ཁྱུང་བཟང་གིས་གཞི་རིམ་པའི་དེབ་ལ་བྲིས་པ།

ཁྱུང་བཟང་།

བདེ་མཆོག་ནི་རེབ་གོང་གི་དགེ་རྒན་ཞིག་ཡིན། སྙུག་མིང་ལ་གཞི་རིམ་པ་ཟེར་ཞིང་། ཆུང་ངུ་ནས་རྩོམ་འབྲི་ལ་ཞུགས་ཤིང་། བོད་ཁུལ་གྱི་ཚགས་དྲ་དེབ་གསུམ་ལ་རྩོམ་ཡིག་མང་དུ་སྤེལ་བར་མ་ཟད། དྲ་ཐོག་ནས་མཚན་སྙན་རྒྱས་པའི་ན་གཞོན་ཞིག་ཡིན། ལྷག་ཏུ་ཁོང་གི་འབོལ་རྩོམ་གྱི་རིགས་ལ་གཞན་དང་མི་མཚུངས་པའི་བསམ་བློ་དང་རིག་པས་ཕྱུག་ཅིང་ཞིབ་ཚགས་དང་གོ་རིམ་ལྡན་པས། དེ་ལ་དགའ་བ་སྒོམ་པའི་ཀློག་མཁན་བོད་ཕྱི་ནང་ཀུན་ན་མང་དུ་ཡོད། ཡིན་ཡང་འདི་ཚང་མ་དོན་དག་གཞན་ཞིག་ཏུ་ངེས་པས། དེ་རིང་འདི་ནས་ཆེ་རུ་གླེང་བའི་འོས་མ་མཐོང་།

གང་ལྟར། ད་ལྟ་ཁྱེད་ཅག་གི་བཀླག་བྱར་སྨིན་པའི་དེབ་ཆུང་འདི་ནི་དུས་ཡུན་ཐུང་ངུའི་ནང་གི་བརྩམས་ཆོས་ཤིག་སྟེ། རྩོམ་པ་པོ་ཁོང་གི་ཚོད་ལྟ་དམིགས་བསལ་བ་ཞིག་གི་གྲུབ་འབྲས་སམ། དགོས་པ་དམིགས་བསལ་བ་ཞིག་གི་ཐོན་དངོས་ཡིན་ཞེས་ཀྱང་བཤད་ཆོག་པས། འདི་ཉིད་དེང་སྐབས་ཀུན་ལ་རྒྱུག་ཆེ་བའི་སྙན་དེབ་མ་ཡིན་ལ། བམ་མཐུག་པའི་བརྩམས་སྒྲུང་དང་འབོལ་རྩོམ་མིན་ཞིང་། གཏིང་ཟབ་པའི་གཞུང་འགྲེལ་དང་བསྟན་བཅོས་ནི་དེ་བས་ཀྱང་མིན། དོན་ལ་འདི་ནི་བྱིས་པའི་འཚོ་བ་ཚིག་གི་སྲད་བུར་བརྒྱུས་ཤིང་། བྱིས་པའི་སེམས་ཁམས་དོན་གྱི་རི་མོར་བཀོད་པ་ཞིག་ཡིན་པས། གལ་སྲིད་འདི་ལ་ཐ་སྙད་ཟུར་བ་ཞིག་བཀོལ་དགོས་ན་ང་ཚོས་འདི་ལ་བྱིས་རྩོམ་ཞེས་བོས་ན་འོས་ཤིང་རན་པ་འདྲ།

དེ་ཡང་བྱིས་རྩོམ་ཞེས་བརྗོད་པའི་ཚེ་ན་བྱིས་པའི་ལོ་ཚོད་དང་སེམས་ཁམས། དགའ་མོས་སོགས་རྩ་བར་བཟུང་བའི་རྩོམ་ཡིག་དག་གམ། ཡང་ན་བྱིས་པའི་ལོ་ཚོད་དང་སེམས་ཁམས། མོས་པ། འདོད་བློ་སོགས་དང་ཡོངས་སུ་འཚམས་པའི་རྩོམ་ཡིག་ཡོད་ཚད་ལ་གོ་ཆོག་ཅིང་། བྱིས་པ་རང་གིས་བྲིས་ཤིང་བྱིས་པ་རང་གི་ཕྱི་ནང་གསང་གསུམ་མཚོན་པའི་རྩོམ་ཡིག་དག་ལའང་གོ་ཆོག་པར་ངེས། དེ་ན་བྱིས་རྩོམ་གྱི་རྣམ་གྲངས་དང་གྲངས་འབོར། པར་གཞི་དང་ཇུས་འགོད་ཀྱི་སྤུས་ཚད་དེས། བྱིས་པ་དག་གི་བསམ་པའི་ལོངས་སྤྱོད་ཀྱི་དངོས་ཡོད་གནས་སྟངས་ཤིག་མཚོན་ཐུབ་པ་ཡིན།

སྤྱིར་ན་ང་ཚོ་བོད་རིགས་ལ་སྐད་དང་ཡི་གེ་གོམས་སྲོལ་སོགས་ཀྱིས་མཚོན་པའི་ཕྱི་ནང་གི་ཤེས་རིག་ཕུན་སུམ་ཚོགས་པ་ནི་དོན་དངོས་ཡིན་ནའང་། བྱིས་རྩོམ་གྱི་ངོས་ནས་བལྟས་ན་གནའ་གཏམ་སོགས་དམངས་རྩོམ་གྱི་རིགས་འགའ་རེ་ལས། ཆེད་དུ་བྱིས་པའི་ལོ་ཡི་རིམ་པ་དང་འཛིན་གྲྭའི་མཐོ་དམའ། ཤེས་འཇོན་གྱི་བབ་ཚད་དང་བསྟུན་པའི་བྱིས་རྩོམ་ཀློག་དེབ་མང་བོ་མེད་ལ།  དེ་ལ་དོ་འཁུར་དང་ཞིབ་འཇུག་གསར་རྩོམ་གྱི་ཆེད་ལས་སྡེ་ཚན་ཡང་ཡག་པོ་གྲུབ་མེད། དེ་ནི་ང་ཚོའི་སློབ་སྔོན་ཕར་ཟད་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་བར་གེགས་ཆེ་ཤོས་སུ་གྱུར་དང་འགྱུར་བཞིན་པ་ནི་བྱིས་པར་འགྲོགས་མྱོང་མཁན་ཞིག་དང་། དེའི་སློབ་སྦྱོང་ལ་ཕྱོགས་ཡོངས་ནས་དོ་ཁུར་གནང་མྱོང་མཁན་ཞིག་ཡིན་ན་སེམས་སུ་ཁྲིགས་ཁྲིགས་ཡིན་ངེས།

 འདི་ལྟར་བཤད་ན་མང་བོ་ཞིག་ཐུགས་མི་དགྱེས་པ་ཡང་སྲིད་མོད། ངས་འདི་ནས་ཁྱིམ་བདག་རྣམས་ཀྱིས་མཚོན་པའི་བྱིས་པར་བདག་སྐྱོང་བྱེད་མཁན་དག་ལ་དྲི་བ་འགའ་འདོན་པར་བྱ་སྟེ། འདིའི་དྲིས་ལན་གྱིས་གཅིག་ཏུ་ན་རང་རང་གི་གནས་སྟངས་ཤིག་གསལ་ཁ་བཟོ་ཐུབ་ཀྱང་སྲིད། ༡ ཁྱེད་ལ་བྱིས་པ་དུ་ཡོད། སོ་སོ་སློབ་རིམ་དུ་བ་ཡིན། ཁོ་ཚོས་བོད་ཡིག་ལ་བཟུང་བའི་རྣམ་འགྱུར་ག་འདྲ་འདུག ༢ ཁྱེད་ཀྱིས་ལོ་རེར་རང་གི་བྱིས་པ་ལ་སློབ་ཕྱིའི་ཀློག་དེབ་དུ་རེ་ཉོས་པ་ཡིན། བྱིས་པས་ཁྱེད་ཀྱི་དཔེ་ཆ་དེ་དག་རང་འགུལ་གྱིས་ཀློག་པའི་ཚད་ཇི་འདྲ་རེད། ༣ ཁྱེད་རང་ལོ་རིམ་གྱི་མཐོ་དམའ་འམ་བྱིས་པའི་ཤེས་ཚད་དང་མཐུན་པའི་ཀློག་དེབ་ཉོ་ཁག་པའི་གནས་ཚུལ་གང་འདྲར་འཕྲད་མྱོང་། ༤ ཁྱེད་ཀྱིས་རྒྱ་ཡིག་གི་བྱིས་པའི་ཀློག་དེབ་དང་བོད་ཡིག་གི་བྱིས་པའི་ཀློག་དེབ་ཀྱི་རིགས་དང་ནང་དོན། པར་གཞིའི་མཛེས་པ་སོགས་ལ་བསྡུར་བ་བྱས་ཨེ་མྱོང་། གལ་སྲིད་མྱོང་ན་ཁྱད་པར་ག་རེ་འདུག ༥ ཁྱེད་ཀྱི་བྱིས་པར་བོད་ཡིག་ལས་རྒྱ་ཡིག་ལ་དགའ་མོས་ཆེ་བའི་སྣང་ཚུལ་ཨེ་འདུག དེའི་རྒྱུ་མཚན་གང་རེད་སྙམ། ༦ ཁྱེད་ཀྱིས་སློབ་སྦྱོང་ཟེར་བ་གང་འདྲ་ཞིག་ལ་གོ་བཞིན་ཡོད། དུས་རྒྱུན་བྱིས་པར་སློབ་སྦྱོང་གི་རེ་བ་ཇི་ལྟར་བཏོན་པ་ཡིན། ༧ ཁྱེད་ཀྱིས་བསླབ་འབྲས་དང་རྒྱུགས་འབྲས་གཅིག་ཏུ་འདོད་དམ་སོ་སོར་འདོད། ཅིའི་ཕྱིར། ༨ ཁྱེད་ཀྱིས་བྱིས་པའི་གྲུབ་འབྲས་ཟེར་བར་ཕྱོགས་གང་དག་ནས་གདེང་འཇོག་རྩིས་ལེན་བྱས་པ་ཡིན།

 གོང་གི་དྲི་བ་འདི་དག་གམ་གནད་དོན་འདི་རིགས་ལ་བསམ་གཞིག་དང་དབྱེ་ཞིབ། གདོང་ལེན་བཅས་བྱེད་པའི་ཚེ་ན། བྱིས་རྩོམ་ནི་བྱིས་རྩོམ་ཙམ་མ་ཡིན་པར། བྱིས་པའི་མོས་པ་སློང་བྱེད་ཀྱི་རོལ་དབྱངས་སྙན་མོ་ཞིག་གམ། བྱིས་པའི་མཚར་སྣང་སྒུལ་བྱེད་ཀྱི་རླུང་བུ་འཇམ་པོ་ཞིག་གམ། བྱིས་པའི་སེམས་ངལ་གསོ་བྱེད་ཀྱི་སྨན་མཆོག་ཁུག་མ་གང་ངམ། བྱིས་པའི་སྐོམ་པ་སེལ་བྱེད་ཀྱི་བཏུང་བ་མངར་མོ་ཞིག་ཏུ་འགྱུར་འོས་པའི་སྡོམ་ཚིག་ཅིག་འབབ་སྲིད་ལ། དེ་ལྟ་བུའི་སྡོམ་ཚིག་དང་ཉེ་བའི་བྱིས་རྩོམ་ཡག་པོ་མང་དུ་བྱུང་ཚེ་དེ་ནི་བྱིས་པའི་ནང་སེམས་ཀྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་དང་། སློབ་སྦྱོང་གི་ལམ་བུ་སྟོབས་ཀྱིས་འདེད་པའི་ལམ་རྒྱགས་འཚོ་བཅུད་དང་ལྡན་པ་ཞིག་ཏུ་འགྱུར་ངེས་པ་ནི་སྨོས་མེད་ལགས། དེ་ན་འདི་ལྟ་བུའི་ལོངས་སྤྱོད་དང་འཚོ་བཅུད་ནི་ལྷ་དང་བླ་མས་མི་སྩོལ་ལ། གང་འདོད་ཅི་འདོད་དུ་འབྱུང་བའང་མ་ཡིན་པར་འདི་ལ་ཆེད་ལས་ཀྱི་རྩོམ་པ་པོ་མཁོ་བར་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ནས་འདི་ཉིད་སློབ་གསོའི་ཡན་ལག་གལ་ཆེན་ཞིག་ཏུ་རྩིས་ཏེ། འཆར་གཞི་དང་དམིགས་ཡུལ་ཡོད་པའི་སྒོ་ནས་གསར་རྩོམ་མཐུན་འགྱུར་གནང་དགོས་པ་རེད།

རྒྱུ་མཚན་དེའི་ཕྱིར་ན། དགེ་རྒན་ཞིག་ཡིན་པའི་སེམས་པ་སྙི་མོ་དེ་དང་། རྩོམ་འབྲི་བ་ཞིག་ཡིན་པའི་མིག་ཟུང་རྣོན་པོ་དེས་ཡང་ཡང་གཟིགས་ཏེ། རྒན་བདེ་མཆོག་ལགས་འདི་ལྟར་ཐག་རིང་གླེང་བ་དང་གནས་ལུགས་རྩོད་པའི་ཁོར་ཡུག་ནས་ཕྱིར་བུད། མིག་གི་མདུན་དང་ལག་པའི་སྣེ་མོ་རང་ནས་ལམ་ཆས་བརྒྱབ་སྟེ། བསམ་བཞིན་བྱིས་རྩོམ་གྱི་ལམ་དུ་སྐྱོགས་ཤིང་། བྱིས་པ་དང་ཉེ་བར་གཅར་བའི་དཀའ་བ་འདི་དང་དུ་བླངས་པ་རེད། ཡིན་ཡང་མང་བོ་ཞིག་གི་བསམ་པར་བྱིས་རྩོམ་ནི་བྱིས་པས་ཀློག་རྒྱུ་ཙམ་ཡིན་པས། བྱིས་རྩོམ་འབྲི་བ་ནི་སླ་མོ་བདེ་མོ་ཞིག་ཏུ་འདོད་ཀྱང་སྲིད་མོད། དོན་ལ་མི་རྒན་ཞིག་གིས་བྱིས་པའི་སེམས་ཁམས་མཐོང་བ་དང་། བྱིས་པའི་སྐད་བརྡ་སྤྱོད་པ། བྱིས་པའི་འཆར་སྒོར་གཅར་བ། བྱིས་པའི་དྭངས་གཙང་རྙེད་པ། བྱིས་པའི་དགའ་ཕྱོགས་ཟིན་པ། བྱིས་པའི་འཇོན་ནུས་བསྔོག་པ། བྱིས་པ་ལེགས་ལམ་དུ་བཀྲི་བ་སོགས་ཀྱི་ཐབས་དང་བརྡ་ལ་བྱང་ཆ་ཐོན་རྒྱུ་ནི་ཤིན་ཏུ་རབ་ཏུ་དཀའ་མོ་ཞིག་ཏུ་ཟད་པས། འདི་ལ་ཡུན་རིང་གི་དཔེ་ཀློག་དང་འགྲོགས་འདྲིས། ཉམས་ཞིབ། ལག་ལེན་སོགས་ཀྱི་རིམ་པ་ངེས་ཅན་ཞིག་མ་བརྒྱུད་ཐུ་མེད་ཆགས་ཡོད།

དེ་བས་ན་རྒན་བདེ་མཆོག་ལགས་ཀྱིས་ཀྱང་དེ་ལྟ་བུའི་བྱིས་པ་དང་བྱིས་རྩོམ་གྱི་ཁྱད་ཆོས་ཁག་ལ་གཞོལ་ཅི་ཐུབ་ཀྱིས ༼བདག་གི་བྱིས་པའི་ལོ་རབས༽ཀྱི་བྱུང་བ་དག་དབྱངས་གསལ་སོ་བཞིའི་གྲངས་ངེས་པའི་རྩོམ་གྱི་ཕྲེང་བར་བརྒྱུས་ཤིང་། དེ་ལའང་ཚིག་གི་སྦྱོར་བའི་ངོས་ནས་ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཉེ་བར་བསྟུང་བའི་ཐབས་ཀྱིས། བྱིས་པའི་སྐད་ཆའི་བབ་དང་མཐུན་པ་གང་ཞིག་རྒྱུན་སྤྱོད་གཏམ་དཔེས་མཛེས་པར་བྱས་ལ། བརྗོད་བྱ་དོན་གྱི་ཆ་ནས་ཀྱང་བྱིས་པའི་ཁོར་ཡུག་གི་དོན་དག་རྒྱུན་ལྡན་པ་དང་། ཅུང་ཟད་རྒྱུན་ལྡན་མ་ཡིན་པ་དག་དམིགས་སུ་བསལ་ཏེ། བྱུང་རིམ་རྒྱས་སྤྲས་ཙམ་མ་ཡིན་པར་དོན་དག་རེ་རེ་བརྒྱུད་དེ་བྱིས་པ་དག་ལ་ཡ་རབས་ཀྱི་སྤྱོད་ལམ་དང་། གཞུང་དྲང་གི་སེམས་རྒྱུད། རོགས་རེས་མཉམ་གནས་ཀྱི་དོན་སྙིང་། བདེན་དགེ་མཛེས་གསུམ་གྱི་གལ་ཆེན་རང་བཞིན་སོགས་ཕྱོགས་དང་ཟུར་མི་འདྲ་བར་དྲངས་ནས། བྱིས་པའི་འདུ་ཤེས་དང་རིན་ཐང་ལྟ་བ་ལ་བོགས་འདོན་པའི་ཁུར་བླངས་ཡོད་ལ། འབྲི་ཐབས་ཀྱི་ཆ་ནས་ཀྱང་ཁ་གསལ་གཏིང་གསལ་གྱི་ཇི་བཞིན་བརྗོད་པའི་འབྲི་ཐབས་སྤྱད་པ་གང་ཞིག་རྩོམ་རེ་རེའི་མགོ་འཛིན་སྟངས་དང་། གཞུང་སྐྱེད་སྟངས། མཇུག་བསྡུ་སྟངས། གོ་རིམ་སྒྲིག་སྟངས་རྣམས་བསྐྱར་ཟློས་དང་ཆིག་རྐྱང་གི་རྒྱ་ལས་འགོངས་པར་བྱས་ཡོད་པ་སོགས་ཀྱི་ཁྱད་ཆོས་མང་དུ་འདུག་ལ། དེ་རྣམས་རེ་རེ་ནས་འདིར་ཞིབ་ཏུ་གླེང་མི་དགོས་པར་ཀློག་མཁན་ཆུང་ཆུང་དག་གིས་དངོས་སུ་བཀླག་པས་ཤེས་པར་འགྱུར་ན། འདིར་ཉོག་བཤད་སྤངས་ཏེ་སོ་སོའི་བཀླག་སྐལ་དུ་བཞག་པ་ལགས་སོ།།

མཐར་ཁོང་གི་ཚོད་ལྟ་རང་བཞིན་གྱི་བརྩམས་ཆོས་འདིས་བོད་ཁུལ་གྱི་བྱིས་པ་དག་ལ་དཔེ་ཀློག་གི་དགའ་བ་བསྐྱེད་ཅིང་། ཁོང་གི་བྱིས་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་འབྲས་བུ་གཡུར་དུ་ཟ་བའི་སྨོན་ལམ་དང་བཅས།

 ༢༠༡༦ལོའི་ལུགས་རྙིང་གི་ཟླ ༡ པའི་ཚེས ༡༠ ཉིན་རོང་བོ་ནས་བྲིས།

པ་ཐུར་གྱིས་གཞི་རིམ་པའི་བྱིས་རྩོམ་ལ་བྲིས་པ།  —-བྱིས་རྩོམ་ནི་རིག་པའི་ཁྱེའུ་གསོ་བའི་ནུ་ཞོ་ཡིན།

པ་ཐུར།

   བྱིས་པའི་སློབ་གསོ་ནི་གང་དྲན་ཅི་བསམ་གྱིས་བསྐྱང་རྒྱུ་ཞིག་མིན་པར་བག་ཡོད་སེམས་ཆུང་དང་ཁ་མིག་ཡར་ལྟ་ལ་ཕྱོགས་དགོས་པའི་སྒྲིག་སྲོལ་ལམ་སྲོལ་ཅན་ཞིག་ཡིན། དེ་ཡང་བཙན་ཐབས་བཙན་འཇུག་གིས་ཁ་ལོ་གང་བྱུང་དུ་བསྒྱུར་བས་མི་ཕན་ཅིང་། ཁ་ཡག་ངོ་བསྟོད་ཀྱི་ཐབས་ལ་དཀྲིས་ཀྱང་ཡེ་མི་འཕྲོད་པས། ཅིས་ཀྱང་བྱིས་པའི་ལྷན་སྐྱེས་ཀྱི་དགའ་སྣང་དང་ཉེ་ཞིང་མིག་རྣ་ཡིད་གསུམ་གྱི་དབང་བོ་དགུག་ཐུབ་པའི་གཏམ་རྒྱུད་ཐུང་ཐུང་འགའ་བསྟར་ནུས་ན། དེ་ནི་བྱིས་པ་ཚོའི་མཚར་འཛིན་བཀྲ་བའི་བློ་རིག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ཏུ་བརྩི་ཆོག།

སྔོན་གྱི་རབས་སུའང་། གསེར་འོད་ཚ་ཚ་འཕྲོ་བའི་སྐྱེས་ཆེན་དམ་པ་དག་ཀྱང་སྙན་པའི་ཚིག་གིས་ཕྱུག་ལ་ཟབ་པའི་དོན་གྱིས་བརྟས་པའི་སྒྲུང་རབས་ཀྱིས་བསྐྱངས་པ་ཤ་སྟག་ཡིན་ཏེ། ཁོང་ཅག་གི་ཐོགས་རེག་བྲལ་བའི་སྨྲ་སེང་གི་བཞད་སྒྲ་དང་ཟབ་ཅིང་བརླིང་བའི་མི་གཤིས་ཀྱི་བཟང་སྤྱོད། གསལ་མྱུར་ཆེ་བའི་བློ་རིག་གི་འཕེལ་ཁ་བཅས་ནི་ཕ་མའི་སྐད་ངག་ལས་ཐོན་པའི་གནའ་གཏམ་དང་མཁས་པའི་ཕྱག་སོར་ལས་བྱུང་བའི་གཏམ་རྒྱུད་ཀྱི་དྲིན་དུ་བཤད་དོ།།

དེ་ཡི་ཕྱིར་ན། དགེ་རྒན་ཆེན་མོ་བ་ཚོས་སློབ་ཁྲིད་ཞིབ་འཇུག་གི་བྱ་བ་གཏིང་ཟབ་ཏུ་བགྱི་བ་དེ་བཞིན་སློབ་ཆུང་གི་དགེ་རྒན་ཚོས་ཀྱང་སློབ་མའི་བློ་ཁ་དང་འཚམ་པའི་བྱིས་རྩོམ་རེ་བརྩམ་རྒྱུ་ནི་གཟུར་དུ་མེད་པའི་འགན་འཁུར་ཞིག་རེད་ཨང་།

དེ་ཡང་དེབ་འདིའི་རྩོམ་པོ་གཞི་རིམ་པ་ལགས་ནི་བདག་གི་དགེ་གྲོགས་ཡིན་ལ་བསམ་བློའི་ལྟ་ཚུལ་གཞི་གཅིག་ཏུ་འདྲེས་པའི་ནང་མཐུན་གྱི་གྲོགས་པོའང་ཡིན། ཁོ་ནི་དཔེ་ཀློག་ལ་དགའ་བའི་དཔེ་ཆ་བ་ཞིག་ཡིན་པར་མ་ཟད། སློབ་མ་མྱི་སར་འཇོག་ཐུབ་པའི་དགེ་རྒན་དཔེ་སྟོན་པ་ཞིག་ཀྱང་ཡིན། དེང་གི་དུས་སུ་ཁོ་ལྟ་བུའི་དགེ་རྒན་ཤིན་ཏུ་ཉུང་།

ཉེ་ཆར་ཁོས་བྲིས་པའི་བྱིས་རྩོམ་ཕྱོགས་བསྒྲིགས༼གཞི་རིམ་པའི་བྱིས་རྩོམ་གཅེས་བཏུས༽ བྱ་བ་འདི་ནི་སློབ་ཁྲིད་ཀྱི་ཞར་ཞོར་ལ་ཁོམ་ལོང་གི་དུས་ཚོད་བེད་སྤྱད་དེ། མཁས་པ་ཚོས་བརྗེད་ཟིན་པ་དང་དགེ་རྒན་ཚོས་བོར་ཟིན་པའི་བྱིས་རྩོམ་སྐོར་ལ་ཁ་སྐོང་གི་ཚུལ་དུ་བརྗོད་བྱ་བྱིས་པ་ཚོའི་འཚོ་བ་དང་མཐུན་ལ་རྗོད་བྱེེད་ཕལ་སྐད་དང་ཉེ་བའི་སྒོ་ནས་བརྩམས་པ་ཞིག་ཡིན་ཏེ། དཔེར་ན། ཉིན་ཐོ་ཕྱོགས་བསྒྲིགས་ལས༼ རྐང་པ་བཀྲུས་པ༽ ལྟ་བུར་མཚོན་ན། ཚིག་ཚོགས་ཉུང་ལ་གོ་རིམ་གསལ་བ། འདོན་ལ་བདེ་ཞིང་ཉན་པར་སྤྲོ་བའི་རྩོམ་སྟངས་ཀྱིས་བརྒྱན་པར་མ་ཟད། བྱིས་པའི་སྤྱོད་ལམ་ཡ་རབས་བཟང་སྤྱོད་དུ་སློབ་པར་ཁྱིམ་ཚང་གིས་གཟིགས་སྐྱོང་གནང་དགོས་ཚུལ་གསལ་འདེབས་དྲན་སྐུལ་གྱི་ཆེད་དང་། ཟ་མ་ཆུད་ཟོས་སུ་གཏོང་མི་རུང་བ་ནི་མི་ཆོས་ཀུན་སྤྱོད་ཀྱི་རྩ་བ་དང་སློབ་གསོ་རིག་པའི་རྩ་དོན་དུ་འདུག་གཤིས། ༼གོ་རེ་ཅུང་རྡོག་གཅིག་དྲན་པ༽ ལྟ་བུ་ཡང་བྱིས་པའི་སྤྱོད་ལམ་ཡར་སྐྱེད་ལ་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་བསྟན་ཡོད།

ལྷག་པར་དུ། ༼ང་དང་འཚམ་པའི་སྙན་ངག་ལྔ་བཅུ༽དང༼ ང་ལ་ཕན་པའི་བློ་དཀར་ཁ་བརྡ༽ གཉིས་ནི་ལོ་ཆུང་བྱིས་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དང་རང་འགོ་རང་ཐོན་ཡོང་བར་སློབ་གསོ་མན་ངག་གི་ཚུལ་དུ་གནང་ཡོད་པས། རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་གཟེངས་བསྟོད་ཆེ་གྲགས་ཀྱིས་ཀུན་ཕན་གོ་ཆོད་ཀྱི་ལེགས་རྩོམ་མཆོག་གྱུར་ཞིག་ཏུ་བསྔགས་བརྗོད་ཚད་མེད་ཐོབ།

མདོར་ན། ༼བྱིས་རྩོམ་གཅེས་བཏུས༽འདི་ཉིད་བྱིས་པ་ཆུང་ཆུང་ཚོའི་སྐད་ཆ་བཤད་སྦྱོང་དང་རྩོམ་ཡིག་འབྲི་སྦྱོང་། མི་གཤིས་གསོ་སྐྱོང་གི་རྩ་བའི་འགན་ལ་དམིགས་ཏེ་བྲིས་པ་ཡིན་ཙ་ན། ང་ཚོས་བཀའ་དྲིན་ཆེ་ཡང་ཡང་ཞུ་འོས་སོ།།

            ___པ་ཐུར་དུ་འབོད་པས། 2018/5/1

 

ཟུར་བཤད། དེབ་འདི་བོད་ཀྱིས་བྱིས་པ་ཀུན་གྱིས་ཀློག་གྱུར་ཅིག   བྱིས་པའི་དགེ་རྒན་དག་གིས་ཀྱང་བྱིས་པའི་རྩོམ་ཡིག་དང་བྱིས་པའི་འཆར་ཡན་གྱི་བསམ་བློ་གཙང་མར་དམིགས་བསལ་གྱིས་དོ་སྣང་སྤྲོད་གྱུར་ཅིག  དེབ་འདི་ཡོད་ས་ཟི་ལིང་གི་གཞོན་གསར་དཔེ་ཁང་དང་།  རེབ་གོང་མེ་ལོང་དཔེ་ཁང་སོགས་སུ་ཡོད་པར་བཤད།