ངས་ད་ལྟའི་བར་དུ་དགེ་རྒན་མང་པོ་མང་པོ་ཞིག་གི་སློབ་ཁྲིད་ལ་ཉན་མྱོང་། དེ་དག་གི་ཁྲོད་དུ་མཁས་པ་མང་པོ་ཡོད་ན་ཡང་། ཕ་ཡིས་བུ་ལ་བསླབ་བྱ་གནང་བའི་ཚུལ་གྱིས་སློབ་ཁྲིད་བྱེད་པའི་དགེ་རྒན་རེ་ཟུང་ལས་དྲན་གྱི་མི་འདུག དགེ་རྒན་དེ་དག་གི་ཁྲོད་དུ་ལོ་ངོ་ལྔ་དྲུག་རིང་སློབ་ཁྲིད་བྱས་མྱོང་མཁན་དང་ཉིན་རེ་འགའ་དང་དུས་ཚོད་རེ་འགའ་ལ་བཀའ་སློབ་གནང་མྱོང་བའི་སྐྱེ་བོ་མཆོག་དམན་འབྲིང་གསུམ་ཡོད། འགའ་རེ་སྐུ་གཤེགས་ཟིན་ཡང་མང་ཤོས་ད་རུང་འཚོ་ཞིང་བཞུགས། མི་ཚེའི་ནང་དགེ་རྒན་དཔེ་མེད་མང་པོར་འཕྲད་པའི་སྐལ་བ་དང་ལྡན་པར་གྱུར་ན་ཡང་། ཤེས་བྱ་མཐའ་དག་རང་བློས་མ་འཆུན་པར་ད་དུང་ཅི་ཡང་ཤེས་ཀྱི་མི་འདུག་སྙམ་པའི་ཚོར་བ་དེས་ངའི་ཡིད་མུག་པ་ནི་རྒྱུན་ལྡན་ཞིག་ཡིན་པ་མ་ཟད། དེ་དག་ལ་སེམས་གྱིན་སེམས་གྱིན་སྣ་ཁུང་སྐྱུར་ལ་འདྲེས་པ་ཡང་ཐེངས་ཉུང་ཉུང་ཞིག་མིན།

དེ་རིང་ཉིན་རྒྱབ་རེབ་གོང་རྫོང་སློབ་གསོ་ཅུའུ་ཡིས་གདན་ཞུས་ལྟར། དགུང་ལོ་དོན་བརྒྱད་ལ་སོན་ཡང་སྐུ་ངལ་འཛེམས་མེད་ཀྱིས་རེབ་གོང་ལ་ཕེབས་པའི་དགེ་རྒན་ཆེན་མོ་བདེ་མཆོག་ལགས་ཀྱི་འཆད་ཁྲིད་༼ དགེ་རྒན་གྱི་བྱ་བའི་གལ་ཆེན་རང་བཞིན་བརྗོད་པ ༽་ཞེས་པར་དུས་ཚོད་གསུམ་ཙམ་རིང་ཉན་པའི་གོ་སྐབས་བྱུང་། དགེ་རྒན་ཁོང་གི་བསླབ་བྱ་དག་ནི་གསེར་ནག་གི་ཐིགས་པ་རེ་རེ་བཞིན་རིན་ཐང་གཞལ་དུ་མེད་པ་ཙམ་མ་ཡིན་པར། མཛའ་བརྩེའི་འཛུམ་གྱིས་གཏམས་པའི་གསུང་ལུགས་དང་། ཁ་གསལ་ལ་གོ་རིམ་ཡོད་པའི་བརྗོད་པ་བཅས་ཀྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་པས་སློབ་ཁྲིད་དེ་ད་རུང་མ་གྲོལ་ན་བསམ་པའི་ཚོར་བ་དང་བཅས་སྒོར་འབུད་དགོས་བྱུང་།

ལམ་དུ། ཨ་མས་ང་རང་ཧང་སངས་པར་བྱས་པའི་སྐད་ཆ་ཞིག་ལ་བསམ་བློ་གཏོང་ཞོར་ཡོང་བ་ཡིན། ངའི་ཨ་མ་ནི་ཡིག་ངོ་ཆོད་པའི་ཞིང་གྲོང་གི་བུད་མེད་ཅིག་ཡིན། ཁ་འདོན་སོགས་ཐོགས་མེད་དུ་འདོན་ཤེས་པ་ལས་ཡི་གེ་འབྲི་མི་ཤེས་པ་མ་ཟད། སུམ་རྟགས་དག་གསུམ་གྱི་སློབ་ཁྲིད་ལ་གཅིག་ཀྱང་ཉན་མ་མྱོང་མཁན་ཞིག་ཡིན། འོན་ཀྱང་། མོས་མཚོ་སྔོན་བརྙན་འཕྲིན་ཁང་ནས་བཏང་བའི་རྒན་བདེ་མཆོག་ལགས་ཀྱི་འཆད་ཁྲིད་ལ་ཞིབ་ཏུ་ཉན་གྱིན་འདུག་པའི་སྐབས་ཤིག་ལ། “ ཨ་ཁུ་དྲིན་ཆེན་པོ་འདི། སྐུ་ཚེ་རྒྱལ་མཚན་བརྟན་རྒྱུ་འདི། འདི་བ་ཚང་གིས་ངས་ཀྱང་གོ་བའི་སུམ་རྟགས་ཤིག་ཁྲིད་སོང་།”ཟེར། ངས་ཨ་མས་སུམ་རྟགས་ཁྲོད་ག་རེ་ཤེས་སོང་བ་དྲིས་མ་མྱོང་ན་ཡང་། རྒན་བདེ་མཆོག་ལགས་ཀྱི་སློབ་ཁྲིད་དེས་ལོ་རྒན་བདུན་ཅུར་ལོན་པའི་ཨ་མ་ལགས་ལ་ཡང་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཤིག་གམ་སྤྲོ་སྣང་བླ་ན་མེད་པ་ཞིག་སྤྲད་འདུག དེ་བས་ཨ་མ་ལགས་ཀྱིས་འཆད་ཁྲིད་མུན་སེལ་སྒྲོན་མེ་ལ་མཐོང་ཆེན་གྱིས་ཉན་བཞིན་པའི་བར་གླགས་ཤིག་ལ། བོད་ཀྱི་སློབ་ཆེན་དགེ་རྒན་ཞིག་ལ་བཅར་འདྲི་དང་འཆད་ཁྲིད་ཐེངས་མང་པོ་བཤད་དུ་བཅུག་པ་ཡིན་ས་རེད། མོས་དགེ་རྒན་དེའི་མིང་ལ་ཁ་འཇབ་ཙེ་བཏགས་འདུག ཁ་འཇབ་ཙེ་ཟིག་འདྲ་བོ་དེས་ང་ཚོས་གོ་བ་ཞིག་བཤད་རྒྱུ་རེད་བསམ་ནས་ཤུགས་ཀྱིས་ཉན་ན་ཡང་། གཅིག་ཀྱང་གོ་རྒྱུ་མི་འདུག དེ་ཚོས་སློབ་མ་ཚོར་ཅི་ཞིག་ཁྲིད་ཀྱིན་ཡོད་དམ་ཟེར། འདི་མཚར་གཏམ་དང་འབྲེལ་བའི་དོན་གཏམ་ཞིག་རེད་བསམ་ཡོད། ནམ་རྒྱུན་བཤད་ལ་མཁས་པ་འདྲ་བོར་ཡོད་ཀྱང་སློབ་ཁྲིད་དོན་ལྡན་བྱེད་མི་ཐུབ་པའི་འཇབ་ཙེ་ལྟ་བུའི་དགེ་རྒན་ཡང་གང་སར་ཡོད།

དེ་ནས་བཟུང་སྟེ། རྒན་བདེ་མཆོག་ལ་རེ་བ་ཡུན་རིང་བརྒྱབ་ནས་མཚོ་སྔོན་བརྙན་འཕྲིན་ཁང་ལ་བལྟས། ཨ་མའི་རེ་བའི་ཁྲོད་ཀྱི་སློབ་ཁྲིད་ཅིག་སྟེ། རྒན་བདེ་མཆོག་ལགས་ཀྱི་སློབ་ཁྲིད་དེ་བརྙན་འཕྲིན་ཁང་གིས་བསྐྱར་གཏོང་མ་བྱས། དོན་དམ་པར་བཤད་ན་དགེ་རྒན་གྱི་སློབ་ཁྲིད་ནི་དཀའ་མོ་སླ་མོར་གཏོང་མཁས་པ་ཞིག་ཡིན་དགོས་པ་ལས་སླ་མོ་དཀའ་མོར་གཏོང་མཁས་པ་ཞིག་གིས་ཕན་ཅི་ཡང་མི་ཐོགས་པ་འདི་ལ་ངེས་ཤེས་ཤིག་སྐྱེས་སོང་།

སེམས་གྱིན་སེམས་གྱིན། འཁར་བ་ཐོགས་པའི་དགེ་རྒན་ཁོང་དང་ཁོང་ལྟར་བོད་ཀྱི་རིག་གནས་ལ་ཁ་མིན་སྙིང་ནས་གཅེས་ཤིང་། མི་ཚེ་གང་བོར་དཔེ་ཁྲིད་མི་སྐྱོང་གིས་འདས་པའི་སྐྱེས་བུ་འདི་དང་འདི་ལྟ་བུ་དག་ནི་དད་པའི་ཡུལ་དང་སྨོན་པའི་གནས་སུ་གྱུར་པའི་ཁར། ཐེངས་འདིར་སློབ་ཁྲིད་ལ་ཉན་མཁན་དག་ལས་ཁ་བརྡ་བྱེད་པའི་གོ་སྐབས་བྱུང་བའི་གྲོགས་པོ་ཡོངས་ལ་གཅིག་མཐུན་གྱི་སྐད་ཆ་ཞིག་ཡོད་པ་ནི། “རྒན་བདེ་མཆོག་ལགས་ཀྱིས་སེམས་གཏིང་ནས་སྐྱོམ་པར་བྱས་སོང་། སེམས་ལ་རྡོག་རྡོག་ཅིག་འཛིན་རྒྱུ་འདུག ངོ་མ་ཧ་ལས་པ་རེད་”ཅེས་པ་དེ་རེད། ངས་མཚམས་འདི་ནས་ཨ་ལགས་འཇམ་དབྱངས་ལགས་ཀྱི་གསུང་ཚིག་ཅིག་དྲན་པ་ནི། ཁ་སང་དེ་རིང་ཁྱེད་ཚོས་ང་ཡར་ལ་ཤོག་མར་ལ་ཤོག་ཅེས་བོས་ནས། ལོ་བརྒྱད་ཅུར་ལོན་དུས་ངའི་རིན་ཐང་གཞི་ནས་ཤེས་པ་ཡིན་ནམ་ཞེས་པ་དེ་རེད།
ད་ནི་འཕྲོས་བཤད་བཞག་ནས་སློབ་ཁྲིད་ཀྱི་ཟིན་བྲིས་དེ་མདོར་བསྡུས་སུ་བཀོད་ན།

ཁོང་གིས་བསྟན་འགྱུར་ལ་མཇལ་སྐབས་སུ་དགེ་རྒན་གྱི་ཡན་ལག་བརྒྱད་ཅེས་པ་རེ་རེ་བཞིན་བགྲངས་བ་འདི་ལྟར།

དང་པོ། ཚུལ་དང་མཐུན་པར་གནས་པ།
གཉིས་པ། ཐོས་པ་མི་གཏོང་བ།
གསུམ་པ། བློ་གྲོས་དང་ལྡན་པ།
བཞི་བ། བྱམས་བརྩེ་དང་ལྡན་པ།
ལྔ་བ། སྤོབས་པ་བསྐྱེད་པ།
དྲུག་པ། བཟོད་པ་སྒོམ་པ།
བདུན་པ། བརྩོན་འགྲུས།
བརྒྱད་པ། སྨྲར་མཁས་པ་བཅས་རེད།

༡༽ ཚུལ་དང་མཐུན་པ་ཞེས་པ་ནི། ཞི་བ། དུལ་བ། འཇམ་པ་བཅས་ལས་སེམས་ཞི་བར་གནས་པ་དང་། ལུས་དུལ་བར་གནས་ནས་ཆང་དང་ཐ་མག་སྤྱོད་པ། གོན་པ་གྱོན་ལུགས་ཚུལ་དང་མི་ལྡན་པ་སོགས་དགེ་རྒན་གྱིས་སློབ་མའི་མདུན་ནས་རང་གི་སྤྱོད་པ་མ་རུང་བ་དག་སྤང་དགོས་པ་དང་། ངག་འཇམ་པོ་དང་བཅས་སློབ་མར་ཉེ་ཚིག་སྨྲ་བ་བཅས་ནི་གལ་ཆེན་པོ་ཡིན་པ་མ་ཟད། སེམས་ཅན་དུད་འགྲོ་ཚུན་ལ་ཉེ་ཚིག་གིས་བོས་ན་དགའ་བ་ནི་ཆོས་ཉིད་ཡིན་པས་མི་སུ་ལ་ཡང་ཉེ་ཚིག་གིས་འབོད་རྒྱུ་གལ་ཆེ། དེ་ནི་ཚུལ་དང་མཐུན་པའི་སྤྱོད་པ་ཡིན། ཟ་མ་བཟོ་རྒྱུར་མི་དགའ་བར་རྟག་ཏུ་ཟ་ཁང་ནང་འཁོར་བ་དག་ནི་རུལ་མའི་སྤྱོད་པ་རེད་ཅེས་པའི་རྩེད་མཚར་དང་བཅས་དང་པོ་འདི་ཡིད་ལ་ངེས་པར་བྱས།

༢༽ ཐོས་པ་མི་གཏོང་བ་ཞེས་པ་ནི། ཐོས་པ་བྱ་རྒྱུ་གཙོ་བ་དང་། ཇོ་བོ་རྗེས་ཆུ་བོའི་འགྲོས་ལ་གཟིགས་ནས་སྐུ་ཚེ་འཛད་ཀྱིན་པར་བསམས་ཏེ་མི་རྟག་པ་བསྒོམས་ནས་ཐོས་པར་བརྩོན་པ་དང་། རྩ་བ་སྨན་ལ་ལོ་མ་མེ་ཏོག་སྨན་དང་། རྩ་བ་དུག་ལ་ལོ་མ་མེ་ཏོག་དུག ཅེས་དང་། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།། བསམ་པ་ངན་ན་ས་དང་ལམ་ཡང་ངན་ཞེས་པའི་ལུང་དྲངས་ནས་ཐོས་པ་གཏོང་མི་ཉན་པ་དང་། བོད་ཀྱི་ནང་ནས་རོང་ཟོམ་ཆོས་བཟང་ལགས་ནི་དཔེ་ཆར་གཟིགས་པ་གྲངས་མང་པའི་བོད་ཀྱི་མཁས་པ་ཞིག་ཡིན་ཞེས་གསུངས།

༣༽ བློ་གྲོས་དང་ལྡན་པ་ཞེས་པ་ནི། བློ་གཟུ་བོར་གནས་དགོས་པ། ཡོན་ཏན་དང་ངོ་ཐང་། ཡག་བཙོག དགྲ་གཉེན་གྱི་ངོ་བོ་བཅས་ཀྱི་སྟེང་ནས་བློ་གྲོས་དང་ལྡན་པར་བྱས་ཏེ་དམིགས་བསལ་གྱིས་སློབ་མ་སྐྱོང་བའི་ཐབས་ལ་མཁས་དགོས་པ་དང་། ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་བླ་ན་མེད་པ་ཞིག་མཁོ།

༤༽ བྱམས་བརྩེ་དང་ལྡན་པ་ཞེས་པ་ནི། ཀུན་པོ་འཛུམ་གྱིས་བསུ་བ་དང་བཅས་བྱམས་བརྩེའི་བློ་དང་ལྡན་པར་བྱས་ཏེ་སློབ་མ་བསྐྱང་དགོས།

༥༽ སྤོབས་པ་བསྐྱེད་པ། བསླབ་དེབ་བདམས་གསེས་དང་སློབ་མར་དམིགས་པ་འདྲ་མིན་གྱི་སྐབས་སུ་དགེ་རྒན་གྱིས་སྤོབས་པ་བསྐྱེད་དགོས།

༦༽ བཟོད་པ་སྒོམ་པ། གནོད་བྱེད་ལ་ཅི་མི་སྙམ་པའི་བཟོད་པ། སྡུག་བསྔལ་དང་ལེན་གྱི་བཟོད་པ་བཅས་ལྡན་དགོས་པ་མ་ཟད། སྐབས་འདིར་དོན་གཉིས་ཏེ་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་གཉིས་མིན་པར་རང་གཞན་གཉིས་ཀྱི་དོན་ཡོངས་སུ་འགྲུབ་པར་བྱེད་དགོས་པ་བསྟན་ཡོད་པ་སོགས་ལས་འཕྲོས་ནས་བྱས་བསགས་ཀྱི་འབྲས་བུར་ལོངས་སྤྱོད་མཁན་ལ་བྱེད་པ་པོར་གོ་དགོས་ཞེས་པ་ཡང་ཞོར་ནས་གསུངས།

༧༽ བརྩོན་འགྲུས་ཞེས་པ་ནི། ལས་གང་ལ་དགའ་བའི་སྟེང་ནས་འབད་པ་ལ་བརྩོན་འགྲུས་དང་། དེ་ལ་དགའ་སྣང་མེད་པར་འབད་པ་ལ་སྡུག་རུས་ཟེར་ཞེས་དང་། སྤྱིར་སྦྱིན་པ་ལ། ཆོས་ཀྱི་སྦྱིན་པ། ཟང་ཟིང་གི་སྦྱིན་པ། མི་འཇིག་པ་སྐྱབས་ཀྱི་སྦྱིན་པ་བཅས་ཡོད་པ་དང་། སྦྱིན་པ་གཏོང་ཡུལ་ཡང་ལུས་སེམས་གཉིས་ཀ་སྡུག་བསྔལ་ཅན་ཡིན་པ་དང་། དགེ་རྒན་དག་གི་སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཟེར་དཀའ་ན་ཡང་། སྦྱིན་པ་གཏོང་མཁན་ཡིན་པ་དང་། སློབ་མ་དག་གི་གྲས་སུ་གང་ཟག་མི་འདྲ་བ་ཡོད་པར་བསམ་དགོས་པ། སྐྱེ་བ་སྔ་ཕྱིའི་ལས་འབྲས་དང་འབྲེལ་ནས་དགེ་སློབ་ཏུ་གྱུར་པར་བསམ་པ། རང་ཉིད་དགེ་རྒན་བྱས་ཏེ་འདུག་ཐུབ་པ་བྱིས་པ་འདི་ཚོའི་བཀའ་དྲིན་ཡིན་པར་བསམ་ནས་ལོངས་སྤྱོད་དང་རྣམ་གཡེང་གིས་མ་བཟི་བར་རང་འཁྲིའི་འོས་འགན་ལ་འབད་འབུངས་བྱེད་པ་སོགས་གསུངས།

༨༽ སྨྲར་མཁས་པ་ཞེས་པ་ནི། སྒྲ་སྙན་པ། ཚིག་ཉུང་བ། དོན་འདུས་པ་བཅས་ཀྱི་སྒོ་ནས་འཆད་ཤེས་དགོས་པ། ནང་དོན་གང་ཡིན་ཡང་དཔེ་ཡི་ཐོག་ནས་བཤད་ཤེས་དགོས་པ། བསྐྱར་བཟློས་མེད་པ། དཔེ་དོན་ངོ་འཕྲོད་པར་བྱེད་པ། བོད་ཀྱི་སྐད་ཆའི་བཅུད་དེ་གཏམ་དཔེ་བཤད་ཤེས་དགོས་པ། ཆོས་ཉིད་དང་། བྱ་བྱེད། གཏན་ཚིག་གི་རང་བཞིན་ཅན་གྱི་སྐད་ཆ་བཤད་དགོས། དགག་སྒྲུབ་ཀྱི་རྩོམ་ཡིག་དང་རྣམ་ཐར་རྟོགས་བརྗོད། བསླབ་བྱ། ལེགས་བཤད་སོགས་ལ་བལྟ་རྒྱུ་ཤིན་ཏུ་གལ་ཆེན་ཡིན། ཡོངས་འཛིན་ཚང་གི་མི་འཇིགས་སེང་གེའི་ང་རོ་དང་། བརྒལ་ལན་ཆུའི་འཕྲུལ་འཁོར་སོགས་ལ་བལྟས་ན་གོ་བ་གཏིང་ཟབ་མོ་ལོན་དཀའ་ཡང་སྨྲར་མཁས་པར་འགྱུར་བ་ཡིན། མདོར་ན་ “མ་ཤི་བར་དུ་སློབ་སྦྱོང་བྱེད་དགོས་པ་རེད་”ཅེས་དགེ་རྒན་ལ་ཚང་དགོས་པའི་ཡན་ལག་བརྒྱད་པོ་རེ་རེ་བཞིན་ཞིབ་རྒྱས་སུ་གསུངས་རྗེས། བདག་སྒྲ་དང་མིང་མཐའ་སྡུད་པ་ཞེས་པ་གང་འདྲ་ཡིན་པ་དང་། དཀར་ལེབ་དྲུང་ཡིག་པདྨ་རྡོ་རྗེས་བཞག་པའི་དཔེར་བརྗོད་དང་། ཇ་མ་ཆང་མ་སོགས་གང་ཟག་དོན་ཅན་དུ་བྱས་ཏེ་མིང་མཐར་པ་བ་བཞག་པ་ལས་བདག་སྒྲ་མིན་ཚུལ་སོགས་མདོར་བསྡུས་སུ་གསུངས་རྗེས་སློབ་ཁྲིད་ཡོངས་སུ་མཇུག་གྲུབ་པར་བྱས་སོང་། སློབ་ཁྲིད་ལ་ཉན་མཁན་གྱི་དགེ་རྒན་ཡོངས་ཀྱིས་ད་རུང་མུ་མཐུད་དུ་སློབ་ཁྲིད་ལ་ཉན་ཐུབ་ན་བསམ་པའི་ཚོར་བ་ནི་རྒན་ལགས་ཕྱིར་ཕེབས་ཤུལ་ན་ཡང་སོ་སོའི་རྐུབ་སྟེགས་སྟེང་དལ་བུར་འགུལ་བཞིན་པའི་རྣམ་པ་ལས་ཤེས་ཐུབ། འདི་ལྟར། མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་འདི་ཁོང་ལ་མཇལ་བའི་སྐལ་བ་མངོན་དུ་གྱུར་པ་དང་། གསུང་གསེར་ནག་གི་ཐིགས་པ་རེ་རེའི་རིན་ཐང་ནི་གཞལ་དུ་ག་ལ་ཡོད།

སློབ་ཁྲིད་ཅེས་པ་ནི་ཉན་དུས་སྙན་པོ་འདྲ་ཞིག གྲོལ་རྗེས་སེམས་ལ་རྡོག་རྡོག་ཅིག་འཛིན་རྒྱུ་མེད་ཚེ་ཅི་ཡིན་འདི་ཡིན་མི་ཤེས་པས། ངས་རྒན་བདེ་མཆོག་ལགས་ཀྱི་སློབ་ཁྲིད་ལ་ཉན་རྗེས་ཟིན་བྲིས་ཐུང་ངུ་འདི་འབྲི་རྒྱུ་རྙེད་སོང་བ་ནི་རང་ཉིད་ཀྱང་སྐལ་བ་ཤིན་ཏུ་དམན་པ་ཞིག་མ་རེད་སྙམ་པ་ནི་རང་སེམས་བྲོད་པའི་རྒྱུ་ཁོ་ནར་གྱུར་སོང་བས། དགེ་རྒན་བཀའ་དྲིན་ཅན་ཁོང་གི་སློབ་ཁྲིད་ལ་ཉན་སྐབས་རྣམ་གཡེང་གིས་དུས་ཡོལ་བ། བྱིངས་པས་གཉིད་འཐིབ་པ། ཟིན་བྲིས་ལེགས་པོ་འབྲི་མ་ཐུབ་པའི་རིགས་རེ་ཡང་ཡོད་མི་སྲིད་པ་མིན་པས་དེ་དག་ལའང་ཅུང་ཟད་ཕན་ངེས་སྙམ་ནས་འདིར་བཀོད་པ་ཡིན་མོད། གོ་ལོག་དང་ཉན་ལོག་ཏུ་སོང་ནས་འབྲི་ལོག་བྱས་པའི་ཆ་ཡོད་ན་དགོངས་དག་ཞུ་རྒྱུ་དང་། མཇུག་མཐར་རེབ་གོང་རྫོང་སློབ་གསོ་ཅུའུ་ཡི་དབུ་ལས་ལྷན་རྒྱས་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཟོལ་མེད་ལྷག་བསམ་དབྱར་གྱི་རྔ་བོ་ཆེ།།
དུས་ཀྱི་མཐའ་འདིར་རྡུང་བའི་ཁྱུ་མཆོག་གང་།།
གངས་ཅན་རིག་པ་སྟོང་གི་དཀྱིལ་འཁོར་དུ།།
བསྐལ་བ་རྒྱ་མཚོའི་བར་དུ་འཚོ་བཞེས་མཛོད།།

རླངས་ཚང་བསོད་ནམས་རྡོ་རྗེ་རུ་འབོད་པས་༢༠༡༨ལོའི་ཟླ་༥་ཚེས་༦ཉིན་བྲིས་ཤིང་ཚེས་༨ཉིན་བཅོས་ཏེ་དགེ་བཤེས་ཁོང་གི་སྐུ་ཚེ་བརྟན་ཞིང་བཞེད་དོན་འགྲུབ་པའི་སྨོན་འདུན་དང་བཅས་སྤེལ་བ་དགེའོ།།