད་འདམ་ཀ་ཟེར།   ནང་ཆོས་དང་ཅུང་མི་འདྲ་ས་ནི།   རང་འདོད་བདམ་ཀ་དེ་མ་དྲང་བའི་བདམ་ཀ་ཡིན་པ་མ་ཟད།   ནུབ་པས་ད་དུང་external preferencesསམ་གཞན་གཅེས་བདམ་ཀ་དེའང་མི་དྲང་བའི་རིགས་སུ་བཞག་ཡོད།  འདི་ལ་རྩོད་རྒྱུ་སྒྲུབ་རྒྱུ་ཡོད་མོད། འདིར་བརྗོད་གཞི་དང་འབྲེལ་བ་མེད་པས་རེ་ཞིག་སྐྱུར་རྒྱུ་དང་།  ནུབ་ལྟ་ལྟར་དབྱེ་ཞིབ་མུ་མཐུན་བྱེད་རྒྱུ་ཡིན་ན།   གལ་ཏེ་མི་དྲང་བ་འདི་གཉིས་ལ་བརྟེན་ནས་མི་རིགས་ལྟ་བུའི་རྗེས་བཞེངས་རྟོག་བཟོའི་གོང་བུ་ཞིག་ལ་མཁོ་བེད་སྔར་ལས་ཆེ་བ་ཞིག་ལེན་ཐུབ་པ་ཡིན་ན།  དེ་འོས་མཐུན་ཡིན་ནམ་མིན།  དཔེ་རང་སྟེང་ལ་ཕབ་ནས་བརྗོད་ན།  གལ་ཏེ་འབྲོག་པ་སྒོ་ཕྱུགས་ཀྱི་སྐེ་ལ་གཏགས་ནས་བོད་མི་རིགས་ལ་མཁོ་བེད་ཤིན་ཏུ་ཆེན་པོ་ཞིག་ཐོབ་རྒྱུ་ཡོད་ན།  འབྲོག་པ་ཚོས་གཞན་གཅེས་ཀྱི་མི་དྲང་བདམ་ཀ་ལེན་དགོས་སམ།  འབྲོག་པ་མ་ཡིན་པ་ཚོས་རང་འདོད་ཀྱི་བདམ་ཀ་དེ་འདྲ་ཞིག་ལེན་དགོས་སམ་མི་དགོས།  སོམས་དང་།

 

འདི་ལ་དགག་བྱེད་གསུམ་ཡོད་པ་ནི། གཅིག  དྲང་བདེན་དང་རྒྱབ་འགལ་ཕྱིན་པའི་ཁེ་ཕན་ལ་རིན་ཐང་མེད་ཟེར་བ་འདི་རེད།   གཞན་གཅེས་དང་རང་འདོད་ཀྱི་བདམ་ཀ་དེ་གཉིས་པོས་དྲང་བདེན་ཡིན་པའི་རང་སྐལ་དེ་གཏོར་བཤིག་བྱེད་ཀྱིན་ཡོད་པ་དང་།   དེ་འདྲ་དྲང་བདེན་ལའང་ངོ་ལོག་བྱེད་ཚར་བས་རྗེས་སུ།  ཁེ་ཕན་གང་འདྲ་ཞིག་ཐོན་རུང་རྐུན་མར་རྐུས་རྒྱུ་ཐོབ་པ་བཞིན་མི་དྲང་བ་ཡིན་པས།  རིན་ཐང་མེད་ཅེས་བཤད་ཆོག་པ་རེད།   དེ་བས།  ང་ཚོས་ལེགས་ཉེས་བླང་དོར་གྱི་ངོས་ནས་སྤྱིའམ་སྒེར་གྱི་ཁེ་ཕན་ལ་བསམ་བློ་བྱེད་དགོས་པ་དང་།   ཉེས་པ་ཅན་དང་མ་དྲང་བའི་ཁེ་ཕན་དག་སྤྱི་ཚོགས་ཀྱི་བླངས་བྱ་བྱེད་མི་རུང་།   དེ་འདྲ་བྱས་ན་ད་གཟོད་མི་བོ་སྒེར་རྣམས་ཀྱི་དྲང་བདེན་སྐྱོང་ཐུབ་པ་ཡིན།    མཁོ་བེད་རྩ་འཛིན་རིང་ལུགས་རིགས་གཉིས་པར་དགག་པ་བྱེད་སྟངས་དང་པོ་ནི།   གཞན་གྱི་བློས་བཏོང་ལ་གཞི་བྱས་པའི་སྤྱི་པའི་ཁེ་ཐོབ་ལ་སྤྱི་ཚོགས་ཀྱིས་ངོས་ལེན་མི་རུང་ཞེས་ནས་དགག་དགོས་པ་དང་།   འབྲོག་པའམ་རོང་པའི་རང་དབང་བློས་བཏང་བྱས་ནས་ཐོབ་པའི་མི་རིགས་ཀྱི་ཁེ་ཐོབ་ལ་ང་ཚོས་ངོས་ལེན་མི་བྱེད་དོ། །

གཉིས།  ལྷན་སྐྱེས་ཀྱི་ནུས་པ་དང་སྤྱི་ཚོགས་གྲལ་རིམ་གྱི་བཀག་རྒྱ་ནི་ཐོད་པའི་རི་མོ་རེད། དེ་མི་ཡིས་བཀོད་སྒྲིག་མིན་ལ་སྤྱི་ཚོགས་ཀྱི་བཀོད་སྒྲིག་ཀྱང་མིན་པར་བསོད་སྡེ་བཟང་ངན་དུ་སོང་ནས་དེ་ལྟར་ཆགས་པ་རེད།  འོན་ཀྱང་མི་ཡི་རང་དབང་དང་བཟང་བོར་སྤྱོད་པའི་ཐོབ་ཐང་ནི་བསོད་སྡེ་འདི་ཙམ་ལ་ཁག་བཞག་ནས་ཆེ་ཆུང་བཟང་ངན་བྱེད་རྒྱུ་མེད།   མཚམས་འདི་ནས་གོ་སྐབས་འདྲ་མཉམ་སྨྲ་བའི་ལུགས་ལ་དགག་ཡོད་རེད།  གོ་སྐབས་འདྲ་མཉམ་སྨྲ་བས་འདི་ལྟར་བཞེད་དེ།  མི་དང་མིའི་འདྲ་མཉམ་ཟེར་བ་དེ་ཡིས་མི་ལ་རང་རང་གི་སྤྱི་ཚོགས་ཁེ་ཕན་བརྩོན་ལེན་བྱེད་པའི་གོ་སྐབས་འདྲ་མཉམ་སུ་གནང་ཡོད་པ་དེ་ཡིན་ལ།  བསོད་ནམས་མི་འདྲ་བ་ནི་དོན་དུ་རྒྱུ་འབྱོར་གྱི་མི་འདྲ་བ་ཡིན་ལ།  མི་འདྲ་མ་འདི་བྱུང་དོན་ནི་གོ་སྐབས་འདྲ་མཉམ་གྱི་ཁྲོད་དུ་མི་སོ་སོས་ཕར་བཏོང་དང་ཚུར་ལོན་མ་འདྲ་བས་ཡིན་པས།  གོ་སྐབས་འདྲ་མཉམ་གྱིས་མི་དང་མིའི་གནས་འབབ་འདྲ་མི་མཉམ་པ་དེ་བྱུང་དུ་བཅུག་ཡོད་རེད་འདོད་པ་རེད།   འདི་ལ་རྒོལ་སླ་དེ།  བསོད་ནམས་ནི་གོ་སྐབས་འདྲ་མཉམ་དང་འབྲེལ་བ་མེད།  མི་ཞིག་ལ་རང་གི་ཕ་མ་དང་གྲལ་རིམ།  ཁོར་ཡུག་སོགས་བདམ་པའི་གོ་སྐབས་འདྲ་མཉམ་ཟེར་བ་ཞིག་མེད་དེ།  བསོད་ནམས་ཆེ་ཆུང་དེ་གོ་སྐབས་འདྲ་མཉམ་འོག་ནས་བྱུང་བ་ལབ་ན་རྫུན་ལས་མ་འདས་སོ། །   དེ་བས་བསོད་ནམས་ཆེ་བ་དག་ལ་མཚོན་ན།  ཁོ་ཚོའི་བསོད་ནམས་ནི་འདྲ་མཉམ་གྱི་རྗེས་སུ་བྱུང་བ་མ་ཡིན་པར།  བསོད་ནམས་ཆེ་ཆུང་དེ་ཏག་ཏག་འདྲ་མཉམ་གྱི་གཏད་སོ་ཡིན། ང་ཚོས་འདྲ་མཉམ་གླེང་དགོས་དོན་ནི་འདྲ་མི་མཉམ་པའི་གནས་འབབ་ཡོད་པ་ཡིན་ལ།  འདྲ་མི་མཉམ་པའི་བསོད་ནམས་ཟེར་བ་དེ་ཡི་རྗེས་འབྲས་འདྲ་ཇེ་མཉམ་དུ་བཏོང་བར་འབད་པ་བྱས་ནས།  མི་ཀུན་ལ་མི་ཡི་ཐོབ་ཐང་སྤྲོད་རྒྱུ་དེ་རེད།   མི་ལ་རང་གི་བསོད་ནམས་ལོངས་སུ་སྤྱོད་པའི་རང་དབང་ཡོད་མོད།  རང་དབང་དེའི་སྔོན་འགྲོ་ནི་ གཞན་ལའང་དེ་མཚུངས་ཀྱི་གཞི་རྩའི་རང་དབང་ལྡན་པ་ དེ་ཡིན་དགོས།  གལ་ཏེ་བསོད་ནམས་ཆེ་ཆུང་གི་འོག་ནས་བཀྲ་ཤེས་ལ་བསོད་ནམས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ལྷ་མོ་ལ་བསོད་ནམས་དེ་འདྲ་རྦད་ནས་མེད་པ་ཡིན་ན།  བཀྲ་ཤེས་དང་ལྷ་མོ་ལ་རང་དབང་འདྲ་འདྲ་ཡོད་ཅེས་བརྗོད་མི་ཐུབ་པས།  འདྲ་མཉམ་རིང་ལུགས་ཀྱི་སྒོ་ནས། ལྷ་མོ་ལ་གཞི་རྩའི་ལོངས་སྤྱོད་སྤྲོད་དགོས་པ་དང་།  དེ་འདྲ་བྱས་ན་མོ་ལ་རང་དབང་གི་གཞི་ཡོད་པར་འགྱུར་ལ།  དེ་འཕྲོ་ནས་ད་གཟོད་བཀྲ་ཤེས་དང་ལྷ་མོ་གཉིས་ཀྱི་ལོངས་སྤྱོད་གསར་བརྩོན་ལ་་གོ་སྐབས་འདྲ་མཉམ་ལབ་རྒྱུ་ཡོད་པ་རེད།  །

གསུམ།  གོང་གི་དགག་པ་དེ་གཉིས་ནི་འདྲ་མཉམ་རིང་ལུགས་ཀྱི་རིགས་པ་ནང་ཁུལ་ནས་དགག་བཞིན་ཡོད་པ་དང་།  དགག་བྱེད་གསུམ་པ་ནི་འདྲ་མཉམ་རིང་ལུགས་ལས་ཀྱང་ཁྱད་འཕགས་སུ་ཕྱིན་པའི་རང་དབང་རིང་ལུགས་ཀྱི་ངོས་ནས་དགག་པ་བྱེད་ཆོག་སྟེ།   ཇི་སྐད་དུ་ ་་མི་བོ་སྒེར་གྱི་བདེ་སྐྱིད་ནི་ཆབ་དཔལ་ཆོས་རིག་སོགས་ཀྱི་འབྱུང་ཁུངས་སམ་དགོས་དོན་ཡིན་པ་དང་།   བདེ་སྐྱིད་ལོངས་སུ་སྤྱོད་མཁན་ནི་མི་སྒེར་ཡིན་དགོས་ལ།  བདེ་སྐྱིད་ཐོབ་བྱེད་ཀྱི་ལམ་རང་དབང་དེའི་བདག་པོའང་མི་བོ་སྒེར་ལས་གཞན་སུ་ཡང་མ་ཡིན་པས།  མི་ཞིག་གི་རང་དབང་རང་མོས་མ་ཡིན་ན།  དེའི་ཐོབ་ཐང་ལ་སྟངས་འཛིན་བྱེད་མི་རུང་་ ཞེས་པ་དེའོ།  །  ང་ཚོས་ནམ་ཡིན་ཡང་མི་རིགས་དེ་བདེ་སྐྱིད་ཀྱི་ལོངས་སྤྱོད་མཁན་དང་བདག་པོར་སྒོམ་མི་ཉན་པར།  དེ་ལས་ལྡོག་ཏེ་མི་རིགས་ཀྱིས་མི་བོ་སྒེར་གྱི་བདེ་སྐྱིད་ལ་སྲི་ཞུ་སྒྲུབ་དགོས་པ་ནན་ཏན་བྱེད་དགོས།  མི་རིགས་ནི་མི་བོའི་ཡོ་བྱད་ཡིན་པ་ལས།  མི་བོ་དེ་མི་རིགས་ཀྱི་ལག་ཆ་ཡིན་མི་རིགས།   དེ་བས།  མི་རིགས་ཀྱི་ཆེད་དུ་ཟེར་ནས་མི་གཞན་ཞིག་གི་འགྲོ་སྤྱོད། བསམ་བློ།  སྨྲ་བརྗོད་དང་མཁར་དབང་ལ་བཀག་རྒྱ་བྱས་པ་ཡིན་ན་ནོར་ཡོད་པ་རེད།  ཁ་བྱང་ནང་གི་མཁོ་བེད་རྩ་འཛིན་རིང་ལུགས་པ་དག་གི་སྐད་ཆ་དེས་ནོར་བ་ཆེ་ཤོས་ནི།  ཁོ་ཚོས་འདང་རྒྱག་སྐབས།  མི་རིགས་དམིགས་ཡུལ།  བདག་པོ་རུ་ཆགས་ཡོད་པ་དང་།  འབྲོག་པ་དང་རོང་པ་སོགས་རྡེའུ་སུ་སྤྱོད་ཡོད་པ་དེ་རེད།  དེ་ནི་མི་བོ་ལ་རྒོལ་བའི་སྐད་ཆ་ཡིན་པས་ན།  མི་ཆོས་ལའང་མཐུན་པ་མིན།   ང་ཚོས་འབྲོག་པ་རོང་པའི་གནས་སྟངས་དང་མི་རིགས་བར་ལ་བསམ་བློ་ཞིག་བྱེད་རྒྱུ་ཡོད་ན།  འདི་ལྟར་ཡིན་དགོས་ཏེ།   འབྲོག་པ་ཅི་ཙམ་སྐྱིད་ན།  རོང་པ་ཅི་ཙམ་སྐྱིད་ན།  མི་རིགས་ཀྱི་གོང་བུ་འདི་ཡང་དེ་ལྟར་སྐྱིད་བཞིན་ཡོད་པ་དང་།    འབྲོག་པ་རང་གིས་འདོད་པ་ལྟར་འཚོ་དང་།  རོང་པ་རང་གི་མོས་པ་ལྟར་གནས་སོང་ན།  མི་རིགས་ལ་དེ་ལས་ཆེ་བའི་མཁོ་བེད་ཡོད་མི་སྲིད།   །

 

རྫོགས་སོ། །