དབུས་ཀྱི་ལྷ་ལྡན་ཉི་མའི་གྲོང་ཁྱེར་ལས་གཞན།  ང་རང་ཆེས་འགྲོ་བར་མོས་པ་ནི་གནའ་བོའི་དར་གོས་ཚོང་ལམ་སྟེང་དུ་ཡོད་ཅིང་བཙན་པོའི་རྒྱལ་རབས་དུས་སུ་བོད་མི་རྣམས་ཀྱིས་ཤ་ཅུ་ཞེས་འབོད་པའི་ཏུན་ཧོང་གི་ཡུལ་གྲུ་དེའོ། 

རྒྱུ་མཚན་ནི། གནས་དེ་ན་ཤར་ནུབ་རིག་གནས་ཀྱི་ཉིང་བཅུད་དུ་གྱུར་པའི་སྟོང་སྐུའི་བྲག་ཕུག་ཡོད་པ་དང་། དཔའ་ལ་མཛངས་པའི་སྤུ་རྒྱལ་གྱི་བློན་ཆེན་དག་གི་ཟབ་ཅིང་བརླིང་བའི་ཞབས་རྗེས་དང་ཤ་ཅུའི་རྩེ་རྗེ་དག་གི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཀྱང་ཡོད་པའི་ཕྱིར་རོ།

སྤྱིར་ན་ལྗོངས་རྒྱུ་བ་ནི་ངའི་དགའ་ཕྱོགས་གཙོ་བོ་ཞིག་ཡིན་པར་མ་ཟད། ངའི་མི་ཚེའི་ཕུགས་འདུན་གཙོ་བོའི་གྲས་ཀྱི་གཅིག་ཀྱང་ཡིན་པ་དང་།བོད་ཀྱི་ལོ་རྒྱུས་སྟེང་དུའང་ཐོན་མི་སོགས་སྔོན་བྱོན་ལོ་ཙཱ་བ་རྣམས་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ། གྲུབ་ཆེན་ཨོ་རྒྱན་པ།མན་ལུང་གུ་རུ།  ཞབས་དཀར་ཚོགས་དྲུག་རང་གྲོལ།དགེ་འདུན་ཆོས་འཕེལ་ལྟ་བུའི་རྒྱལ་ཁམས་པ་མང་བོ་བྱུང་མྱོང་ལ།དེ་དག་གིས་རང་རང་གི་མཐོང་ཐོས་དང་ཉམས་མྱོང་ལ་བརྟེན་ནས་རང་གི་མི་རིགས་ ལ་བྱས་པ་མཛད་ཅིང་རང་གི་གདུལ་བྱ་ལ་གོ་རྟོགས་སད་དུ་བཅུག་མྱོང་།   ཁོ་བོར་ནི་དེ་ལྟ་བུའི་ནུས་པ་ཡེ་ནས་མེད་ཀྱང་ལྗོངས་རྒྱུ་བ་ལ་བརྟེན་ནས་རང་གི་ཁབ་མིག་ ལས་དོག་པའི་ལྟ་རྒྱ་དང་མཐོང་རྒྱ་ཅུང་ཟད་ཆེ་རུ་གཏང་འདོད་པའོ། 

མཚན་ཉིད་རིག་པའི་ངོས་ནས་བརྗོད་ན།  ལྗོངས་རྒྱུ་བའམ་རྒྱལ་ཁམས་ཉུལ་བ་ནི་དབང་ བོའི་ཚོར་ཤེས་ཀྱི་འཇུག་ཡུལ་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་བ་ཞིག་ཡིན་པ་ཙམ་དུ་མ་ཟད།  དངོས་སྟོབས་རྗེས་དཔག་གི་གཏན་ཚིགས་ལ་ཕྱོགས་ཆོས་ཀྱི་སྒྲུབ་བྱེད་ཇེ་བརྟན་དུ་བཏང་བ་ ཞིག་ཀྱང་རེད།     ཤ་ཅུའི་གནས་སྐོར་ལ་མཚོན་ན།སྔོན་ཆད་ངའི་བློ་ངོར་ཡོད་པ་ནི་གཞན་གྱི་ངག་ལས་ཐོས་པའི་ཤ་ཅུའི་སྒྲ་སྤྱི་ཙམ་ཡིན་ལ།ད་ལྟ་ནི་དབང་བོའི་མངོན་སུམ་ཚད་མས་དངོས་སུ་གྲུབ་ཅིང་རང་མཚན་ཅན་དུ་གྱུར་པ་དང་།མ་འོངས་པ་ན་ཤ་ཅུ་དང་དེ་དང་འབྲེལ་བའི་གནད་དོན་དག་ལ་ཡང་ཡང་བསམ་གཞིག་བགྱིས་ནས་སྒྲོ་འདོགས་སྣ་ཚོགས་ལྷག་མེད་དུ་བཅད་དེ་སྒོམ་བྱུང་གི་མྱོང་བ་ཐོན་ཀྱང་ཆོག་གོ་སྙམ།   

  དར་གོས་ཚོང་ལམ་སྟེང་གི་བསམ་གཞིག་རིང་མོ། 

ཟི་ལིང་ནས་ཐད་ཀར་ཏུན་ཧོང་དུ་གཏོང་བའི་མེ་འཁོར་མེད་པས་གྲོགས་མཁས་གྲུབ་དང་ངེད་གཉིས་ལན་གྲུ་རུ་འགྲོ་དགོས་བྱུང་།གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་གཉིད་ཞོར་དང་སད་ཞོར་དུ་དུས་ཚོད་གསུམ་ཡས་མས་ཤིག་ལ་བསྐྱོད་མཐར་གཞི་ནས་ནུབ་བྱང་ས་ཁུལ་གྱི་ཆེས་ཆེ་བའི་གྲོང་ཁྱེར་ཏེ་ལན་གྲུ་རུ་འབྱོར་སོང་།    ང་རང་ཆུང་དུས་ཞོན་ཞ་ཧྥུ་ཟེར་བ་ཞིག་གིས་བྲིས་པའི་ནུབ་བྱང་རྒྱང་སྐྱོད་ཀྱི་ལོ་རྒྱུས( བོད་འགྱུར་མ ) ཞེས་པའི་དཔེ་ཆ་ཞིག་བཀླགས་མྱོང་ལ།   དེའི་ནང་དུལན་གྲུ་ཡི་ཆར་རླུངཞེས་པའི་ལེ་ཚན་ཞིག་འདུག དེ་ནས་བཟུང་བདག་གིས་ད་གཟོད་ལན་ལན་གྲུ་ཞེས་པའི་མིང་དེ་ཡིད་ལ་བཟུང་བ་ཡིན།ཞོན་ཞ་ཧྥུ་ཞེས་པའི་མི་དེའི་ཐོབ་ཐང་ངོ་མ་མི་ཤེས་ཀྱང་ཕྱི་ཚུལ་དུ་ཁོ་ནི་མདོ་སྨད་བླ་བྲང་ས་ཁུལ་དུ་སུན་ཀྲུང་ཧྲན་གྱི་དམངས་གསུམ་རིང་ལུགས་ཀྱི་བསམ་བློ་སྤེལ་དུ་ཡོང་བ་ཞིག་རེད།   རྗེས་སུ་ཤེས་པ་ལྟར་ན།  བོད་ཀྱི་སྲིད་སྐྱོང་རྭ་སྦྲེང་ཚང་གིས་ཀྱང་དབུས་གཙང་དུ་སུན་ཀྲུང་ཧྲན་གྱི་དམངས་གསུམ་རིང་ལུགས་ཀྱི་ཆབ་སྲིད་བསམ་བློ་སྤེལ་བའི་འཆར་འགོད་གནང་མྱོང་འདུག  ངེད་གཉིས་ཀྱིས་ཕྱི་དྲོ་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ཏུན་ཧོང་དུ་བསྐྱོད་པའི་མེ་འཁོར་གྱི་འཛིན་བྱང་ཉོས་རྗེས་ཆུ་མིག་ལྔ་ལྡན་རི་བོའི་(五泉山)གླིང་གར་འཆམ་འཆམ་ལ་སོང་།    གླིང་གའི་སྒོ་འགྲམ་གྱི་ཐང་ཆེན་དུ་ཧན་རྒྱལ་རབས་ཀྱི་དམག་སྤྱི་ཆེན་མོ་ཧའོ་ཆིས་པེན་(霍去病)ཞེས་པ་དེའི་རྡོ་སྐུ་ཆེན་པོ་ཞིག་བཞེངས་འདུག   བཤད་ཚུལ་ལྟར་ན་ཁོས་རང་གི་དམག་དཔུང་ཁྲིད་ནས་ཞང་ནུའུ་ལ་དམག་འཁྲུག་བརྒྱབ་ནས་ཞུང་ནུའུ་ཕམ་པར་བཏང་སྟེ་ཧན་རྒྱལ་རབས་ཀྱི་མཐའ་མཚམས་བདེ་ལ་བཀོད་མྱོང་ཟེར།  ཆུ་མིག་ལྔ་ལྡན་རི་བོ་ནི་གནས་དབེན་ཞིང་ཆུ་ཕྲན་དུ་མ་ཤག་ཤག་ཏུ་འབབ་པ་དང་བྱ་བྱེའུ་སྣ་ཚོགས་ཀྱིས་མགྲིན་གླུ་གྱུར་ཀྱུར་དུ་སྒྲོག་པའི་གནས་མཆོག་ཅིག་རེད།  གནས་འདིའི་ཆུ་མགོ་ལྔ་བོ་ནི་ཧ་ཅང་བྱིན་རླབས་ཆེ་བར་གྲགས་པས་གྲོགས་པོ་མཁས་གྲུབ་ཀྱིས་འགྱིག་སྣོད་གཙང་མ་ཞིག་ཏུ་ཆུ་མིག་རེ་རེའི་ཆུ་ཅུང་ཙམ་རེ་བཅུས་ཏེ་ཁྱེར་ཅིང་།ངས་གནས་དེའི་ཡུལ་ལྗོངས་རྣམས་པར་དུ་བླངས་པ་ཡིན།   

ཕྱི་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་ངེད་གཉིས་ལན་གྲུ་ནས་ཏུན་ཧོང་དུ་བསྐྱོད་པའི་མེ་འཁོར་དུ་བུད།  མེ་འཁོར་སྟེང་དུ་མི་དེ་འདྲ་མི་མང་བས་ཅུང་ལྷོད་པོ་བྱས་ཏེ་བསྡད་ཆོག་ཅིང་།ཅུང་ཙམ་ནས་མེ་འཁོར་དེ་དུང་བརྡ་རིང་བོ་ཞིག་དང་ལྷན་དུ་དལ་གྱིས་འགུལ་སྐྱོད་བྱས་པ་དང་།རིམ་གྱིས་ཇེ་མགྱོགས་སུ་གྱུར་ཏེ་ལོ་རྒྱུས་རིང་བའི་ནུབ་བྱང་གི་གྲོང་ཁྱེར་ཆེན་པོ་དེ་ག་ལེར་རྗེས་སུ་བསྐྱུར་སོང་།   མེ་འཁོར་སྟེང་དུ་ང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་དང་ཡིད་ཆད།ཡང་ན་དགོད་བྲོ་བའི་ཉམས་སྣང་སོགས་ཅི་རིགས་བྱུང་ཞིང་།འདུག་རོགས་ཕལ་ཆེ་བ་རྒྱ་རིགས་ཡིན་པས་ཁོ་ཚོས་དང་ཐོག་སྐད་མགོ་མཐོན་པོས་ཁ་བརྡ་སྣ་ཚོགས་བྱས་པ་དང་རིམ་གྱིས་ཉོབ་སྣང་གིས་དུབ་སྟེ་རང་རང་སར་གཉིད་མགོ་བརྩམས་སོང་།

ནུབ་ཕྱོགས་ཀྱི་གནམ་སའི་མཚམས་སུ་སྐྱོད་པའི་མེ་འཁོར་འདིས་ཕྲ་ལ་འཚེར་བའི་དུང་བརྡ་སྒྲོག་བཞིན་ང་དང་མཁས་གྲུབ།ད་དུང་འགྲུལ་བ་བརྒྱ་ཕྲག་དུ་མ་དྲུད་ནས་ནུབ་ཕྱོགས་ན་ཁོའི་ཕ་ཡུལ་ཡོད་པ་ཇི་བཞིན།ཁོའི་གཉེན་ཉེ་ཡོད་པ་ཇི་བཞིན།ཧ་ཅང་བྲེལ་སྟབས་ཀྱིས་མདུན་ཕྱོགས་སུ་རྒྱུག་བཞིན་འདུག   

སོང་གིན་སོང་གིན་ངའི་སྣང་བ་ཞིག་ལ་ང་ཚོ་སྡོད་པའི་མེ་འཁོར་འདི་རིམ་གྱིས་གནའ་བོའི་དར་གོས་ཚོང་ལམ་སྟེང་དལ་གྱིས་རྒྱུ་བཞིན་པའི་རྔ་མོང་གི་ཁྱུ་བསྟར་རིང་བོ་ཞིག་ཏུ་གྱུར་ཅིང་།  མེ་འཁོར་གྱི་དུང་བརྡ་དེ་ཡང་རྔ་མོང་གི་སྐེ་དྲིལ་འཁྲོལ་བའི་སྒྲ་དབྱངས་ཤིག་ཏུ་གྱུར་པ་དང་།  ལམ་འགྲམ་ན་གློག་སྒྲོན་སྣ་ཚོགས་ཁྲ་ལམ་མེར་འཚེར་བའི་གྲོང་བརྡལ་དག་ཀྱང་སྒོ་འགྲམ་ན་སྒང་བཞུ་དམར་བོ་བསྒྲོན་པའི་གནའ་བོའི་གྲོང་ཚོ་རེ་རེར་གྱུར་སོང་།

ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་དུས་གཏན་དུ་ཕྱིར་ལྡོག་མི་སྲིད་ན་ཡང་།དེས་ང་ཚོའི་སེམས་ཁོང་ལ་གཏིང་ཟབ་པའི་བག་ཆགས་དང་དྲན་གདུང་།འགྱོད་སྣང་།ཕངས་སེམས་སོགས་སྟེར་བར་བྱེད་པ་དང་།ད་དུང་ང་ཚོར་མི་ཚེའི་ཁ་ཕྱོགས་དང་བྱ་བཞག་སྣ་ཚོགས་ཐད་ཀྱི་ལེགས་ཉེས་སྤང་བླང་གི་འཇུག་ལྡོག་ཀྱང་གསལ་བར་སྟོན་པར་བྱེད་པ་རེད།   

མེ་འཁོར་གྱིས་གླང་བོ་ཆེ་ངུར་བ་ལྟ་བུའི་དུང་བརྡ་རིང་བོ་རེ་སྒྲོག་བཞིན་གནའ་བོའི་དར་གོས་ཚོང་ལམ་བརྒྱུད་དེ་རིངས་པ་རིངས་པར་ནུབ་ཕྱོགས་སུ་སྐྱོད་ཀྱིན་ཡོད། 

ང་རང་ཀྲུང་གོའི་ལོ་རྒྱུས་ལ་ཆ་རྒྱུས་དེ་འདྲ་མེད་ན་ཡང་། རྒྱའི་རྩོམ་པ་བོ་སྐུ་ཞབས་བུའུ་ཅིང་ལེན་(吴敬琳)གྱིསཀྲུང་གོ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། གྱེན་ལོགརྒྱལ་རབས་གསར་བགཏུམ་སྲིད་གསར་བསླར་ཡང་གྱེན་ལོག་གི་ཟོ་ཆུན་འཁོར་ལོ་ཞིག་ཏུ་ཚུད་དེ་རང་དབང་མེད་པར་འཁོར་ཞིང་ཡོང་བ་ཡིན། ཞེས་བཤད་མྱོང་།   ང་ཚོའི་འཁོར་སྒམ་གྱི་ཤར་སྣེ་ན་རྒྱ་རིགས་བུད་མེད་དར་མ་སྐོར་ཞིག་གིས་ཀུ་རེ་རྩེ་ཞོར་དང་ཧབ་ཆ་རྒྱག་ཞོར་དུ་ཤོག་འཕེན་(扑克)རྩེད་བཞིན་འདུག  ཁོ་ཚོའི་ཆ་བྱད་དང་ཁ་སྟབས་ལ་བལྟས་ན་དེ་འདྲའི་ཕྱུག་པོ་ཏག་ཏག་ཡིན་པའི་བཟོ་ལྟ་མེད་ན་ཡང་ཁོ་ཚོ་ནི་ཧ་ཅང་ཡིད་ཚིམས་པའི་ངང་སྤྲོ་སྣང་གིས་ཁེངས་འདུག       ངས་བལྟས་ན་བདེ་སྐྱིད་ནི་ཧམ་སེམས་ཅན་དག་ལ་དབང་བ་ཞིག་མ་ཡིན་པར་དེ་ནི་ཆོག་ཤེས་ཅན་དག་ལ་དབང་བ་ཞིག་སྟེ།  ཆོག་ཤེས་ཅན་ལ་ནི་ད་གཟོད་སེམས་ཀྱི་བདེ་སྐྱིད་ཡོད་ལ།  སེམས་ཀྱི་བདེ་སྐྱིད་ནི་ད་གཟོད་བདེ་སྐྱིད་ཀུན་གྱི་མཆོག་ཡིན་པས་སོ། 
ཅཱ་ཡུས་ཀོན་(嘉峪关)འགག་སྒོར་སླེབས་པ་ན་ངའི་འདུག་རོགས་འགྲུལ་བ་འགའ་མར་བབས་པས།ང་རང་ད་གཟོད་རྐུབ་སྟེགས་འགའི་སྟེང་འཕྲེད་དུ་ཉལ་ཏེ་ལུས་ཀྱི་ངལ་དུབ་བསང་ཆེད་གཉིད་དུ་ཡུར་བ་ཡིན།ང་རང་གཉིད་ལས་སད་དུས་ཞོགས་པའི་ཆུ་ཚོད་བདུན་ཡས་མས་ཤིག་ལ་སླེབས་འདུག་པ་དང་།མེ་འཁོར་སེར་ལམ་ལམ་གྱི་ཉི་འོད་ཁྲོད་འགྲུལ་བ་ཉུང་ཤས་ཤིག་དྲུད་དེ་སྔར་བཞིན་ནུབ་ཕྱོགས་སུ་རྒྱུག་བཞིན་འདུག   རྒྱང་རིང་གི་ལྷོ་ཕྱོགས་ན་ཁ་བའི་གོས་ཀྱིས་བཀླུབས་པའི་མདོ་ལ་རིང་མོ་དེ་དར་དཀར་གྱི་ཡོལ་བ་འཐེན་པ་བཞིན་དཀར་ཞིང་ལྷུན་ཆགས་སེར་ནུབ་ཕྱོགས་སུ་བརྐྱངས་འདུག   

ཐང་རྒྱལ་རབས་ཀྱི་སྙན་ངག་པ་གྲགས་ཅན་ལིས་པེའི་སྙན་ཚིག་«འགག་སྒོའི་ཟླ་བ»( 关山月 ) ཞེས་པ་ལས།  འོད་དཀར་ཅན་ནི་གནམ་གྱི་རི་བོ་ལས། །སྤྲིན་གྱི་རྒྱ་མཚོའི་གསེབ་ཏུ་འཕྱོ་ཞིང་ཉུལ།  །ལེ་དབར་ཁྲི་ཕྲག་བསྐྱོད་པའི་དྲིའི་ཤིང་རྟ།   །གཡུས་མོན་འགག་ཏུ་གཡུགས་ཤིང་བརྒལ་བར་གྱུར། །ཧན་རྒྱལ་པེ་ཏིང་རི་བོའི་ལམ་དུ་བབས།   །བོད་མིས་ཁྲི་ཤོར་རྒྱལ་མོར་བྱ་ར་བྱེད། །འདི་ཀོ་སྔར་ནས་འཐབ་པའི་གཡུལ་ས་སྟེ།  །གསོན་པོར་ཕྱིར་དུ་ལོག་པ་མཐོང་མ་བྱུང་། ཞེས་དགུང་མོ་དེའི་ཟླ་བ་མཐོ་ཞིང་བརྗིད་པའི་མདོ་ལ་རིང་མོའི་ཕྲག་པ་ནས་དལ་གྱིས་ཡར་འཕགས་ཏེ་སྤྲིན་ཕུང་གི་དབུས་སུ་བགྲོད་པ་དང་།ནུབ་ལྗོངས་ནས་འོངས་པའི་རླུང་འཚུབ་ཀྱིས་གཡུས་མོན་འགག་སྒོ་བརྒལ་ཏེ་མུ་མཐུད་དུ་ཤར་ཕྱོགས་སུ་གཡུགས་པའི་ངང་ཚུལ་དང་།ཞར་དུ་ཐང་བོད་གཉིས་ཀྱིས་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འཁོར་དུ་དམག་འཁྲུག་བརྒྱབ་སྟེ་ཐང་རྒྱལ་རབས་ལ་ཕམ་ཁ་བསྟུད་མར་བྱུང་བའི་གནས་ཚུལ་ཀྱང་དྲང་བོར་བརྗོད་འདུག    

ང་ཚོ་སྡོད་པའི་མེ་འཁོར་རྨ་ནུབ་ཁྱམས་རིང་(河西走廊)བརྒྱུད་དེ་ཡུན་རིང་བསྐྱོད་མཐར་གནའ་བོའི་བོད་མི་རྣམས་ཀྱིསཀྭ་ཆུཞེས་འབོད་པའི་བཀྭའ་ཀྲིག་གྲོང་ཁྱེར་དུ་འབྱོར་བ་དང་།  རིམ་གྱིས་ཇེ་དལ་དུ་སོང་ནས་འབབ་ཚིགས་ཤིག་ཏུ་ག་ལེར་བསྡད་ཅིང་།   འགྲུལ་བ་མང་བོ་ཞིག་གཅིག་རྗེས་གཉིས་མཐུད་དུ་སར་བབས་པས།  ང་ཚོའི་འཁོར་སྒམ་སྔར་ལས་ཇེ་ཡངས་སུ་སོང་།  བཀྭའ་ཀྲིག་གྲོང་ཁྱེར་དེ་དེ་འདྲའི་ཆེ་རྒྱུ་མེད་ཅིང་ཐང་ཆེན་ཞིག་གི་དཀྱིལ་དུ་ཆགས་ཡོད་པ་དང་།   ཅུང་རྒྱང་རིང་ན་ཞི་ཨན་གྲོང་ཁྱེར་གྱི་ཏཱ་ཡན་མཆོད་རྟེན་དང་དབྱིབས་གཟུགས་འདྲ་བའི་མཆོད་རྟེན་སེར་བོ་ཞིག་ལྷང་ངེར་བརྗིད་འདུག         ལོ་ངོ་ཆིག་སྟོང་སུམ་བརྒྱའི་སྔོན་ལ།  ཐང་རྒྱལ་རབས་ཀྱི་སྡེ་སྣོད་གསུམ་པ་ཞན་ཙང་( 玄奘 ) ཞེས་པ་དེ་རྒྱལ་ས་ཁྲང་ཨན་ནས་ལྐོག་ཏུ་ལམ་ལ་ཆས་ཏེ་བཤུལ་རིང་ལམ་གྱི་ངལ་དུབ་དང་ལྟོགས་སྐོམ་གྱི་སྡུག་བསྔལ་སོགས་དཔག་ཏུ་མེད་པ་མྱངས་ནས་མི་རྐྱང་རྟ་རྐྱང་དུ་གནས་འདིར་འབྱོར་ཞིང་།  གནས་འདི་ནས་ལམ་སྣེ་འཁྲིད་མཁན་ཧོར་བ་( 胡人 )ཞིག་དང་ནུབ་ལྗོངས་སུ་འགྲིམས་མྱོང་བའི་རྟ་ཕོ་ལོ་ལོན་ཞིག་དང་ཕྲད་དེ་དེ་གཉིས་ཀའི་སྡོངས་གྲོགས་ལ་བརྟེན་ནས་གཡུས་མོན་འགག་སྒོ་བརྒྱུད་དེ་ཀོ་ཁྲང་(高昌)དུ་འབྱོར་ཞིང་། དེ་ནས་ནུབ་ཡུལ་བསྐོར་ཏེ་ཁ་ལྷོ་རུ་དཀྱོགས་ནས་རྒྱ་གར་འཕགས་པའི་ཡུལ་དུ་བརྟོལ་ཅིང་།  ལོ་ངོ་དུ་མར་ཐེག་ཆེན་གྱི་ཆོས་ལ་སློབ་གཉེར་ཕུ་ཐག་ཆོད་པ་གནང་རྗེས་བཀའ་སྡེ་སྣོད་མང་བོ་གདན་དྲངས་ཏེ་ཕྱིར་རྒྱལ་ས་ཁྲང་ཨན་དུ་ལོག་རྗེས་ནང་བའི་སྡེ་སྣོད་དེ་དག་ཡིག་བསྒྱུར་གནང་བ་དང་།  དེའི་ཞོར་དུ་རྒྱ་བརྒྱུད་ནང་བསྟན་ལ་དག་ཐེར་གནང་བའི་མཛད་རྗེས་རླབས་པོ་ཆེ་བསྐྲུན་མྱོང་བ་རེད།   

བཀྭའ་ཀྲིག་དང་གྱེས་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་བསྐྱོད་མཐར་གཞི་ནས་གནའ་བོའི་ཤ་ཅུ་སྟེ།   ཏུན་ཧོང་གྲོང་ཁྱེར་གྱི་བྱང་འགྲམ་དུ་ཆགས་ཡོད་པའི་མེ་འཁོར་འབབ་ཚིགས་སུ་འབྱོར་བྱུང་།   མེ་འཁོར་ལས་བབས་རྗེས་ངེད་གཉིས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་གྲོང་ཁྱེར་དབུས་ཁུལ་དུ་སོང་བ་དང་།  དེ་རིང་ནི་སྤྱི་ཟླ་བཞི་བའི་ཚེས་ཉེར་བདུན་ཡིན་ལ།   ངེད་གཉིས་ཀྱི་སྟོང་སྐུའི་བྲག་ཕུག་( 莫高窟 )གི་འཛིན་བྱང་ནི་ཚེས་ཉེར་དགུའི་ཕྱི་དྲོའི་འཛིན་བྱང་ཡིན་པས་ངེད་གཉིས་ཀྱིས་དྲོས་ཇ་སྟབས་བདེ་ཞིག་འཐུང་རྗེས་དུས་ཚོད་དམ་འཛིན་གྱིས་དེ་རིང་ཉིན་གུང་ཆུ་ཚོད་༡༢.༣༠ སྟེང་གསར་དུ་བཞེངས་པའི་གནའ་མཁར་དང་ནུབ་ཀྱི་སྟོང་སྐུའི་བྲག་ཕུག(西千佛洞 ) གཡུས་མོན་འགག་སྒོ།  ཧན་རྒྱལ་རབས་ཀྱི་ལྕགས་རི།(汉长城 ) ཡ་ཏེན་ས་གཤིས་སྤྱི་གླིང་ (雅丹国家地质公园 )བཅས་སུ་བསྐྱོད་པའི་འགྲུལ་འཁོར་ཞིག་ལ་བསྡད་དེ་ཏུན་ཧོང་གི་ནུབ་ཕྱོགས་སུ་ལྟད་མོར་ཆས་པ་ཡིན། 

ཁ།     ནུབ་ཀྱི་སྟོང་སྐུའི་བྲག་ཕུག་གི་དབེན་པ།

ང་ཚོ་དུས་ཚོད་སྐར་མ་ཉི་ཤུ་ཙམ་ལ་བསྐྱོད་རྗེས་ཁོ་ཚོས་གནའ་མཁར་ཞེས་འབོད་པའི་གནས་དེར་འབྱོར་སོང་།  དེ་ནི་གནའ་བོའི་ཧན་རྒྱལ་རབས་ཀྱི་བཟོ་དབྱིབས་ལྟར་གསར་དུ་བཞེངས་པའི་མཁར་རྫོང་ཞིག་སྟེ།   སྒོ་ཆེན་འགྲམ་དུ་སྒྱོག་སྟེགས་ཤིག་བཞག་ཡོད་པ་དང་ནང་དུ་ཁྲོམ་སྲང་དང་ཤིང་རྟ་འཁོར་ལོ།  གྲི་མདུང་སོགས་གནའ་བོའི་སྲོལ་ལུགས་ལྟར་བཞེངས་ཡོད་པས།  གྲོགས་པོ་མཁས་གྲུབ་དེ་ལ་སྤྲོ་བ་འཕེལ་ནས་པར་མང་བོ་བརྒྱབ་སོང་།   ཡིན་ན་ཡང་ངའི་བློར་འབབ་པ་ཞིག་ཡོད་པ་ནི་གནའ་བོའི་ཕུབ་ལྟ་བུ་མང་བོ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ངོས་ཀྱི་མི་ཉག་གི་ཡི་གེ་དེ་དག་རེད།  བཤད་ཚུལ་ལྟར་ན་མཁར་རྫོང་འདི་ནི་ཏུན་ཧོང་དང་འབྲེལ་བ་ཡོད་པའི་གློག་བརྙན་ཕབ་སྐྲུན་བྱ་བའི་ཆེད་དུ་འཇར་ཕན་དང་ཀྲུང་གོ་གཉིས་ཀྱིས་མཉམ་འབྲེལ་གྱིས་བཟོ་སྐྲུན་བྱས་པ་ཡིན་སྐད།  ཁང་མིག་ཅིག་གི་གྱང་ངོས་སུ་རྒྱ་ནག་གི་འཁྲབ་སྟོན་པ་གྲགས་ཅན་ཁྲིན་ལུང་(成龙)དང་ཀྲང་མན་དབྱི།(张曼玉)ལིའུ་དབྱི་ཧྥེ་(刘亦菲)སོགས་ཀྱིས་གནའ་བོའི་ཆ་ལུགས་སྤྲས་པའི་འདྲ་པར་མང་བོ་ཞིག་བཤམས་འདུག དུས་ཚོད་ཕྱེད་ཀ་ལྷག་ལ་ལྟ་སྐོར་བྱས་རྗེས་མུ་མཐུད་དུ་ནུབ་ཕྱོགས་སུ་དུས་ཚོད་ཕྱེད་ཀ་ཙམ་ལ་བསྐྱོད་མཐར་གཞི་ནས་ནུབ་ཀྱི་སངས་རྒྱས་སྟོང་སྐུའི་ཕུག་པ་( 西千拂洞 )ཡོད་སར་བསླེབས་སོང་།  དེ་ནི་དངོས་གནས་མྱ་ངམ་ཐང་གི་དག་ཞིང་ཆུང་ཆུང་ཞིག་སྟེ།   ཆུ་ཕྲན་ཤག་ཤག་ཏུ་འབབ་ཅིང་ལྗོན་ཤིང་སྔོ་ལྡེམ་མེར་འཁྲིགས་པའི་གྲམ་གཞུང་ཞིག་ཏུ་ཆགས་འདུག   ཕུག་པ་འདི་དག་ཏང་ཧི་གཙང་བོའི་( 党河བྱང་འགྲམ་གྱི་གད་པའམ་བྱེ་ཟེགས་ཀྱི་བྲག་ངོས་སུ་ཆགས་ཡོད་ལ།   བསྡོམས་པས་ཕུག་པ་༤༠ཙམ་ཡོད་ཀྱང་རྟགས་བཏབ་པའི་ཕུག་པ་༡༦ ལས་མི་འདུག   ཕུག་པ་འདི་དག་ལས་ཆེས་སྔ་ཤོས་ཝེ་བྱང་མའི་北魏སྐབས་སུ་བཞེངས་ཤིང་།  འཕྱི་ཤོས་ནི་ཐང་རྒྱལ་རབས་སྐབས་སུ་བཞེངས་པ་རེད། ང་ཚོས་འཛིན་བྱང་ཉོས་རྗེས་དུས་ཚོད་སྐར་མ་༡༠ལྷག་ལ་བསྒུགས་མཐར་ད་གཟོད་འགྲེལ་བཤད་པ་དེ་གནས་ག་གེ་མོ་ཞིག་ནས་ཐོན་བྱུང་།  ཁོས་ང་ཚོ་ཕུག་པ་དང་བོའི་ནང་དུ་ཁྲིད་ནས་གཏམ་རྒྱུད་ལྟ་བུའི་ལོ་རྒྱུས་ཤིག་བཤད་བྱུང་།  ངས་བརྙན་ཕབ་摄像机བླངས་ནས་འབག་སྐུ་དང་ལྡེབས་རིས་རྣམས་བརྙན་དུ་ལེན་རྩིས་བྱེད་སྐབས་ཁོ་གདུག་རྩུབ་ངང་ཚུར་མཆོངས་ཏེ་ཅུང་ཙམ་མིན་ན་ངའི་བརྙན་ཕབ་འཕྲུལ་ཆས་ཀྱང་ས་ལ་བརྡབས་སོང་།  ངས་ཀྱང་ཅུང་མ་རངས་པའི་ངང་ཁོ་ལ རྫུན་མ་གཏམ།  ལོ་རྒྱུས་དྲང་བོར་ཤོད་ ཅེས་སྨྲས་པ་ཡིན།  ང་ཚོ་དུས་ཚོད་ཀྱི་དབང་གིས་བྲག་ཕུག་ཡོངས་རྫོགས་ལ་མཇལ་མ་ཐུབ་ཀྱང་སྐོར་ཞིག་ལ་ཞིབ་ཏུ་བལྟས་པ་ཡིན།  ཕུག་པའི་ནང་གི་འབག་སྐུ་རྣམས་གསོན་ཉམས་ལྡན་པ་ཤ་སྟག་ཡིན་ཀྱང་སྐོར་ཞིག་གི་དབུ་དང་ཕྱག་སོགས་ཞིག་རལ་དུ་གྱུར་འདུག   དེ་བས་སློབ་མ་ཆུང་ཆུང་ཞིག་གིས སྐུ་འདི་དག་ཚང་མར་དབུ་མེད་པའི་རྒྱུ་མཚན་ཅི ཅེས་དྲིས་པས།   ང་ཚོ་ཚང་མ་དབང་མེད་དུ་གད་མོ་ཤོར་སོང་།  དྲི་བ་དེ་ནི་ཉན་མ་ཐག་དགོད་བྲོ་བ་ཞིག་ཏུ་སྣང་མོད།  ཞིབ་ཏུ་བསམས་ན་ངེས་པར་འདྲི་དགོས་པའི་དྲི་བ་ཞིག་སྟེ།  དངོས་གནས་རྒྱལ་རབས་གང་ཞིག་གི་ལོ་ཟླ་ནམ་ཞིག་ལ་ཆབ་སྲིད་པ་སུ་ཞིག་གིས་སྐུལ་སློང་བྱས་ཏེ་སྐུ་འདི་དག་གི་དབུ་རེ་རེ་ནས་བཅད་པ་ཡིན་ནམ།   ལྡེབས་རིས་དག་ལས་སྐོར་ཞིག་ཝེ་བྱང་མ་དང་ཀྲིག་བྱང་མའི་( 北周 )དུས་སུ་བཞེངས་པས་ཅུང་རགས་འབྲི་བྱས་ཡོད་ལ།  ཚོན་མདོག་སྔོན་པོ་དང་ལྗང་ཁུ་ལས་གཞན་སྨུག་པོའང་ཤས་ཆེར་སྤྱད་འདུག ཅུང་ངོ་མཚར་བ་ཞིག་ནི། སངས་རྒྱས་བྱང་སེམས་དག་གི་དབུའི་མཐའ་འཁོར་གྱི་འོད་ཀོར་གྱི་ཕྱི་རུ་མེ་རིའི་རི་མོ་བཀོད་འབྲི་བྱས་ཡོད་པ་དེ་རེད།  ལ་ལ་སའེ་རྒྱལ་རབས་དང་ལ་ལ་ཐང་རྒྱལ་རབས་སྐབས་སུ་བཞེངས་པ་དང་།  ལ་ལ་ཧོར་() གྱི་དུས་སྐབས་དང་།  ལ་ལ་ཡོན་རྒྱལ་རབས་ཀྱི་དུས་སུ་བཞེངས་པ་རེད།   ནང་དོན་ཡང་སྟོན་པ་ཤཱཀྱ་ཐུབ་པ་དང་ སངས་རྒྱས་སྨན་བླ།    རྒྱལ་བ་བྱམས་པ།   བྱང་སེམས།  ཁྲོ་བོ།   མཁའ་འགྲོ་མ་སོགས་ཀྱིས་ཆོས་འཆད་པ་དང་མཉམ་པར་འཇོག་པ། གར་བྱེད་པ་སོགས་དང་།  གཞན་སྟོན་པའི་སྐྱེས་རབས་སོགས་ཀྱང་ཡོད།  དེ་དག་ཀྱང་ཚོན་མདོག་སྔོན་པོ་དང་ལྗང་ཁུ་ཤས་ཆེ་ཞིང་གསོན་ཉམས་ལྡན་པ་དང་།   མཐོང་བ་ཙམ་གྱིས་སེམས་ལ་དད་པ་དང་བག་ཕེབས་ཀྱི་ཚོར་བ་བཅོས་མིན་དུ་སྟེར་བ་ཤ་སྟག་འདུག  དེ་ལས་ཀྱང་ངོ་མཚར་བ་ནི།  སངས་རྒྱས་སྟོང་སྐུའི་ཁྲོད་ཀྱི་སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་གྱི་ཕྱག་རྒྱ་དང་བཅས་ཏེ་བྱང་སེམས་དང་དགྲ་བཅོམས་པ་རྣམས་ལ་ཆོས་གསུང་བཞིན་པའི་ལྡེབས་རིས་དེ་ཡིན་ཏེ། དེ་ནི་ལྡེབས་རིས་ཡོངས་རྫོགས་ཁྲོད་ཀྱི་ཆེས་ཕུན་སུམ་ཚོགས་པ་དང་ཉར་ཚགས་བྱས་པའང་ཆེས་བཟང་བ་དེ་ཡིན་པར་མ་ཟད།  ད་དུང་བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་གྱི་འབྲི་སྟངས་ལྟར་ཡོད་པས།  བོད་བཙན་པོས་ཏུན་ཧོང་ས་ཆར་དབང་སྒྱུར་བཞིན་པའི་དུས་སུ་བཞེངས་པ་གོར་མ་ཆག་ཀྱང་།  གནས་འདིའི་གསལ་བཤད་ཀྱི་དེབ་ཆུང་ནང་དུ་ཐང་རྒྱལ་རབས་ཀྱི་དུས་དཀྱིལ་( 中唐 )དུ་བཞེངས་ཞེས་པ་ཙམ་ལས་ཚིག་གཅིག་ཀྱང་མི་འདུག

ངེད་ཅག་བྲག་ཕུག་གི་སྒོར་བུད་པ་ན་གནས་འདིའི་ཁོར་ཡུག་ལྷིང་ཞིང་འཇགས་ལ་བྱ་སྐད་བྱེའུ་སྐད་ཐར་ཐོར་རེ་མ་གཏོགས་གྲག་འགུལ་ཧ་ཅང་ཉུང་བས།   གནས་འདི་ནི་ངོ་མ་སེམས་དང་སེམས་བྱུང་རྣམས་ནང་དུ་བཀུགས་ནས་ཞི་བའི་བདེ་བ་ལ་ཡང་དག་པར་འཇོག་པའི་བསྟི་གནས་རྙེད་པར་དཀའ་བ་ཞིག་གོ་སྙམ།  ང་ཚོ་ལམ་ལ་ཆས་གྲབས་བྱེད་སྐབས་ཐག་མི་རིང་བའི་ལྗོན་ཤིང་ཞིག་གི་རྩེ་ནས་ཁུ་བྱུག་ཅིག་ལྷང་ངེར་གྲགས་བྱུང་།  འདི་ནི་ད་ལོའི་ཁུ་བྱུག་གི་གསུང་ཐོས་པའི་ཐོག་མ་ཡིན་པས་ངའི་སེམས་པ་དགའ་བས་མྱོས་པ་དང་།  དེ་དང་ལྷན་དུ་གནས་འདི་ལ་དད་པའམ་ཡང་ན་འབྲལ་དཀའ་བའི་འཁྲེང་སེམས་ཤིག་ཀྱང་འགོག་མེད་དུ་སྐྱེས་བྱུང་། 

    གཡུས་མོན་འགག་སྒོའི་ཆིག་ལབ།

ནུབ་ཀྱི་སྟོང་སྐུའི་བྲག་ཕུག་དང་གྱེས་རྗེས།  ང་ཚོའི་རླངས་འཁོར་ཁ་བྱང་དུ་དཀྱོགས་ཏེ་འཕུར་བ་ལྟར་གཡུས་མོན་འགག་སྒོའི་( 玉门关 )ཕྱོགས་སུ་བསྐྱོད།

ཁོ་བོ་ནི་གཡུས་མོན་འགག་སྒོར་ལྟ་སྐོར་དུ་བསྐྱོད་པར་ཧ་ཅང་མོས་ཏེ།  གཅིག་ནས་ཆུང་དུས་ནས་ཐང་རྒྱལ་རབས་ཀྱི་སྙན་ངག་ཁྲོད་ནས་གཡུས་མོན་འགག་སྒོ་ཞེས་པའི་མིང་འདི་ལན་མང་དུ་ཐོས་མྱོང་བ་དང་།  གཉིས་སུ་རྒྱའི་ཐང་སན་བླ་མ་གནས་འདི་བརྒྱུད་ནས་ནུབ་ཕྱོགས་སུ་ཆས་ཤིང་དེ་ནས་འཕགས་ཡུལ་དུ་ཆོས་ལེན་པར་བསྐྱོད་པ་དང་།   གསུམ་དུ་བོད་བཙན་པོས་བགྲང་བྱ་དུ་མའི་རིང་གནས་འདི་བདག་ཏུ་བཟུང་མྱོང་བ་བཅས་ཀྱིས་ཡིན་ནོ། 

ཅང་མ་འགོར་བར་ང་ཚོ་གཡུས་མོན་འགག་སྒོ་ཡོད་སར་འབྱོར་བྱུང་།  དེ་ནི་ནུབ་ཕྱོགས་ཀྱི་མྱ་ངམ་ཐང་ཆེན་པོའི་དཀྱིལ་དབུས་སུ་ཡོད་པའི་ཁེར་རྐྱང་གི་བཙན་རྫོང་ཞིག་སྟེ། འགག་སྒོ་འདི་བརྒལ་རྗེས་མཐའ་ཡས་པའི་ནུབ་ལྗོངས་(西域) ཀྱི་ས་སྣེར་སླེབས་འདུག 

ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ།  བྱེ་ཐང་ཆེན་པོའི་རླུང་འཚུབ་དང་ཚ་གདུག་ཆེ་བའི་ཉི་འོད་ཀྱི་འོག་ཏུ།  འགག་སྒོ་ཆེན་པོ་འདིས་ཁེར་རྐྱང་ངང་བསམ་གཞིག་བགྱིད་བཞིན་རྒྱལ་རབས་རེརེའི་དར་རྒུད་ལ་གཟིགས་ཞིབ་གནང་བཞིན་བསྡད་ལ།  ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ། རྔ་མོང་རུ་ཁག་གི་སྐེ་དྲིལ་དང་ནུབ་ཁའི་མཚམས་སྤྲིན་གྱི་འོག་ཏུ།  འགག་སྒོ་ཆེན་པོ་འདིས་ཁེར་རྐྱང་ངང་ཆིག་ལབ་རྒྱག་བཞིན་དུས་ཚིགས་རེ་རེའི་འགྱུར་ལྡོག་ལ་རྣ་བ་བླག་བཞིན་མཆིས་ཨང་།

འགག་སྒོ་འདིའི་མིང་གཞན་ལ་ཞའོ་ཧྥང་ཕན་(小方盘 )ཟེར་ཞིང་། ཧན་རྒྱལ་རབས་ནུབ་མའི་གོང་མ་ཧན་ཝུའུ་ཏེའི་(汉武帝 )སྐབས་སུ་བཞེངས་པ་དང་།  སྐབས་དེའི་ཏུའུ་ཝེ་( )ཡི་སྲིད་འཛིན་ལས་ཁུངས་ཀྱི་སྡོད་གནས་ཀྱང་རེད།  ད་དུང་སྐབས་དེའི་ཏུན་ཧོང་ཅིན་ (敦煌郡)གྱི་མངའ་འོག་ཏུ་གཏོགས་ཤིང་། དར་གོས་ཚོང་ལམ་གྱི་བྱང་ལམ་གྱི་འགག་སྒོ་གལ་ཆེན་ཞིག་ཀྱང་རེད།  མཁར་རྫོང་གི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༦༣༣ཡོད་པ་དང་།  མཐོ་ཚད་ལ་རྨིད་༡༠ཡོད་འདུག   ཤར་ཕྱོགས་ཀྱི་སྤྱི་ལེ་ཉི་ཤུའི་མཚམས་ན་ཧི་ཚང་མཁར་(河仓城 )ཞེས་པ་དེ་ཡོད་ཅིང་། དེ་ནི་དར་གོས་ཚོང་ལམ་སྟེང་གི་འབྲུ་མཛོད་ཧ་ཅང་གལ་ཆེན་ཞིག་ཡིན་པར་བཤད།  གཡུས་མོན་འགག་སྒོ་དང་ཐག་མི་རིང་བའི་ནུབ་བྱང་མཚམས་ན་སྔོ་དྭངས་དྭངས་ཀྱི་མཚེའུ་ཞིག་ཡོད་ལ།  དེ་ནི་འགག་སྒོ་འདི་ཡིན་གཅིག་མིན་གཅིག་ས་འདིར་ཆགས་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། 

«བཀའ་ཐང་སྡེ་ལྔ་ »ལས། གནམ་རི་སྲོང་བཙན་རྒྱལ་བོའི་སྐུ་རིང་ལ།  །དམག་དང་འཁྲུག་པ་གཡོ་བའི་འདུན་མ་བྱས།  །བར་དུ་བསྐལ་བ་མཁོན་བྱུང་སྡེ་རིས་ལ།  །མཐའ་རྒྱ་བཅད་ནས་རྒྱ་དང་གྲུ་གུ་བཏུལ། །ཞེས་གསུངས་པ་ལྟར་ན།  གནམ་རི་སྲོང་བཙན་སྐབས་བོད་ཀྱིས་དྲུ་གུར་དམག་དྲངས་ཏེ་དྲུ་གུ་ཆམ་ལ་ཕབ་ཅིང་།  ནུབ་ལྗོངས་སུ་ཡོད་པའི་རྒྱ་རིགས་ལ་ཡང་དབང་བསྒྱུར་པའི་སྣང་ཚུལ་བྱུང་ཡོད། 

ཐང་རྒྱལ་རབས་ཀྱི་དེབ་ཐེར་སྔ་ཤོས་ «ཐུན་ཏེན» ( )ལས་བཙན་པོ་ཁྲི་སྲོང་བཙན་ཞེས་བྱ་བས་ནུབ་ལྗོངས་བདག་ཏུ་བཟུང་།ཞེས་འཁོད་པས། བོད་ཀྱིས་སྲོང་བཙན་སྒམ་པོའི་རིང་ནས་ནུབ་ལྗོངས་ལ་དབང་སྒྱུར་བྱེད་བཞིན་པ་ཧ་ཅང་གསལ་ལ།   ད་དུང་རྒྱའི་ཐང་སན་བླ་མ་གཡུས་མོན་འགག་སྒོ་ནས་བརྒལ་རྗེས་ཐད་ཀར་བྱང་དུ་དཀྱོགས་ཏེ་གོ་ཁྲང་(高昌) དུ་ཕེབས་ཤིང་དེ་ནས་ནུབ་ཕྱོགས་སུ་བསྐྱོད་དེ་རའེ་ཧེ་(热海)དང་ཧྭ་གོ་( 话国 )སོགས་བརྒྱུད་ནས་རྒྱ་གར་དུ་ཕེབས་པའི་བྱུང་བ་དེས་ཀྱང་དོན་དངོས་འདི་གསལ་བཤད་བྱས་ཡོད།

ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་»ལས།  ཁྱིའི་ལོ་ལ།  བཙན་པོ་རྐོང་གཡུག་དུ་འགོརད་མཛད་ཆྀང་།  བློན་ཆེ་སྟོང་རྩན་གྱིས་དུ་གུལ་དུ་ཞང་ཞུང་གྱི་མཁོས་བགྱིས་ཕར་ལོ་གཆྀགཅེས་བྱུང་།  འདིའི་དུ་གུལཞེས་པ་དེ་དྲུ་གུ་ལ་ངོས་འཛིན་པ་ལྟར་ན།   སྤྱི་ལོ་ ༦༦༢ལོར་མགར་སྟོང་བཙན་དྲུ་གུའི་ཡུལ་དུ་བཞུགས་ཡོད་ཅིང་། ཡུལ་དེ་ནས་ཞང་ཞུང་གི་ཁོད་གཏན་ལ་ཕབ་པའི་གནས་ཚུལ་བྱུང་ཡོད། འདིའི་སྐབས་ཀྱི་དྲུ་གུ་ནི་དྲུ་གུ་ནུབ་མ་ལ་གོ་ཞིང་།  དྲུ་གུ་ནུབ་མའི་ས་སྣེ་ཞང་ཞུང་དང་ཉེ་བས་བློན་པོ་མགར་གྱིས་དྲུ་གུའི་ཡུལ་ནས་ཞང་ཞུང་གི་ཁོད་གཏན་ལ་ཕབ་པ་དེ་ཡང་བྱུང་མི་སྲིད་པ་ཞིག་མིན།  ཡང་«དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་»ལས།  བྱྀ་བའྀ་ལོ་ལ།  བཙན་པོ་བྱང་རོལ་དུ་གཤེགས་ཤིང་།ཞེས་བྱུང་།  འདིའི་བྱང་རོལ་ཅེས་པ་ནི་ནུབ་ལྗོངས་སོགས་ལ་གོ་དགོས་ཤིང་།  སྤྱི་ལོ་༦༦༤ལོར་བཙན་པོ་མང་སྲོང་མང་བཙན་ནུབ་ལྗོངས་སུ་དངོས་སུ་ཕེབས་པས།  དེ་ལ་བལྟས་ན་སྐབས་དེར་བོད་ཀྱིས་ནུབ་ལྗོངས་ལ་དབང་སྒྱུར་བྱེད་བཞིན་པ་གསལ་བོར་ཤེས་ཐུབ་སྙམ།

གྲོགས་པོ་མཁས་གྲུབ་ལགས་སྤྲོ་བས་མྱོས་ཏེ་ལབ་གླེང་སྣ་ཚོགས་བྱེད་པ་དང་། ངེད་གཉིས་ཀྱིས་མཁར་རྫོང་གི་ནང་དང་ཕྱི་སོགས་ནས་དྲན་རྟེན་གྱི་འདྲ་པར་མང་པོ་བླངས།  མཁར་རྫོང་གི་ནང་དུ་ཀོང་ཏུང་གི་རྒྱ་མི་འགས་རེ་བ་བཏོན་པ་བཞིན་གྲོགས་པོ་མཁས་གྲུབ་ཀྱིས་ཁོ་ཚོ་དང་ལྷན་དུ་དྲན་རྟེན་གྱི་འདྲ་པར་འགའ་ཞིག་ཀྱང་བླངས་སོང་། 

ངེད་གཉིས་ནི་སྤྱི་ལོ་༨༤༨ལོར་ས་འདི་བོད་བཙན་པོའི་རྒྱལ་རབས་ཀྱི་ལག་ནས་ཤོར་རྗེས་སླར་ཡང་གནས་འདིར་སླེབས་པའི་གནས་འདི་ལ་དུངས་ཞེན་ཆེས་ཆེ་བའི་བོད་མི་གནས་སྐོར་བ་ཨང་དང་བོ་མིན་ན་ཡང་ཨང་གཉིས་པ་ལོས་ཡིན་བསམས་བྱུང་། 

ཐང་རྒྱལ་རབས་ཀྱི་སྙན་ངག་པ་ལི་ཆི་(李颀)ཡི་«གནའ་བོའི་དམག་རྗེས་འབྲངས་པ་ལ་སྦྱར་བ།» ཞེས་པའི་སྙན་ཚིག་ལས།  མུ་བྲལ་ས་སྟོང་སྒར་བཏབ་གྲོང་ཁྱེར་དབེན།   །ལྷབ་ལྷུབ་ཁ་ཆར་བབས་པས་བྱེ་ཐང་འབྲེལ།  །མཐའ་འཁོབ་བྱ་ལོང་མཚན་མོར་ཁུས་བཞིན་འཕུར།  །མཐའ་འཁོབ་སྐྱེ་བོའི་མིག་ཟུང་མཆི་མ་ལྷུང་།  །གཡུས་མོན་འགག་ནི་བཀག་ཅེས་ཐོས་པ་ན།  །དཔོན་གྱི་རྗེས་འབྲངས་སྲོག་བསྡོ་བྱེད་ལ་རངས།  །བགྲང་བྱ་རེ་བཞིན་རུས་དཀར་བས་མཐར་སྦ།  །འཁོས་ཆུང་རྒུན་འབྲུམ་ཧན་གྱི་ཡུལ་དུ་དྲངས། ཞེས་བྱུང་ཞིང་།  སྐབས་དེར་སྙན་ངག་པ་ཁོང་ནུབ་ལྗོངས་སུ་ཡོད་པ་དང་། ཐང་བོད་གཉིས་ཀས་ལོ་དུ་མར་དམག་འཁྲུག་བརྒྱབ་རྗེས་མཐར་བོད་ཀྱིས་གཡུས་མོན་འགག་སྒོ་ཐང་གི་ལག་ནས་འཕྲོགས་པའི་གནས་ཚུལ་དང་།  སྐབས་དེའི་རྩོམ་པ་པོ་ཁོང་གི་སེམས་ཁམས་སྐྱོ་བོ་དེ་ཕྱི་རོལ་གྱི་དགུན་ཁའི་ཡུལ་ལྗོངས་དང་དབྱེར་མེད་དུ་བསྲེས་ཏེ་གཏིང་ཟབ་སྒོས་མཚོན་འདུག་སྙམ།

དུས་ཚོད་ཕྱེད་ཀ་ལྷག་གི་ལྟ་སྐོར་མཇུག་བསྒྲིལ་རྗེས།   ང་ཚོ་ཡང་བསྐྱར་རླངས་འཁོར་དུ་བསྡད་ནས་ཧན་རྒྱལ་རབས་ཀྱི་ལྕགས་རིའི་ཕྱོགས་སུ་བསྐྱོད། ངའི་སེམས་ལ།  ང་ཚོ་གནས་སྐོར་བ་རྣམས་གློ་བུར་དུ་ལྷགས་ཤིང་བྲེལ་སྟབས་ཀྱིས་སོང་རྗེས།  གཡུས་མོན་འགག་སྒོ་ནི་སྔར་བཞིན་དེ་གའི་དེའུ་འབུར་སྟེང་དུ་འགྲེང་སྟེ་ཁེར་རྐྱང་ངང་སུས་ཀྱང་མི་གོ་བའི་ཆིག་ལབ་རྒྱག་བཞིན་གནས་ཡོད་དམ་བསམས་བྱུང་། 

བོད་ཀྱིས་ནུབ་ལྗོངས་དབང་དུ་བསྒྱུར་པའི་ཐད་ལ་རྒྱའི་ལོ་རྒྱུས་སྨྲ་བ་སྐུ་ཞབས་ཧྥན་བིན་ལན་(范文澜)གྱིས་གཟུ་བོར་གནས་པའི་གདེང་འཇོག་འདི་ལྟར་གནང་འདུག་སྟེ། བོད་ཀྱིས་སྟོབས་ཤུགས་ཆེན་པོ་བཏོན་ནས་སྟག་གཟིག་གི་དབང་ཤུགས་ཚུང་ལེན་( 葱岭 )གྱི་ཤར་རྒྱུད་དུ་བསླེབ་པར་འགོག་རྒོལ་བྱས་ཡོད་པས་བྱས་རྗེས་ཤིན་ཏུ་ཆེ ཞེས་དང་། ཡང་བོད་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཆོས་ལུགས་སྤེལ་མཁན་གྱི་སྟག་གཟིག་ཤར་སྐྱོད་བྱེད་པ་བཀག་པས་རྒྱའི་རིག་གནས་ལ་གཏོར་བརླག་བྱེད་པའི་ཉེན་ཁ་བཟློག་པར་བྱས། ཞེས་ཀྱང་གསུངས་འདུག

ང་།    ཧན་གྱི་ལྕགས་རིའི་དོགས་འདྲི།

ང་ཚོ་སྐར་མ་བཅུ་ཡས་མས་ལ་བསྐྱོད་རྗེས་ཧན་རྒྱལ་རབས་ཀྱི་ལྕགས་རི་རིང་བོ་ཡོད་སར་སླེབས་སོང་།  དེ་ནི་ཤར་ནས་ནུབ་ཏུ་བརྐྱངས་ཤིང་ས་འདམ་ལས་གྲུབ་ལ།  དེ་འདྲའི་མཐོ་རྒྱུ་མེད་པའི་གྱང་རིང་ཞིག་རེད།  དེ་ནི་ལོ་ངོ་ཉིས་སྟོང་གི་སྔོན་ལ་ཧན་རྒྱལ་རབས་ཀྱི་གོང་མ་ཧན་ཝུའུ་ཏེ་སོགས་ཀྱི་རིང་ལ།  བྱང་ཕྱོགས་རྩྭ་ཐང་གི་སྟོབས་ལྡན་དགྲ་བོ་སྟེ་ཞུང་བའམ་ཞུང་ནུའུ་(匈奴 )འགོག་ཕྱིར་བཟོས་པ་རེད།  ཞུང་ནུའུ་ནི་རིགས་རུས་སོག་པོར་གཏོགས་ཤིང་གནའ་དུས་ནས་བྱང་ཕྱོགས་རྩྭ་ཐང་དུ་ཕྱུགས་ལས་གཉེར་བའི་འབྲོག་རུའི་ཚོ་ཁག་གིས་གྲུབ་པའི་མི་རིགས་ཤིག་སྟེ།   རྟ་རྩལ་ལ་གོམས་ཤིང་དཔའ་ངར་ཆེ་ལ་དམག་འཐབ་ལ་བྱང་བས། ཧན་རྒྱལ་རབས་ལ་རྟག་ཏུ་ཚུར་རྒོལ་བྱས་ཏེ་འཇིགས་སྣང་བསྐུལ་བས།  ཧན་རྒྱལ་རབས་ཀྱིས་ཀྱང་སྐབས་རེར་འགོག་རྒོལ་བྱས་ཤིང་སྐབས་རེར་གཉེན་གྱི་འབྲེལ་བ་བཟུང་ནས་ཞི་འགྲིག་ཡོང་ཅི་ཐུབ་བྱ་དགོས་བྱུང་།  སྤྱི་ལོའི་དུས་རབས་བཞི་བའི་ནང་སྟོབས་ཤུགས་ལྷག་པར་རྒྱས་ཏེ་ཡོ་རོབ་གླིང་དུ་དཔུང་འཇུག་བྱས་ཏེ་སྐབས་དེའི་ཀོ་ཐེ་ཤར་མ་དང་ནུབ་མ། རོ་མ་ཤར་མ་དང་ནུབ་མའི་རྒྱལ་ཁབ་བཅས་ཕམ་ཉེས་སུ་བཏང་མཐར་ཏུའོ་ནའོ་གཙང་བོའི་(多瑙河)འགྲམ་རྒྱུད་དུ་ཞུང་ནུའུ་གོང་མའི་རྒྱབ་ཁབ་བཙུགས་པ་རེད། 

ཧན་ཝུའུ་ཏེས་རྨ་ནུབ་ས་ཆར་(河西 )ཅིན་བཞི་སྟེ་ཝུའུ་ཝེ་ཅིན་དང་ཀྲང་ཡེ་ཅིན།  གྱིག་ཆོན་ཅུན།  ཏུན་ཧོང་ཅུན་བཅས་བཙུགས་ཤིང་།  འགག་གཉིས་ཏེ་གཡུས་མོན་འགག་དང་དབྱང་ཀོན་འགག་གཉིས་གཙུགས་པ་དང་།  ད་ལྟ་ང་ཚོའི་མཐོང་སྣང་དུ་མངོན་པའི་ལྕགས་རི་འདི་ཡང་ཁོའི་རིང་ལ་བཞེངས་པར་བཤད།  ལྕགས་རི་འདིའི་མཐོ་ཚད་ལ་རྨིད་གསུམ་ལྷག་ཡོད་ཅིང་། རྟིང་གཞིའི་ཞེང་ཚད་ལ་རྨིད་གསུམ་དང་མཁར་ཁའི་ཞེང་ཚད་ལ་རྨིད་གཅིག་ཡོད་ཟེར། ངའི་སེམས་ལ་ལྕགས་རི་འདི་དེ་འདྲའི་མཐོ་རྒྱུ་མེད་ལ་རྒྱུ་ཆ་ཡང་ས་འདམ་ཡིན་པས།  ཧན་གྱི་ལྕགས་རི་ཞེས་མིང་ཆེ་ན་ཡང་དོན་དེ་འདྲ་ཆེ་རྒྱུ་མི་འདུག་བསམས་བྱུང་།  ལྷག་པར་ས་འདམ་ལས་གྲུབ་པའི་ལྕགས་རི་དཀྱུས་མ་འདི་འདྲ་ཞིག་གིས་དཔའ་ངར་དང་སྟོབས་རྩལ་ལ་འགྲན་ཟླ་བྲལ་བའི་ཞུང་ནུའུ་ཡི་རྟ་དམག་དོན་དངོས་སུ་ཇི་ལྟར་འགོག་ཐུབ་བམ་སྙམ་དུ་དོགས་པ་ཞིག་ཀྱང་སྐྱེས་བྱུང་། 

ང་ཚོ་ལྕགས་རི་དང་འབྲལ་ལ་ཉེ་དུས།  ངས་ལྕགས་རི་དེའི་ཧྭ་ཤོ་ཞིག་ལས་རྒྱང་རིང་གི་ཞུང་ནུའུ་མི་རིགས་ཀྱི་ཕ་སའི་ཕྱོགས་ལ་ཞིབ་ཏུ་བལྟ་དགོས་བྱུང་ལ།  གནས་དེ་ནས་ཅི་ཞིག་མཐོང་འདོད་ཀྱི་འདུན་པའང་དྲག་ཏུ་བརྟས་བྱུང་། 

ང་ཚོ་རླངས་འཁོར་ལ་བསྡད་དེ་ནུབ་ཕྱོགས་ཀྱི་ཡ་ཏེན་ས་གཤིས་སྤྱི་གླིང་དུ་སྐྱོད་དུས་ངའི་སེམས་ལ་མན་ཇུ་རིགས་ཀྱི་རྩོམ་པ་བོ་པ་དབྱིན་པོ་ལོ་(巴音博罗 )ཡིས་བཤད་པའི་སྐད་ཆ་སྟེ།  མཁར་གྱང་ཙམ་ལ་བརྟེན་ནས་རྒྱལ་སྲིད་བརྟན་པོར་སྐྱོང་འདོད་པའི་བསམ་བློ་ནི་ཇི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་  ཞེས་པ་དེ་དབང་མེད་དུ་དྲན་བྱུང་།

ང་ཚོ་དུས་ཡུན་རིང་བོ་ཞིག་ལ་བསྐྱོད་མཐར་གཞི་ནས་ཡ་ཏེན་ས་གཤིས་སྤྱི་གླིང་གི་སྒོ་ཁར་འབྱོར་སོང་།  ང་ཚོས་སྒོར་༡༢༠ཡིས་འཛིན་བྱང་རེ་ཉོས་རྗེས་སླར་ཡང་ནང་དུ་སོང་སྟེ་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་ལྟད་མོ་བལྟ་རུ་བསྐྱོད།  དེ་ནི་ཅུང་ངོ་མཚར་བའི་རང་བྱུང་གི་ཡུལ་ལྗོངས་ཤིག་སྟེ།  མི་རྒན་གྱི་དབྱིབས་ཅན་དང་རྔ་མོང་གི་དབྱིབས་ཅན། རྨ་བྱའི་དབྱིབས་ཅན་གྱི་ས་འབུར་དང་བྲག་ཐོ་རྣམས་རང་རང་སར་ཀེ་རེར་འགྲེང་འདུག   ངའི་ཡིད་དེ་འདྲའི་ཚིམས་པོ་ཞིག་མ་བྱུང་ན་ཡང་།  ལྟད་མོ་བ་མང་ཤོས་ལང་ལོང་སྒོས་དེ་དག་གི་འཁྲིས་སུ་བསྐྱོད་དེ་ཉམས་འགྱུར་སྣ་ཚོགས་སྟོན་བཞིན་པར་ལེན་བཞིན་འདུག   རེ་ཞིག་ནས་ང་རང་ཅུང་བྲེལ་བ་ལངས་ཏེ་ཁ་ལོ་བར ང་ཚོ་ནམ་ཚོད་ཕྱིར་ལོག་ཐུབ་བམ། ཞེས་དྲིས་པར།  ཁ་ལོ་བས་ལན་དུ། ལྟད་མོ་བ་ཚོས་ནུབ་ཁའི་ཉི་མར་པར་ལེན་དགོས་པས། ཉི་མ་ནུབ་ཚར་རྗེས་ད་གཟོད་ཕྱིར་ལོག་ཆོག ཟེར།  ང་ཚོ་གནས་དེ་ནས་དུས་ཚོད་གཅིག་ལྷག་ལ་བསྡད་རྗེས་ད་གཟོད་ཕྱིར་ལོག་པའི་ལམ་དུ་ཞུགས་པ་ཡིན། ང་ཚོ་ཏུན་ཧོང་གྲོང་ཁྱེར་དུ་སླེབས་དུས་དགུང་མོའི་དུས་ཚོད་༡༡་༣༠ལ་བསླེབས་འདུག 

ཅ།   ཟླ་ཚེས་ཆུ་མིག་གི་མཉེས་གཤིན།

ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོ།  ངེད་གཉིས་གྲོང་ཁྱེར་གྱི་ལྷོ་མཐའི་ཉེ་འདབས་སུ་ཡོད་པའི་ཟླ་ཚེས་ཆུ་མིག(月牙泉)ལ་ལྟ་སྐོར་དུ་སོང་།  དེ་ནི་བྱེ་མའི་རི་ཁུག་ཏུ་ཡོད་པའི་སྔོ་དྭངས་དྭངས་ཀྱི་མཚེའུའམ་ཆུ་མིག་ཅིག་སྟེ།  དབྱིབས་ནི་ཟླ་ཚེས་སམ་ཚེས་རུ་དང་འདྲ་ཞིང་།   ཆུ་མིག་གི་འགྲམ་དུ་གནའ་བོའི་བཟོ་བཀོད་ཕུན་སུམ་ཚོགས་པའི་ཐོག་ཁང་དང་ལྡིང་ཁང་།  རྔ་ཁང་སོགས་ཧ་ཅང་བརྗིད་ཅིང་མཛེས་ཉམས་ཀྱིས་ཕྱུག་པ་མང་བོ་གཅིག་ལ་གཅིག་འབྲེལ་དུ་བསྐྲུན་འདུག   ཆུ་མིག་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་རྨིད་༢༡༨ཡོད་ལ།  ལྷོ་དང་བྱང་གི་ཞེང་ཚད་པ་རྨིད་༥༤ཡོད་པ་དང་།  ཆ་སྙོམས་ཟབ་ཚད་ལ་རྨིད་༥ཡོད་པ་རེད།   དེ་ནི་ཡིད་དུ་འོང་བའི་ན་ཆུང་མ་ཞིག་གིས་རང་ཉིད་ཀྱི་གཅེས་སུ་འོས་པའི་ཤེལ་གྱི་མེ་ལོང་དེ་མེན་ཧྲ་རི་བོའི་འདབས་སུ་བོར་བ་ཇི་བཞིན་དྭངས་ཤིང་གསལ་བ་དང་།  དེའི་ནང་ནས་ང་ཚོས་སྔོ་ཞིང་དྭངས་པའི་ནམ་མཁའ་དང་སྤྲིན་དཀར་གྱི་ཚོམ་བུ།  ད་དུང་གཤོག་འགྱུར་ངོམ་པའི་བྱ་དང་བྱེའུ་སོགས་ཀྱང་ཅི་དགར་མཐོང་ཐུབ།  ད་དུང་གནས་འདི་ནས་ང་ཚོའི་སེམས་ལ་ཞི་འཇགས་ཀྱི་ཚོར་སྣང་ཞིག་གིས་ཁྱབ་འགྲོ་ལ། དེ་དང་བསྟུན་ནས་ང་ཚོའི་སེམས་ཁོང་ན་རྟག་ཏུ་ཤུགས་དྲག་པའི་ཕྲག་དོག་དང་ཞེ་སྡང་།  བརྣབ་སེམས།  ཞེད་སྣང་།  ཐེ་ཚོམ་སོགས་ཀྱང་རེ་ཞིག་བག་ལ་ཞ་བར་འགྱུར་ཏེ།  དེ་ནི་གཤིས་ཀ་ལྷོད་བག་ལྡན་ཞིང་ངང་རྒྱུད་ཧ་ཅང་འཇམ་པའི་གྲོགས་པོ་ཞིག་གི་གམ་དུ་བསླེབས་པ་དང་མཚུངས་པར། ཞེ་སྡང་དང་རྩུབ་སྤྱོད་སོགས་བཀོལ་བསམས་ཀྱང་བཀོལ་ཡུལ་མེད་པར་འགྱུར་རོ།  དངོས་གནས་ས་པཎ་གྱིས།  འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་།  །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད།  །འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར།  །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ།  །ཞེས་གསུངས་པ་ནི་ལེགས་བཤད་ལས་ཀྱང་ལེགས་བཤད་དོ། 

བོད་བཙན་པོས་ས་འདིར་དྲག་པོའི་སྟོབས་ཀྱིས་དབང་དུ་སྒྱུར་དུས།  ཀྭ་ཆུ་ཁྲོམ་གྱི་བློན་ཆེན་དག་དང་ཤ་ཅུའི་རྩེ་རྗེ་དག་ཀྱང་སྐབས་རེར་གནས་འདིར་འོངས་ཏེ་རྩེད་འཇོར་རོལ་ཅིང་ཆུ་མིག་གམ་མཚོ་ཆུང་འདིའི་ནང་དུ་ཁྲུས་ལ་རོལ་མྱོང་བ་ནི་གདོན་མི་ཟའོ་སྙམ།

ངག་རྒྱུན་ལ།  གནས་འདི་ནི་ཨ་ནེ་གོང་སྨན་རྒྱལ་མོས་ཁམ་བུ་ལེབ་མོའི་གསོལ་སྟོན་བཤམས་པའི་གནས་ཡིན་པར་གྲགས་ལ།  «ནུབ་ཕྱོགས་འགྲིམས་པའི་སྒྲུང་»ནང་གི་རྟོགས་སད་སྤྲེའུས་ཁམ་བུ་ལེབ་མོ་ལྐོག་ཟ་བྱས་པའི་དོན་རྐྱེན་དང་ཡང་འབྲེལ་བ་ཡོད་པར་བཤད།   ཟླ་ཚེས་ཆུ་མིག་ལ་ལྟ་སྐོར་གྲུབ་རྗེས། གྲོགས་པོ་མཁས་གྲུབ་ཀྱིས་དེ་གའི་བྱེ་ལྷམ་ཡུ་རིང་ཞིག་གླས་རྗེས་དེ་གྱོན་ནས་མེན་ཧྲ་རི་བོའི་(鸣沙山)  བྱེ་སྒང་སྟེང་དུ་འཛེགས་སོང་།  ང་རང་ཐང་ཆད་དྲགས་པས་ངལ་ཅུང་ཙམ་གསོས་རྗེས་དེ་གའི་གསང་སྤྱོད་ཅིག་གི་ནང་དུ་གཅིན་པ་གཏང་དུ་སོང་བ་ན།  གསང་སྤྱོད་ཁང་དེའི་རྩིག་ལྡེབས་སུ་སྤྱི་ལོ་༡༩༠༧ལོར་སི་ཐན་དབྱིན་གྱིས་བླངས་པའི་ཟླ་ཚེས་ཆུ་མིག་གི་འདྲ་པར་དང་ ༡༩༠༨ལོར་པོ་ཞི་ཧི་ཡིས་བླངས་པའི་ཟླ་ཚེས་ཆུ་མིག་གི་འདྲ་པར་སོགས་བཤམས་འདུག   འདྲ་པར་འདི་དག་ནི་སྐབས་དེའི་ཟླ་ཚེས་ཆུ་མིག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རིན་ཐང་བྲལ་བའི་རྒྱུ་ཆ་ཤ་སྟག་ཡིན་པས།  དེ་དག་ཅིའི་ཕྱིར་གསང་སྤྱོད་ཀྱི་རྩིག་ལྡེབས་སུ་སྦྱར་དགོས་པའི་རྒྱུ་མཚན་ནི་ངས་རྩ་བ་ནས་ཤེས་མ་བྱུང་། 

ཆ།   སྡེ་སྣོད་ཕུག་པའི་བླ་སྲོག

ཕྱི་དྲོ་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་ས་ཚིགས་ནས་འཛིན་བྱང་བླངས་ཤིང་འཕྲུལ་བརྙན་(幻灯片)ཞིག་ལ་བལྟས་རྗེས།  སྤྱི་སྤྱོད་རླངས་འཁོར་ཞིག་ལ་བསྡད་དེ་ཤར་ལྷོའི་མཚམས་ཀྱི་སྤྱི་ལེ་ཉེར་ལྔའི་ཕྱི་རོལ་ཏུ་ཡོད་པའི་སྟོང་སྐུའི་བྲག་ཕུག(莫高窟 )ཡོད་སར་བསྐྱོད།  ད་ལྟ་ནི་སྤྱི་ཟླ་བཞི་བ་ཡིན་སྟབས་གནས་སྐོར་བ་ཅུང་ཉུང་བས་སྣེ་ཤན་པ་རེ་གཉིས་ཀྱིས་ང་ཚོ་མི་བཅུ་སྐོར་རེ་ཁྲིད་དེ་ཕུག་པའི་ཕྱོགས་སུ་སོང་།  སྐབས་དེར་ངས་ཤར་ཕྱོགས་སུ་རི་བོ་ཅུང་མཐོ་ཞིང་རྩེ་མོ་གསུམ་ཡོད་པ་ཞིག་མཐོང་ནས་སྣེ་ཤན་པ་རྒྱ་མོ་ཞིག་ལ ཕ་གིའི་རི་བོ་དེའི་མིང་ལ་ཅི་ཟེར ཞེས་དྲིས་པར། རྒྱ་མོ་དེས་སུན་སྣང་ངང་རྒྱ་སྐད་ཀྱིས རི་བོ་རྩེ་གསུམ་ཟེར ཞེས་འཕྲལ་དུ་ལན་བཏབ་སོང་། 

སྣེ་ཤན་པའི་འགྲེལ་བཤད་ལ་ཉན་བཞིན་ང་ཚོས་བྲག་ཕུག་རེ་རེའི་ནང་དལ་བུར་མཇལ་སྐོར་བྱས།  ལོ་རྒྱུས་རིང་ཞིང་བྱིན་རླབས་ཀྱི་ཚན་ཁ་འབར་ལ་སྒྱུ་རྩལ་གྱི་ཉིང་བཅུད་དུ་གྱུར་བའི་འབག་སྐུ་རེ་རེ་དང་ལྡེབས་རིས་རེ་རེས་ང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་སོང་།  ཐེངས་འདིའི་མཇལ་སྐོར་ལ་ཀན་སུའུ་ཞིང་ཆེན་ཏུན་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཁམས་མཚོ་སྐྱིད་ལགས་ཀྱིས་ང་ཚོར་རོགས་རམ་ཆེན་པོ་བྱས་སོང་བས་ཁོ་མོའི་བཀའ་དྲིན་མི་ཆུང་།

སྐབས་ཤིག་ལ་ངས་སྣེ་ཤན་པར ང་ཚོ་བྲག་ཕུག་ཨང་བཅུ་བདུན་པར་འགྲོ་ཨེ་ཐུབ ཅེས་དྲིས་པར།  སྣེ་ཤན་པས ལོས་ཐུབ། ཅེས་སྨྲས་སོང་བས་ང་ཧ་ཅང་རང་དགའ་སྤྲོ་སྐྱེས་བྱུང་།  རྒྱུ་མཚན་ནི་ལོ་སྔོན་མར་ང་ཚོ་བྲེལ་བ་ཆེ་སྟབས་བྲག་ཕུག་ཨང་བཅུ་བདུན་པར་མཇལ་མ་ཐུབ་པས་ཡིན།  དེ་ནས་ཅུང་མ་འགོར་བར་ང་ཚོ་བྲག་ཕུག་ཨང་བཅུ་དྲུག་པའི་ནང་དུ་འབྱོར་བྱུང་།  མ་གཞི་ཕུག་པ་ཨང་བཅུ་བདུན་པ་ནི་ཕུག་པ་ཨང་བཅུ་དྲུག་པའི་ནང་དུ་ཡོད་པའི་སྦས་ཁུང་ངམ་ཕུག་པ་ཆུང་ངུ་ཞིག་རེད།  ཡིན་ན་ཡང་ད་ལྟ་ཕུག་པ་དེའི་ནང་དུ་འབག་སྐུ་ཞིག་མ་གཏོགས་མེད་པར་སྟོང་ཧང་ངེར་ཡོད་པས་ཅུང་མིག་ལ་མི་བདེ་བ་ཞིག་རེད། 

ཁོ་བོས་བལྟས་ན་ཕུག་པ་ཨང་བཅུ་བདུན་པ་ནི་གནས་འདིའི་ཕུག་པ་ཐམས་ཅད་ཀྱི་ཡང་རྩེ་ཡིན་ཏེ།  རྒྱུ་མཚན་ནི་ཕུག་པ་འདི་ནི་ཤར་ནུབ་རིག་གནས་དང་སྒྱུ་རྩལ། ཆོས་ལུགས་སོགས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཡིན་པའི་ཕྱིར།  ཏུན་ཧོང་ཡུལ་གྲུ་དང་སྟོང་སྐུའི་བྲག་ཕུག་སོགས་འཛམ་གླིང་ལ་མིང་དུ་གྲགས་བྱེད་གཙོ་བོ་ཡང་ཕུག་པ་འདི་རང་ཡིན་ནོ། 

སྤུ་རྒྱལ་བཙན་པོས་ཡུལ་འདིར་མི་འཇིགས་སྟོབས་ཀྱིས་དབང་དུ་སྒྱུར་དུས།   ས་འདི་ནས་ཕུག་པ་ལྔ་བཅུ་ང་ལྔ་གསར་དུ་བརྐོས་ཤིང་ཕུག་པ་སུམ་ཅུ་སོ་དྲུག་སླར་གསོ་དང་བསྐྱར་བཞེངས་བྱས།  ཕུག་པ་ཞིག་གི་ནང་དུ་སྤུ་རྒྱལ་བཙན་པོས་སྐུ་ལ་བེར་དཀར་གསོལ་ཅིང་དབུ་རུ་ལ་ཐོད་དཀྲིས་ཏེ་ཆོས་ཚོགས་ཤིག་ལ་ཕེབས་བཞིན་པའི་ལྡེབས་རིས་ཤིག་བཞེངས་ཡོད།    ཕུག་པ་སུམ་བརྒྱ་རེ་ལྔ་བའི་ནང་དུ་བཙན་པོ་ཁྲི་གཙུག་ལྡེ་བཙན་རིང་ལ་ལྷ་ཁང་བཞེངས་པའི་བསྔོ་སྨོན་ཐིག་ཕྲེང་འགའ་ཤས་བྲིས་ཡོད་པ་དང་།  སྐུ་ཞབས་དོན་གྲུབ་རྒྱལ་གྱིས་ཕུག་པ་ཨང་བཅུ་བདུན་པའི་སྒོའི་ལོགས་སུ་བོད་ཡིག་ཐིག་ཕྲེང་གཉིས་ལྷག་ཡོད་པར་བཤད་ཀྱང་།  ཕལ་ཆེར་དེའི་རྗེས་སུ་བསུབས་པ་འདྲ་སྟེ།  གང་ལྟར་ད་ལྟ་ནི་མཐོང་རྒྱུ་མི་འདུག་གོ 

དེ་ཡང་སྤྱི་ལོ་༡༩༠༠ལོའི་ཟླ་༥པའི་ཚེས་༢༥ཉིན་རྒྱའི་ཏའོ་ལུགས་ཀྱི་ཡུལ་གྱར་གྲྭ་བཙུན་ཝང་ཡོན་ལུའུ་( 王圆箓 ) དང་ཁོའི་ཞབས་ཞུ་བ་རུས་དབྱང་ཅན་གཉིས་ཀྱིས་སྦས་ཁུང་དེ་གསར་དུ་རྙེད་པ་དང་།  ཟླ་༥པའི་ཚེས་༢༦ཉིན་སྒོ་ཕྱེས་ཏེ་བདག་གཉེར་བྱས་ཤིང་།  དེའི་ནང་གི་རིག་རྫས་ཁྲོད་ཡིག་རྙིང་མང་བོ་ཞིག་རྒྱ་ཡིག་ཡིན་ལ།  དེ་མིན་ལེགས་སྦྱར་དང་བོད་ཡིག ཡུ་གུར་གྱི་ཡི་གེ ལི་ཡུལ་གྱི་ཡི་གེ   སོག་དག་གི་ཡི་གེ     དྲུ་གུའི་ཡི་གེ   ཆིའུ་ཚིའི་ཡི་གེ་ལས་བྲིས་པའང་ཡོད།    སྤྱི་ལོ་༡༩༠༧ལོར་དབྱིན་ཇིའི་སི་ཐན་དབྱིན་(斯坦因 ) གྱིས་སྦས་ཁུང་འདི་ནས་བོད་ཡིག་ཤོག་དྲིལ་༣༠༠༠དང་།  སྤྱི་ལོ་༡༩༠༨ལོར་ཧྥ་རན་སིའི་པོ་ཞིས་ཧི་ཡིས་བོད་ཡིག་ཤོག་དྲིལ་༤༠༠༠ཙམ་རིན་གོང་བདེ་མོས་བླུ་ཉོ་བྱས་ཏེ་རང་རང་གི་རྒྱལ་ཁབ་ཏུ་ཁྱེར་ཏེ་ཉར་ཚགས་ལེགས་པོ་བྱས་པའི་སྟབས་ཀྱིས་ད་ལྟ་ང་ཚོས་ཡིག་རྙིང་དེ་དག་ལ་རང་གི་ཉལ་སའི་ནང་ཅི་འདོད་དུ་ཉམས་ཞིབ་བྱ་རྒྱུའི་སྐལ་བ་འདི་བྱུང་བ་ཡིན།  གལ་ཏེ་ཡིག་ཆ་དེ་དག་ཝང་ཡོན་ལུའུ་ཡི་ལག་ནས་མུ་མཐུད་དུ་བསྐྱུར་ཡོད་ཚེ།  དེའི་མཇུག་འབྲས་ནི་བཤད་དཀའ་སྟེ།  ༡༩༠༢ལོ་ནས་བཟུང་ཝང་ཡོན་ལུའུ་ཡིས་སྦས་ཁུང་ནང་གི་རིག་རྫས་ཀྱི་ཁྲོད་ནས་བྲིས་ལེགས་པའི་ཆོས་དཔེ་དང་ཐང་ཀ་སོགས་ས་གནས་ཀྱི་དཔོན་པོ་དང་ཁོའི་གྲོགས་པོ་དག་ལ་ལེགས་སྐྱེས་སུ་སྟེར་མགོ་ཚུགས་ཡོད་པ་དང་།  ད་དུང་༡༩༡༠ལོར་ཆིན་སྲིད་གཞུང་གིས་རིག་རྫས་དེ་དག་པེ་ཅིན་དུ་དབོར་འདྲེན་བྱ་དུས་ཀྱང་ཁོས་ལྐོག་ཏུ་རིག་རྫས་ཆ་ཚང་དང་སྤུས་ལེགས་སྒམ་ཆེན་པོ་གཉིས་སྦས་སྐུང་བྱས་ཤིང་།  ཕྱིས་སུ་རིམ་བཞིན་གནའ་རྫས་སྡུད་མཁན་གྱི་ཚོང་བ་རྣམས་ལ་བཙོངས་ཡོད་པ་རེད།  ༡༩༡༠ལོར་ལི་ཧྲིན་ཏའོ་ཡི་ཚ་བོ་ཧྥུའུ་པོ་ཧྭ་傅保华ཡིས་རིག་རྫས་དེ་དག་པེ་ཅིན་དུ་སྐྱེལ་དུས་ལམ་བར་ནས་ཀྱང་ཤོག་དྲིལ་སོགས་གང་མང་ཞིག་བོར་བརླགས་སུ་གྱུར་པ་དང་།  པེ་ཅིན་དུ་སླེབས་རྗེས་ཀྱང་ཐད་ཀར་རིག་སློབ་ལས་ཁུངས་ལ་མ་སྤྲད་པར་ལི་ཧྲིན་ཏའོ་李盛铎)ཡི་ཁྱིམ་དུ་དྲུད་དེ་དེའི་ནང་གི་ལེགས་གྲས་མང་བོ་ཞིག་སྒེར་འཛིན་བྱས་རྗེས་ཤོག་དྲིལ་ལ་ལ་དུམ་བུར་བགོས་ཏེ་ཁ་གྲངས་ལོངས་ཐབས་བྱས་རྗེས་གོང་རིམ་ལ་སྤྲད་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད

བྲག་ཕུག་རྣམས་ལ་མཇལ་སྐོར་མཇུག་སྒྲིལ་རྗེས། ངེད་གཉིས་མར་ཞོལ་གྱི་ཉེ་འདབས་སུ་ཡོད་པའི་སྦས་ཁུང་ངམ་སྡེ་སྣོད་ཕུག་པའི་རྟེན་རྫས་བཤམས་སྟོན་ཁང་ལ་བལྟ་རུ་སོང་། དེའི་ནང་དུ་ལེགས་སྦྱར་ཡི་གེའི་ཤོག་དྲིལ་དང་རྒྱ་ཡིག་གི་ཤོག་དྲིལ། ལི་ཡུལ་ཡི་གེའི་ཤོག་དྲིལ། སོག་དག་ཡི་གེའི་ཤོག་དྲིལ་སོཊ་ཅུང་མང་ན་ཡང་བོད་ཡིག་གི་ནི་ཚེ་དཔག་མེད་ཀྱི་མདོཞིག་མ་གཏོགས་མི་འདུག    དེ་ནི་ཤེལ་སྒམ་ནང་དུ་བཤམས་ཡོད་ཀྱང་ཕྱི་ནས་ཡི་གེ་ཆ་ཚང་བཀླག་ཐུབ་པ་དང་། མཇུག་ཏུ་ཙེ་དཔག་ཏུ་མྱེད་པ་ཞེས་བྱ་བ་ཐེག་པ་པ་ཆེན་པོའི་མདོ་རྫོགས་སོ། བན་ཏེ་ཅི་སུན་གི་བྲིས། ཕབ་ཅི་ཞུས། ཕབ་ཛང་ཡང་ཞུས། ཕབ་ཅི་སུམ་ཞུས། ཞེས་འཁོད་ཅིང་། བཙན་པོའི་དུས་ཀྱི་ཡིག་རྙིང་གི་ཁྱད་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་།ཕར་བལྟས་ན་གཞུང་འདི་འབྲི་མཁན་དང་ཞུས་མཁན་རྣམས་ནི་རྒྱ་མི་ཤ་སྟག་རེད་སྙམ་པ་ཞིག་འདུག

སྡེ་སྣོད་ཕུག་པའི་ནང་གི་རིག་རྫས་དང་ཤོག་དྲིལ་རྣམས་སི་ཐན་དབྱིན་དང་པོ་ཞིས་ཧི་སོགས་ཀྱིས་ཕྱི་གླིང་དུ་ཁྱེར་རྗེས་རྒྱལ་ཁབ་སོ་སོའི་ཞིབ་མཇུག་པ་དང་མཁས་པ་རྣམས་ཧ་ལས་ཤིང་། ཏུན་ཧོང་སྟོང་སྐུའི་བྲག་ཕུག་གི་སྙན་པ་ཡང་འཛམ་གླིང་ན་ལྷང་ལྷང་དུ་ལྡིར་བ་བྱུང་།    རྒྱལ་ཁབ་སོ་སོའི་མཁས་པ་མང་བོ་ཞིག་གིས་ལང་ལོང་སྒོས་དེ་ལ་ཞིབ་འཇུག་བྱས་ཤིང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུར་སླེབས་དུས་འཇར་ཕན་ནི་དེའི་ཁྲོད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ལེན་མཁན་དུ་གྱུར། ༡༩༨༡ལོར་ལན་གྲུ་ནས་འཚོགས་པའི་ཏུན་ཧོང་རིག་གནས་སྐོར་གྱི་ཚོགས་འདུ་ཞིག་གི་སྟེང་འཇར་ཕན་གྱི་མཁས་པ་ཞིག་གིསཏུན་ཧོང་ནི་ཀྲུང་གོར་ཡོད་ཀྱང་།  ཏུན་ཧོང་རིག་པ་ནི་འཇར་ཕན་དུ་ཡོདཅེས་བཤད་པས།  དེར་ཡོད་ཀྱི་རྒྱ་ནག་གི་མཁས་པ་མང་པོ་ཞིག་ཁ་སྐྱེངས་པ་དང་དོགས་མི་བདེ་བར་གྱུར།  ༡༩༨༡ལོར་བློ་མཐུན་ཏེང་ཞའོ་ཕེན་སྟོང་སྐུའི་བྲག་ཕུག་ལ་རྟོག་ཞིབ་ཏུ་ཕེབས་དུས་ཁོང་གིས་ཀྱང་ཕྱི་གླིང་བས་ལོ་ངོ་བཅུ་ཕྲག་འགའི་རིང་ཏུན་ཧོང་རིག་པ་འཕེལ་རྒྱས་སུ་བཏང་ཡོད།  ཡིན་ན་ཡང་ང་ཚོ་ནི་རྗེས་ལུས་ཐེབས་འདུག   ཏུན་ཧོང་ནི་ཀྲུང་གོའི་ཏུན་ཧོང་ཡིན་པས།  ཏུན་ཧོང་རིག་པ་དེ་ངེས་པར་ཕྱིར་ཀྲུང་གོར་ལོག་ཐུབ་པ་བྱ་དགོས།ཞེས་གསུངས་འདུག  དེ་ནས་བཟུང་ཀྲུང་གོའི་ཞིབ་འཇུག་པ་རྣམས་ཀྱིས་ཀྱང་ཧུར་བརྩོན་ཆེན་པོས་ཏུན་ཧོང་རིག་པར་ཞིབ་འཇུག་བྱས་ཏེ་ད་ལྟ་ནི་གྲུབ་འབྲས་ཅུང་བཟང་བོ་བླངས་ཡོད་ཟེར། 

རིག་གནས་གསར་རྗེ་ཆེན་པོ་སོགས་ཀྱི་བརྙས་བཅོས་ཚད་མེད་མྱངས་པའི་སྟོང་སྐུའི་བྲག་ཕུག་འདི་ཉིད།  ད་ལྟ་ནི་ཡང་བསྐྱར་ལང་ཚོའི་སྟོབས་ཤུགས་ཅུང་ཟད་རྒྱས་ཡོད་པ་འདྲ།  རྟེན་རྫས་བཤམས་མཛོད་ཁང་ནས་སྒོར་བུད་རྗེས་དྲན་རྟེན་གྱི་འདྲ་པར་རེ་བརྒྱབ་པ་དང་།  དེ་ནས་འཕྲེང་བའི་ཕྱི་མིག་ལྟ་བཞིན་སྔར་གྱི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཕྱིར་ཏུན་ཧོང་གྲོང་ཁྱེར་དུ་ལོག་པ་ཡིན། 

ལྕམ་ཧྥན་ཅིན་ཧྲི་(樊锦诗) ལགས་ཀྱིས་མི་རེ་རེའི་སེམས་ན་རང་ཉིད་ལ་གཏོགས་པའི་ཏུན་ཧོང་རེ་ཡོད་ཅེས་པ་བཞིན།  ངའི་སེམས་ན་ཡང་རང་ཉིད་ལ་གཏོགས་པའི་ཏུན་ཧོང་ཞིག་ཡོད་ལ།  དེ་ནི་ཕྱོགས་གཉིས་ཀྱིས་གྲུབ་པ་སྟེ།  གཅིག་ནི་སྲིད་དོན་གྱི་ཏུན་ཧོང་དང་།   ཅིག་ཤོས་ནི་རིག་གནས་ཀྱི་ཏུན་ཧོང་ངོ་།

ཇ།     ཤ་ཅུའི་མཁར་ཤུལ་གྱི་རྨི་ལམ།

ཕྱི་དྲོའི་ཆུ་ཚོད་ལྔ་བ་ཡས་མས་སུ།   ངེད་གཉིས་ཀྱིས་ངས་སྔར་ནས་ཉར་ཚགས་བྱས་པའི་ཏུན་ཧོང་གི་ས་ཁྲ་དེ་ཁྱེར་ནས་ཤ་ཅུའི་གནའ་མཁར་གྱི་རྗེས་ཤུལ་(沙州古城遗址)འཚོལ་དུ་སོང་།  འདི་ནི་དུས་ཡུན་རིང་བོར་ངའི་སེམས་སུ་སྦྲུམ་པའི་རྨི་ལམ་ཞིག་ཀྱང་ཡིན། ངས་ས་ཁྲ་དེ་གླ་འཁོར་གྱི་ཁ་ལོ་བ་ཞིག་ལ་བསྟན་པ་ན་ཁོས་འཕྲལ་དུ་ངོས་ཟིན་ཏེ་ངེད་གཉིས་ཤ་ཅུའི་མནའ་མཁར་གྱི་རྗེས་ཤུལ་ཡོད་སར་ཁྱེར་སོང་།  ངས་ཁོ་ལ་མཁར་ཤུལ་འདི་ཇི་ལྟར་ཤེས་ཚུལ་དྲིས་པ་ན། ཁོས་ཁོ་རང་མཁར་ཤུལ་དེའི་ཉེ་འདབས་ནས་སྐྱེས་ཤིང་མཚར་ལོངས་བྱུང་བ་ཡིན་ཟེར།  ཅུང་མ་འགོར་བར་ང་ཚོ་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་ཀྱི་མཐའ་ཁུལ་དུ་ཡོད་པའི་ཤ་ཅུའི་མཁར་ཤུལ་གནས་སར་འབྱོར་སོང་།  ཐོག་དང་བོར་ངའི་མིག་ལམ་དུ་མངོན་པ་ནི་ས་དཀར་ལས་གྲུབ་ཅིང་བྱང་ནས་ལྷོ་རུ་བརྐྱངས་པའི་མཁར་གྱང་ནར་མོ་ཞིག་རེད།     མཁར་ཤུལ་འདི་མཐོང་མ་ཐག་ངའི་སེམས་སུ་བཤད་མི་ཤེས་པའི་སྤྲོ་སྣང་ཞིག་གིས་ཁེངས་པ་དང་།  ངེད་གཉིས་ནི་མཁར་འདི་སྤུ་རྒྱལ་བཙན་པོའི་མངའ་འོག་ནས་ཤོར་ཏེ་ལོ་ངོ་སྟོང་ལྷག་འགོར་རྗེས་ཐེངས་དང་པོར་མཁར་ཤུལ་འདི་འཚོལ་མཁན་དང་མཁར་ཤུལ་འདི་གསར་དུ་རྙེད་མཁན་གྱི་བོད་པ་ཐོག་མ་དེ་ཡིན་ནོ་སྙམ་པའི་ང་རྒྱལ་ཞིག་ཀྱང་སྐྱེས་བྱུང་། 

མཁར་འདིའི་ལྷོ་ནས་བྱང་གི་རིང་ཚད་ལ་རྨིད་༡༡༡༣ཡོད་པ་དང་།   ཤར་ནས་ནུབ་ཀྱི་ཞེང་ཚད་ལ་རྨིད་༧༡༨ཡོད་ལ།  ནུབ་དང་བྱང་ངོས་ཀྱི་མཁར་གྱང་ལྷག་ཏུ་མཐོ་ཞིང་རྨིད་༡༦ཡོད་པར་བཤད།  མཁར་འདི་དང་ཐོག་ཧན་རྒྱལ་རབས་ཀྱི་གོང་མ་ཧན་ཝུའུ་ཏེའི་ཁྲི་ལོ་དྲུག་པ་སྟེ་སྤྱི་ལོ་སྔོན་གྱི་༡༡༡ལོར་གསར་དུ་བཞེངས་པར་བཤད། 

འདི་ནི་དུས་རབས་བརྒྱད་པ་དང་དགུ་བའི་ནང་བོད་བཙན་པོའི་ཏུན་ཧོང་ས་ཆའི་ཆབ་སྲིད་དང་དམག་དོན།  དཔལ་འབྱོར་སོགས་ཀྱི་གནད་ས་ཞིག་ཡིན་ལ། «ཏུན་ཧོང་ཡིག་ཆ་ཨང་ P T 1080» ལས་ཤ་ཅུའི་སྐུན་མཁར་ཞེས་པ་དེ་ཡིན་ལ། «ཏུན་ཧོང་ཡིག་ཆ་ཨང་F R 80» ལས་ཤ་ཅུའི་སྐུན་ཀར་ཞེས་པ་དེ་ཡང་ཡིན།  འདིའི་སྐུན་མཁར་རམ་སྐུན་ཀར་ཞེས་པ་ནི་སྐུ་མཁར་ཞེས་པའི་དོན་ཡིན་པས་དེ་ལས་སྤུ་རྒྱལ་བཙན་པོ་ཡུལ་འདིར་དངོས་སུ་ཕེབས་ཏེ་མཁར་འདིའི་ནང་དུ་བཞུགས་མྱོང་བའི་ལོ་རྒྱུས་མཚོན་ཡོད། 

མཁར་འདི་སྤུ་རྒྱལ་བཙན་པོས་ཐོག་མར་དབང་དུ་བསྒྱུར་པའི་ལོ་ཚིགས་ལ་མཁས་པ་དང་ཞིབ་འཇུག་པ་མང་པོ་ཞིག་འདོད་ཚུལ་མི་མཐུན་ཏེ།  ལ་ལས་སྤྱི་ལོ་༧༢༧ལོར་འདོད་པ་དང་ལ་ལས་༧༧༧ལོར་འདོད། ཡང་ཁ་ཅིག་གིས་སྤྱི་ལོ་༧༨༡ལོར་འདོད་ཅིང་།  ཁ་ཅིག་གིས་སྤྱི་ལོ་༧༨༦ལོར་འདོད་པ་དང་།   འགའ་ཞིག་གིས་༧༨༧ལོར་འདོད་ཀྱིན་ཡོད།  དང་པོ་ནི་པོ་ཞིས་ཧི་དང་ཐོ་མ་སི་སོགས་ཡིན་ལ།  ཁོང་ཚོས་བོད་བཙན་པོས་ཀྭ་ཆུ་དབང་དུ་བསྒྱུར་པའི་ལོ་ནི་༧༢༧ལོ་ཡིན་ལ། ཤ་ཅུ་ནི་ཀྭ་ཆུ་ཁྲོམ་ལ་གཏོགས་པའི་ཁྲི་སྡེ་ཞིག་ཡིན་པས་ཀྭ་ཆུ་དབང་དུ་བསྒྱུར་ན་ཤ་ཅུ་ནི་དོན་གྱིས་དབང་དུ་བསྒྱུར་ཡོད་པ་ལ་དགོངས་པ་འདྲ་ཞིང་།  ལ་ལས་«ཏུན་ཧོང་ཡིག་ཆ་ཨང་ P.T.10.80» ལས།  སྔར་ཡོས་བུ་ལོ་ལ། བོད་སུམ་དང་འ་ཞ་གྲམ་དགུར་ལྟོགས་སྟེ་ཤི་བ་ལས་ཐུག་པས།  ཤ་ཅུ་སྐུན་མཁར་དུ་ལྟག་ཏུ་གངས་པ་ཙམ་གི་དུས་ན།ཞེས་པའི་ཁྲོད་ཀྱི་ཡོས་བུའི་ལོ་ནི་སྤྱི་ལོ་༧༢༧ལོ་ལ་བབས་ཡོད་པར་འདོད་པས་དེ་ལ་བསྟུན་ཏེ་༧༢༧ལོ་ཡིན་པར་འདོད། འདོད་ཚུལ་གཉིས་པ་འཛིན་མཁན་གྱིས་དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ «ཏུན་ཧོང་ཡིག་ཆ་ཨང་FR.80»  དང་ «ཏུན་ཧོང་ཡིག་ཆ་ཨང་S5812» སོགས་ལ་དཔྱད་གཞི་བྱས་ཏེ་སྤྱི་ལོ་༧༧༧ལོ་ལ་ཤ་ཅུ་བླངས་པར་བཤད།   སྤྱི་ལོ་༧༨༡ལོར་འདོད་མཁན་གྱིས་རྒྱའི་དེབ་ཐེར་« ཡོན་ཧི་ཅུན་ཞན་ཐུ་ཀྲི»( 元和郡县图志 )ཞེས་པར་ཁུངས་བཅོལ་ཅིང་།  དེབ་ཐེར་དེའི་ནང་ཅན་ཀྲུང་ཁྲི་ལོ་གཉིས་པར་བོད་ལ་ཤོར“(建中二年陷于西番 )ཞེས་འཁོད་ཡོད།  སྤྱི་ལོ་༧༨༦ ལོར་འདོད་མཁན་ནི་རྒྱའི་མཁས་པ་ལོ་ཀྲིན་ཡུས་དང་འཇར་ཕན་གྱི་མཁས་པ་ཧྲན་ཁི་ཧྥིན་རོས་སོགས་ཡིན་ལ།  ཁོ་ཚོས་ཁུངས་གཏུག་ས་ནི་རྒྱ་ཡིག་གི་« ཏུན་ཧོང་ཡིག་ཆ་ཨང་ S 1488 »(书仪)ཞེས་པ་དེ་ཡིན།    སྤྱི་ལོ་༧༨༧ལོར་འདོད་མཁན་ནི་ཧྥ་རན་སིའི་མཁས་པ་ཏའི་མིས་ཝེ་( 戴密微 )ཡིན་ལ། ཁོས་སྤྱི་ལོ་༧༧༧ལོར་ཀྲུའུ་ཏེན་འདས་ཤིང་།  དེ་ནས་ལོ་བཅུའི་རྗེས་སུ་ཏུན་ཧོང་བོད་ཀྱིས་བཟུང་བས་སྤྱི་ལོ་༧༨༧ལོར་ཁེལ་ཡོད་ཟེར། ཁོ་བོས་བལྟས་ན་ཤ་ཅུ་བོད་ཀྱིས་ཐོག་མར་དབང་བསྒྱུར་པའི་ལོ་ནི་སྤྱི་ལོ་༧༧༧ལོ་ཡིན་སྙམ་སྟེ།  དེ་ལྟར་ཁས་བླངས་ན་གཅིག་ནས་«ཏུན་ཧོང་ཡིག་ཆ་ཨང་  T.R.80 »སོགས་ལས་བྱུང་བའི་ཤ་ཅུའི་རྩེ་རྗེ་དག་གི་ལོ་ཚིགས་དང་མཐུན་པ་དང་།  གཉིས་ནས་སྤྱི་ལོ་༧༧༦ལོར་བོད་ཀྱིས་ཡང་བསྐྱར་ཀྭ་ཆུ་བླངས་ཤིང་།  དེའི་ཕྱི་ལོར་ཤ་ཅུ་བླངས་ཞེས་བཤད་ན་རྣ་བར་བདེ་ཞིང་བློ་ངོར་འབབ་པས་སོ། རྒྱའི་«ཐང་ཡིག་རྙིང་མ་»ལས།  སྤྱི་ལོ་༨༡༩ ལོར་བོད་ཀྱིས་ཤ་ཅུ་བླངས་པར་བཤད་པ་ནི་ཧ་ཅང་འཐད་དཀའ་སྟེ།   གཅིག་ནས་ཧ་ཅང་འཕྱི་དྲགས་པ་དང་།   གཉིས་ནས་ལུང་རིགས་ཚད་ལྡན་དུ་མ་དང་འགལ་བའི་ཕྱིར་རོ་སྙམ། 

མཁར་ཤུལ་འདིའི་ཤར་ལྷོའི་ངོས་ཀྱི་ནང་ཕྱོགས་སུ་རྟ་དཀར་མཆོད་རྟེན་(白马塔 )ཟེར་བ་ཞིག་ཡོད་ཅིང་།  དེ་ནི་གྲུབ་ཐོབ་ཆེན་པོ་རིག་འཛིན་ཀུ་མ་ར་ཤྲཱིའི་( སྤྱི་ལོ་༣༤༤༤༡༣ལོ ) བཅིབས་རྟའི་རྗེས་དྲན་དུ་བཞེངས་པ་ཞིག་ཡིན་འདུག  རིག་འཛིན་ཀུ་མ་ར་ཤྲཱི་(鸠魔罗什 )ནི་རྒྱ་བརྒྱུད་ནང་བསྟན་ལོ་རྒྱུས་སྟེང་གི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ།  འཁྲུངས་ཡུལ་རྒྱ་གར་ཡིན་ཞིང་། ལི་ཡུལ་ཆིག་ཚི་( 库车 )ནས་མཚར་ལོངས་བྱུང་བ་དང་། ཆུང་དུས་ནས་རབ་ཏུ་བྱུང་ཞིང་ནང་ཆོས་ལ་སྦྱངས།  ཆིན་སྔོན་མའི་སྐབས་སུ་ལེང་ཅུར་( 凉州 ) ཕེབས་ཏེ་ལོ་བཅུ་བདུན་ལ་བཞུགས་རྗེས།  ཆིན་རྗེས་མའི་ལོ་གསུམ་པར་ཁྲང་ཨན་དུ་གདན་དྲངས་ཏེ་ནང་ཆོས་པོད་བདུན་ཅུ་དོན་བཞི་དང་བམ་པོ་སུམ་བརྒྱ་བརྒྱད་ཅུ་ལྷག་བསྒྱུར།  « རྡོ་རྗེ་གཅོད་པ་»དང་«འོད་དཔག་མེད་ཀྱི་མདོ་»«བརྒྱད་སྟོང་བ»སོགས་བསྒྱུར་ཏེ་རྒྱ་ནག་གི་རྩོམ་རིག་ལོ་རྒྱུས་སྟེང་གོ་གནས་མཐོན་པོ་ཟིན་ཡོད་ཅིང་།   རྒྱ་ནག་གི་ཚིག་ལྷུག་ལ་ཡང་ཤན་ཤུགས་ཆེན་པོ་ཐེབས་ཡོད།  ཁོང་གིས་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་མཛད་པའི་དབུ་མའི་སྐོར་སོགས་ཐེག་ཆེན་གྱི་སྡེ་སྣོད་མང་བོ་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་བརྒྱུད་ནང་བསྟན་ཁྲོད་ཐེག་ཆེན་གྱི་ལྟ་གྲུབ་དར་ཁྱབ་ཏུ་བཏང་ཞིང་།  རྗེས་སུ་རྟེན་དེ་ཉིད་ལ་རིག་པ་རྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་པར་གྲགས། 

བརྩེ་བའམ་ཞེན་ཆགས་གང་ཞིག་གིས་ངེད་གཉིས་ཀྱིས་ཡུན་རིང་ཞིག་ལ་མཁར་ཤུལ་འདིར་བསྐོར་བ་བརྒྱབ་པ་དང་།  དྲན་རྟེན་གྱི་འདྲ་པར་ཡང་གང་མང་བླངས།  སྤུ་རྒྱལ་བཙན་པོས་གནས་འདི་ནས་སྒམ་ཞིང་བརླིངས་པའི་བཀའ་གཙིགས་ཇི་འདྲ་ཞིག་གནང་མྱོང་ཞིང་། ཀྭ་ཆུའི་བློན་ཆེན་དག་གིས་ཡུལ་འདི་ནས་བཙན་ལ་བརྗིད་པའི་ཐ་ཚིག་ག་འདྲ་ཞིག་བསྒྲགས་མྱོང་ལ།  ཤ་ཅུའི་རྩེ་རྗེ་དག་གིས་མཁར་འདི་ནས་སྤྲོ་ལ་སྐྱོ་བའི་ཆབ་སྲིད་ཀྱི་ཟློས་གར་ཇི་འདྲ་ཞིག་འཁྲབ་མྱོང་ངམ།   ད་ལྟ་མཁར་ཤུལ་འདི་ཉིད་ལོ་མང་སྐྱེས་པའི་རྩྭ་ཡན་གྱི་གསེབ་ན་དལ་ཅག་གེར་གཉིད་དུ་ཡུར་འདུག་སྟེ།  ཁོང་གིས་སྤུ་རྒྱལ་བཙན་པོ་ཚང་གི་ལོ་རྒྱུས་སམ་ཡང་ན་མ་འོངས་འབྱུང་འགྱུར་དང་འབྲེལ་བའི་རྨི་ལམ་ཅི་ཞིག་རྨི་བཞིན་ཡོད་དམ། 

ཉ།   ར་བཟི་བའི་སྙན་ངག་ཁྲོད་ཀྱི་འགག་སྒོ།

ཕྱི་ཉིན་སྔ་མོར་ངེད་གཉིས་ཀྱིས་གླ་གཏོང་རླངས་འཁོར་ཞིག་ལ་སྒོར་༢༠༠བྱིན་ནས་གླས་ཏེ་ཏུན་ཧོང་གྲོང་ཁྱེར་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་༤༨ཙམ་ལ་བསྐྱོད་མཐར་གཞི་ནས་དབྱང་ཀོན་འགག་སྒོའི་རྗེས་ཤུལ་ཡོད་སར་འབྱོར་བྱུང་།  དབྱང་ཀོན་འགག་སྒོའི་རྗེས་ཤུལ་ནི་ཕལ་ཆེར་འཇིག་ཟིན་ནས་མེད་ཀྱང་ད་ལྟ་དེའི་ཤུལ་དུ་སྔོན་གྱི་རྣམ་པ་ལྟར་དེ་དང་ཆ་འདྲ་བ་ཞིག་བཞེངས་ཡོད་པ་དང་།  དེ་དང་ཐག་མི་རིང་བའི་ལྷོ་ཕྱོགས་ཀྱི་སྒང་འབུར་ཞིག་གི་མགོ་ན་སྔོན་གྱི་དམག་བརྡའི་མེ་དུའི་སྟེགས་བུ་( 烽燧 )ཞིག་ཡོད་པ་དེ་ནི་དབྱང་ཀོན་འགག་སྒོའི་མཚོན་བྱེད་གཙོ་བོ་ཞིག་ཏུ་བརྩི་བཞིན་འདུག   ར་སྐོར་ནང་དུ་དབྱང་ཀོན་འགག་སྒོའི་རིག་རྫས་བཤམས་སྟོན་ཁང་ཞིག་ཡོད་པས།  ཐོག་མར་དེའི་ནང་དུ་སོང་བ་ན་སྣེ་ཤན་པ་རྒྱ་རིགས་གཞོན་ནུ་མ་ཞིག་གིས་ངང་རྒྱུད་ལྷོད་པོས་རིག་རྫས་རེ་རེ་བཞིན་ངོ་སྤྲོད་བྱེད་ཅིང་།  དབྱང་ཀོན་འགག་སྒོའི་ལོ་རྒྱུས་དང་།  དེ་ཅིའི་ཕྱིར་ས་འདིར་གཟུགས་དགོས་པའི་རྒྱུ་མཚན་སོགས་ཞིབ་ཏུ་བཤད་པ་དང་། ད་དུང་ངེད་གཉིས་ཀྱི་དྲི་བར་ཡང་ཤེས་ཚོད་ཀྱིས་ལན་དྲང་མོར་བཏབ་བྱུང་། 

ད་དུང་རྩིག་ངོས་ཀྱི་ཤེལ་ཁྲ་ཞིག་གི་ནང་དུ་སྟོང་སྐུའི་བྲག་ཕུག་ཏུ་ཡོད་པའི་བོད་བཙན་པོའི་ལྡེབས་རིས་ཀྱི་འདྲ་པར་ཞིག་ཀྱང་བཤམས་འདུག  པར་འདི་ངེས་པར་ས་འདིར་བཤམས་དགོས་པའི་རྒྱུ་མཚན་ནི་ཅི་ཞིག་ཡིན་ནམ།  དབྱང་ཀོན་འགག་སྒོ་ནི་ཏུན་ཧོང་ས་ཆར་ཡོད་པའི་དར་གོས་ཚོང་ལམ་གྱི་ལྷོ་ཕྱོགས་ལམ་ཐིག་སྟེང་གི་འགག་སྒོ་གཙོ་བོ་དེ་ཡིན་པ་དང་།  རྒྱ་ཡིག་གི་དཔྱད་གཞིའི་རྒྱུ་ཆ་ལྟར་ན་ཧན་ཝུའུ་ཏེའི་ཡོན་ཧྥིན་ཁྲི་ལོ་བཞི་བ་སྟེ་སྤྱི་ལོ་སྔོན་གྱི་༡༠༢ལོ་ཡས་མས་སུ་བཞེངས་པར་བཤད། 

ངེད་གཉིས་གནས་འདིར་ལྟ་སྐོར་དུ་འོངས་དོན་ནི།  གཅིག་ནས་ཧན་རྒྱལ་རབས་ཀྱི་གསེར་ཡིག་པ་ཀྲང་ཆན་张骞བྱ་བས་གནས་འདི་བརྒྱུད་ནས་ནུབ་ལྗོངས་སུ་སོང་སྟེ་རང་གི་འོས་འགན་མ་འགྲུབ་ཀྱང་དར་གོས་ཚོང་ལམ་གསར་དུ་བཏོད་པ་དང་།  གཉིས་ནས་ཐང་གི་སྡེ་སྣོད་འཛིན་པ་སློབ་དཔོན་ཞན་ཙང་གིས་རྒྱ་གར་འཕགས་པའི་ཡུལ་ནས་བཀའ་དང་བསྟན་བཅོས་མང་བོ་གདན་དྲངས་ཏེ་གནས་འདི་བརྒྱུད་ནས་ཕྱིར་ཐང་གི་རྒྱལ་ཁབ་ལ་ལོག་པ་དང་།  གསུམ་ནས་བོད་བཙན་པོའི་དམག་དཔུང་གནས་འདི་ནས་ཡུན་རིང་ལ་བསྡད་མྱོང་བ་དང་།   བཞི་ནས་རང་གཤིས་ཅན་གྱི་ཐང་གི་སྙན་ངག་པ་ཆེན་པོ་ཝང་ཝེ་(王维)གནས་འདི་རུ་ཕེབས་ཤིང་སྨྲ་བ་ངག་གི་སྒོ་མོ་ཡངས་པར་ཕྱེས་མྱོང་བ་སོགས་ཀྱིས་ཡིན་ནོ། 

དེ་ནས་སྣེ་ཤན་པ་ཞིག་དང་ངེད་གསུམ་གྱིས་ས་དེ་ནས་གླང་འདྲུད་ཤིང་རྟ་ཞིག་གླས་ཏེ་འགག་སྒོའི་མཚོན་བྱེད་དུ་བརྩི་བའི་དམག་བརྡའི་མེ་དུའི་སྟེགས་བུའི་ཕྱོགས་སུ་ག་ལེར་བསྐྱོད།  སྐབས་དེར་ནུབ་རླུང་འུར་འུར་དུ་གཡུགས་བྱུང་བས་སྣེ་ཤན་པས་ངེད་གཉིས་ལསེམས་ཆུང་བྱོས།  ཤིང་རྟའི་ནང་དུ་བརྟན་པོར་སྡོད་ཟེར།  ང་ཚོ་སྐར་མ་ཉི་ཤུ་ཙམ་ལ་བསྐྱོད་རྗེས་གཞི་ནས་དམག་བརྡའི་སྟེགས་བུའི་གཤམ་གྱི་ཉག་ཁར་འབྱོར་བྱུང་།  ཉག་ཁའི་ཕ་རོལ་ནི་དར་གོས་ཚོང་ལམ་གྱི་ལྷོ་ལམ་ངོ་མ་སྟེ།  བྱེ་མ་དང་རྡོ་ཟེགས་འདྲེས་པའི་སྐེད་ལམ་ཞིག་ཤར་ནས་ནུབ་ཏུ་བརྐྱངས་འདུག    འདི་ནི་འཛམ་གླིང་ན་སྙན་གྲགས་ཆེ་བའི་གནའ་བོའི་དར་གོས་ཚོང་ལམ་སྟེ།  འདི་ནས་ཙཱི་ནའི་དར་ཟབ་ཁྱེར་བའི་ཚོང་བ་མང་བོ་ཞིག་རྟ་དྲེལ་ལ་ཞོན་ཏེ་ནུབ་ཕྱོགས་སུ་སོང་མྱོང་ལ།  སྟག་གཟིག་( 大食)དང་རོ་མའི་(罗马)དངུལ་སྒོར་ཐོགས་པའི་དོན་མཐུན་དུ་མ་ཞིག་རྔ་མོང་ལ་ཞོན་ནས་ཤར་ཕྱོགས་སུའང་བསྐྱོད་མྱོང་།  ད་ལྟ་དེ་དག་གི་རྐང་རྗེས་ལོ་ཟླའི་རླུང་འཚུབ་དང་བྱེ་མས་བསུབས་ནས་མེད་ཀྱང་དེ་དག་གི་ལོ་རྒྱུས་དང་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ནི་གནས་འདིའི་རླུང་བུས་གྱེར་ཞིང་ས་འདིའི་རི་ཆུས་ཟློ་བཞིན་ཡོད་པའི་སྣང་བ་ཞིག་སྐྱེས་བྱུང་།  ཐང་སན་བླ་མས་རྒྱ་གར་ནས་ཐེག་ཆེན་གྱི་སྡེ་སྣོད་གདན་དྲངས་ཏེ་ཕྱིར་ལོག་དུས་གནས་འདི་བརྒྱུད་པས།  ས་འདི་ན་ཐང་སན་བླ་མའི་རྣམ་ཐར་དང་འབྲེལ་བའི་གཏམ་རྒྱུད་དང་ངག་རྒྱུན་སྣ་ཚོགས་ཤིག་མི་རབས་ནས་མི་རབས་བར་བརྒྱུད་སྒྲོག་བྱེད་ཀྱིན་ཡོད།   

ངེད་གཉིས་ཀྱིས་རི་འབུར་སྟེང་གི་མེ་བརྡའི་སྟེགས་བུ་དང་དར་གོས་ཚོང་ལམ་གྱི་ཉེ་འགྲམ་དུ་ལྟད་མོ་ཡིད་ཚིམས་པ་ཞིག་བལྟས་ཤིང་དྲན་རྟེན་གྱི་འདྲ་པར་ཡང་གང་མང་བརྒྱབ་རྗེས་སྔར་གྱི་གླང་འདྲུད་ཤིང་རྟར་བསྡད་དེ་ག་ལེར་ཕྱིར་ལོག་པ་ཡིན། 

འགག་སྒོའི་ར་སྐོར་གྱི་ཕྱི་རོལ་ཏུ་སྙན་ངག་པ་ཆེན་པོ་ཝང་ཝེ་ཡིས་ཨ་རག་མཆོད་བཞིན་སྙན་ངག་གྱེར་པའི་རྡོ་སྐུ་ཆེན་པོ་ཞིག་བཞེངས་ཡོད།   དེ་ཡང་ཐང་གི་སྙན་ངག་པ་ཆེན་པོ་ཝང་ཝེ་ཡིས་ནུབ་ལྗོངས་བསྐོར་ཏེ་གནས་འདི་བརྒྱུད་དུས་«ཝེ་ཁྲང་གི་འགྱུར་ཁུགས་»ཞེས་པའི་སྙན་ངག་གྲགས་ཅན་དེ་བརྩམས་པ་རེད།  «ཝེ་ཁྲང་གི་འགྱུར་ཁུགས»( 渭城曲 )ཞེས་པའི་སྙན་ངག་དེ་ནི་འདི་ལྟ་སྟེ། 

ཝེ་ཁྲང་ཞོགས་པའི་ཆར་གྱིས་ལམ་རྡུལ་བརླན།

མགྲོན་ཁང་སྦྱར་ལྕང་གཡུ་ལོ་སར་བ་བཀྲ།

ཉིད་ཀྱིས་སླར་ཡང་ཆང་ཕོར་གང་བཞེས་དང་།

ནུབ་ཀྱི་དབྱང་ཀོན་འདས་རྗེས་གྲོགས་པོ་དཀོན།

ཞེས་པ་སྟེ།  སྙན་ངག་ནང་དུ་ཝེ་ཁྲང་མཁར་གྱི་ཞོགས་ཆར་དང་ཞོགས་ཆར་ཁྲོད་ཀྱི་ལྕང་སྡོང་དག་གིས་བྱེ་ལྗོངས་ལ་དཔྱིད་དཔལ་བྱིན་པ་དང་།   སྙན་ངག་པས་མཐའ་འཁོབ་ཀྱི་ཆང་ཁང་ཞིག་ཏུ་རང་གི་གྲོགས་པོ་ལ་སྐྱེལ་མ་བྱེད་དུས་ཀྱི་འབྲལ་མི་ཕོད་པའི་འཁྲེང་སེམས་བཅས་མཚོན་ཡོད།  ཝང་ཝེ་ནི་ངེས་པ་དོན་གྱི་སྙན་ངག་པ་ཆེན་པོ་ཞིག་སྟེ།  ཕོ་བྲང་ནང་གི་ལོངས་སྤྱོད་དང་མཛེས་མར་མི་ཆགས་ཤིང་རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་པ་དང་།  སྙན་ངག་ཀློང་དུ་བརྡོལ་ཞིང་།  གྲོགས་ལ་བརྩེ་འདང་ཟབ་པའི་སྐྱེས་བུ་དམ་པ་ཞིག་གོ 

ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་ལྟ་སྐོར་མཇུག་བསྒྲིལ་རྗེས་ངེད་གཉིས་གླ་གཏོང་རླངས་དེར་བསྡད་ནས་ཕྱིར་ཐེག་པ་ཡིན།   ད་ནངས་ཚུར་འོང་དུས་ཁ་ལོ་བ་འདིས་སྤྲོ་སྣང་ཆེན་པོས་ཁ་བརྡ་གང་མང་བྱེད་ཀྱང་།  ངེད་གཉིས་འགག་སྒོའི་རྗེས་ཤུལ་ནས་ཅུང་ཙམ་འགོར་སོང་བའམ་ཅི་སྟེ།  གང་ལྟར་ད་ལྟ་ནི་ཁ་བརྡ་གཅིག་ཀྱང་མི་བྱེད་པས་ངེད་གཉིས་ཀྱང་ཅུང་དོགས་མི་བདེ་བར་བཟོས་སོང་།

ཏ།    ཀྭ་ཆུའི་མཁར་ཤུལ་གྱི་ཕངས་སེམས།

ཕྱི་དྲོར་ངེད་གཉིས་འགྲུལ་འཁོར་ཞིག་ལ་བསྡད་དེ་བཀྭའ་ཀྲིག་གྲོང་ཁྱེར་དུ་བསྐྱོད། ཉིན་དེར་རླུང་ཆེན་གཡུགས་པས་བྱེ་རྡུལ་ལང་ལོང་དུ་འཚུབས་ཏེ་སྐབས་རེར་ལམ་ཡང་མི་མཐོང་བས་རླངས་འཁོར་ཧ་ཅང་དལ།  ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་གི་རྗེས་སུ་ད་གཟོད་བཀྭའ་ཀྲིག་གྲོང་ཁྱེར་དུ་འབྱོར།  ངེད་གཉིས་ཀྱིས་འཕྲལ་དུ་གླ་འཁོར་ཞིག་ལ་སྒོར་༢༠༠བྱིན་ནས་གླས་ཏེ་ཀྭ་ཆུའི་གནའ་མཁར་གྱི་རྗེས་ཤུལ་ཡོད་སར་འབྱོར་བ་ན་ཆེས་ཡིད་ཕངས་པ་ཞིག་ལ་དེ་ཉིན་རླུང་ཆེན་གཡུག་བཞིན་ཡོད་པས་ས་དེའི་དོ་དམ་པས་ངེད་གཉིས་མཁར་ཤུལ་གྱི་ནང་དུ་འགྲོ་རུ་མ་བཅུག   ངེད་གཉིས་ཀྱིས་ཞུ་བ་ཅི་ཙམ་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར་པས་ས་དེའི་རྟེན་རྫས་བཤམས་མཛོད་ཁང་དུ་སོང་སྟེ་གནའ་མཁར་འདིའི་འབྲེལ་ཡོད་རྒྱུ་ཆ་འགའ་ཞིག་ཉོས་རྗེས་ཕྱི་རོལ་དུ་ཡོད་པའི་ཐང་གི་དམག་སྤྱི་ཆེན་པོ་ཞའེ་རིན་ཀོས་( 薛仁贵 ) ཀྱི་འཇིམ་བརྙན་ཆེན་པོ་དེར་བལྟ་རུ་སོང་།  ཞའེ་རིན་ཀོས་ནི་ཐང་གི་གཡས་རུའི་དམག་སྤྱི་ཆེན་མོ་( 右威大将军 )ཡིན་ཞིང་།   སྔར་ཀོ་ལི་དང་ཆི་ཏན།  ཐེ་ལིས་སོགས་ལ་གཡུལ་བཀྱེས་ཏེ་བྱས་རྗེས་ངོ་མཚར་བ་མང་བོ་སྔ་ཕྱིར་བཞག་པས་སྐད་གྲགས་ཧ་ཅང་ཆེ།  ཡིན་ན་ཡང་ཁོས་ར་ས་ཏའོ་( 逻娑道 )ཡི་དམག་སྤྱིའི་འགན་ཁུར་ཏེ་བོད་དབུས་སུ་དཔུང་འཇུག་བྱ་རྩིས་ཀྱིས་ཇི་མ་ཁོལ་དུ་སླེབས་ཏེ་མགར་ཁྲི་འབྲིང་གི་རུ་དཔུང་དང་འཐབ་པས་ཕམ་ཁ་ཆེན་པོ་ཐེབས་ཤིང་། ཐང་གི་གོང་མས་ཁོའི་གོ་སའང་བླངས་པར་གྲགས་པ་དང་།  རྗེས་སུ་ནད་ཀྱིས་མནར་ནས་ཚེ་ལས་འདས་སོ། 

རྒྱ་ཡིག་གི་ལོ་རྒྱུས་རྒྱུ་ཆ་ལྟར་ན།  མཁར་འདིའི་མིང་གཞན་ལ་སོ་དབྱང་མཁར་(锁阳城)ཟེར་ཞིང་། འདི་ལ་ནང་གསེས་ཕྱི་མཁར་དང་ནང་མཁར། ལུག་རྟའི་མཁར། རྗེས་ཤུལ་ཨང་དང་བོ།  རྗེས་ཤུལ་ཨང་གཉིས་པ་བཅས་ཡོད་ཅིང་།  ཕྱི་མཁར་གྱི་ཤར་གྱང་གི་རིང་ཚད་ལ་རྨིད་༥༣༠.༥ཡོད་ལ།ནུབ་བྱང་གི་རིང་ཚད་ལ་རྨིད་༦༤༩.༩ཡོད། ལྷོ་གྱང་ནུབ་ཀྱི་དུམ་བུ་ལ་རྨིད་༤༥༢.༨ཡོད་ལ། ལྷོ་གྱང་ཤར་གྱི་དུམ་བུ་ལ་རྨིད་༤༩༧ཡོད་ཅིང་།   བྱང་གྱང་གི་སྤྱིའི་རིང་ཚད་ལ་རྨིད་༡༡༧༨.༦ཡོད་པ་དང་།  མཁར་གྱང་སྤྱིའི་རྒྱ་ཁྱོན་ལ་རྨིད་ལྷམ་པ་ཁྲི༧༦.༦ཡོད་ལ། མཁར་རྟིང་གི་ཞེང་ཚད་ལ་རྨིད་༤.༦ཡོད་པ་དང་།       མཐོ་ཚད་ལ་རྨིད་༤.༡༡མཆིས། ནང་མཁར་གྱི་ཤར་ངོས་རིང་ཚད་ལ་རྨིད་༤༩༣.༦དང་ནུབ་ངོས་རིང་ཚད་ལ་རྨིད་༥༧༦དང་།  ལྷོ་ངོས་རིང་ཚད་ལ་རྨིད་༤༥༧.༣དང་བྱང་ངོས་རིང་ཚད་ལ་རྨིད་༥༣༤དང་།  སྤྱིའི་རྒྱ་ཁྱོན་ལ་རྨིད་ལྷམ་པ་ཁྲི་༢༨.༥ཡོད་ལ། གྱང་རྟིང་གི་མཐུག་ཚད་ལ་རྨིད་༡༩་དང་མཐོ་ཚད་ལ་རྨིད་༩༡༢༥ཡས་མས་ཡོད་པ་རེད།

ལོ་རྒྱུས་ཀྱི་རྒྱུ་ཆ་ལྟར་ན། མཁར་འདི་ཅིན་ནུབ་མའི་(西晋)ཡོན་ཁང་ལོ་བཞི་བར་གསར་དུ་བརྩིགས་པ་དང་ཅིན་ཁྲང་ཅིན་(晋昌郡)གྱི་སྲིད་འཛིན་ལྟེ་གནས་བྱས།  ཐང་ཝུའུ་ཏེའི་(唐武德)ཁྲི་ལོ་བཞི་བར་ཀྭ་ཆུའི་སྲིད་འཛིན་ལས་ཁུངས་བཙུགས་ཤིང་། དེ་ནས་བཟུང་ཀྭ་ཆུའི་མཁར་ཞེས་གྲགས། ཐང་གི་ཏ་ལི་ཁྲི་ལོ་བཅུ་གཅིག་སྤྱི་ལོ་༧༧༦ལོཔར། བོད་བཙན་པོའི་དམག་གིས་ཡང་བསྐྱར་བཟུང་། «ཏུན་ཧོང་ཡིག་རྙིང་»ལས།ཡོས་བུའྀ་ལོ་ལ་་་རྒྱའྀ་མཁར:ཀྭ་ཅུ། སྀན་ཅང་ཕབ་(瓜州晋昌)ཅེས་གསལ་བ་ལྟར། བོད་ཀྱིས་དང་ཐོག་སྤྱི་ལོ་༧༢༧ལོར་ཀྭ་ཆུ་མཁར་ཐོག་མར་བླངས་པ་ཡིན་ལ། «ཐང་ཡིག་རྙིང་མ་»ལས།ལོ་དེའི་སྤྱི་ལོ༧༢ ༧ལོ་)ཟླ་དགུ་བར། བྷོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང་འབྲོ་ལུང་མང་བོ་རྗེ་བྱ་བ་གཉིས་ཀྱི་བཀྭའ་ཀྲིག་ཏུ་དམག་དྲངས་ཏེ། དེ་གའི་ཚི་ཧྲི་ཐི་ཡོན་ཞན་དང་ལྭང་ཅིན་ཁྲོའི་ཡབ་ལྭང་ཧྲིག་གཉིས་བཟུང་། མཁར་དུ་ཡོད་པའི་རྒྱུ་ནོར་རྣམས་འཕྲོག་སྟེ་ཁྱེར། མཁར་ཀྱང་བཤིག་སྟེ་ཕྱིར་ལོག ཅེས་གསལ་བ་ལྟར་ན་དང་ཐོག་ཀྭ་ཆུ་ལ་དམག་དྲངས་ཏེ་ཚུར་ལེན་མཁན་ནི་བོད་ཀྱི་དམག་དཔོན་ཆེན་པོ་སྟག་སྒྲ་ཁོང་ལོད་དང་འབྲོ་ལུང་མང་བོ་རྗེ་གཉིས་ཡིན་པ་ཤེས་ཐུབ ཡང་ཐོག་མར་ཤ་ཅུ་ལ་དམག་མ་དྲངས་པར་ཀྭ་ཆུ་ལ་དྲངས་པ་ལ་དཔག་ན་དེ་དུས་བོད་ཀྱིས་ནུབ་ལྗོངས་ནས་དམག་དཔུང་ཤར་ཕྱོགས་སུ་དྲངས་པ་ཞིག་མ་ཡིན་པར་ལྷོ་ཕྱོགས་ནས་བྱང་དུ་དྲངས་པ་དང་ དེ་ཡང་ད་ལྟའི་མཚོ་ནུབ་ཕྱོགས་ནས་མདོ་ལ་རིང་མོ་བརྒལ་ཏེ་ནུབ་བྱང་ཕྱོགས་སུ་དམག་དྲངས་པར་གདོན་མི་ཟ་སྙམ  རྒྱུ་མཚན་ནི་བློན་སྟག་སྒྲ་ཁོང་ལོད་ཀྱི་མཚན་གཞན་ལ་དབའས་སྟག་སྒྲ་ཁོང་ལོད་ཟེར་བ་དང་ དབའས་ནི་ཁོང་གི་རུས་ཡིན་ལ ད་ལྟའི་མཚོ་ནུབ་ཕྱོགས་ནདབའས་ཚྭ་མཚོདངདབའས་གཞུངཞེས་པའི་ས་མིང་མ་འགྱུར་པར་ཡོད་པ་དང་ དེ་དག་ནི་ཁོང་གི་ཁྱིམ་རྒྱུད་དང་དམག་དཔུང་རྒྱུན་སྡོད་བྱེད་ས་ཡིན་པས་མིང་དེ་ལྟར་ཐོགས་པར་སྙམ

སྤྱི་ལོ་༧༧༦ལོར་བོད་ཀྱིས་ཡང་བསྐྱར་ཀྭ་ཆུ་མཁར་འདི་བླངས་རྗེས གནས་འདིར་བོད་ཤར་ཕྱོགས་ཀྱི་ཁྲོམ་ཆེན་པོ་བཞིའི་ཡ་གྱལ་ཀྭ་ཆུ་ཁྲོམ་བཙུགས་ཤིང་ ས་འདིའི་སྲིད་འབྱོར་རིག་གསུམ་ལ་ཁ་ལོ་བསྒྱུར་པ་དང་ དར་གོས་ཚོང་ལམ་སྟེང་གི་འགག་སྒོ་གལ་ཆེན་འདིའི་དཔལ་འབྱོར་གྱི་ཁེ་ཕན་ལ་ཅི་འདོད་དུ་ལོངས་སུ་སྤྱད་དེ་བོད་འབངས་མགོ་ནག་བྱིངས་ཀྱིས་ཀྱང་དར་ཟབ་ཀྱི་ན་བཟའ་གྱོན་ཐུབ་པ་བྱུང་ངོ་། 

ཕྱིར་ལོག་པའི་ལམ་བར་དུ ང་ལ་ཁ་བརྡ་མང་བོ་མི་འདུག  ངེད་གཉིས་ཀྱི་རླངས་འཁོར་ཁ་ལོ་བ་ནི་ཁ་ཆེ་བ་ཞིག་ཡིན  ངའི་སེམས་ལ  ལྟས་ངན་འདིས་དེ་རིང་རླུང་ཆེན་གཡུགས་སྟབས་མཁར་ཤུལ་གྱི་སྒོ་འབྱེད་རྒྱུ་མིན་པ་གསལ་བོར་ཤེས་ན་ཡང་ཁོ་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་ངེད་གཉིས་དོན་མེད་དུ་གནས་འདིར་ཁྱེར་ནས་ཡོང་བ་རེད་བསམས་ནས་ཁོ་ལ་ཅུང་མི་འདོད་པའི་ཚིག་རེ་འགའ་དབང་མེད་དུ་ཤོར་ཡང་ ཁོས་འཕྲལ་དུ་ང་ལ་ལན་མི་འདེབས་པར་ཚིག་སྣེ་གཞན་ལ་དཀྱོགས་ཅི་ཐུབ་བྱེད སྐབས་ཤིག་ལ་ཁོས་ས་ཆ་འདིའི་སྡེ་བ་ག་གེ་མོ་ཞིག་གི་མི་རྣམས་བོད་ཡིན་པ་དང་ ཡང་སྡེ་བ་ག་གེ་མོ་ཞིག་ནས་བོད་ཡིག་གི་དཔེ་རྙིང་མང་བོ་རྙེད་ཚུལ་སོགས་ལབ་བྱུང་བས་ང་རང་དབང་མེད་དུ་སྤྲོ་བས་བརྟས་སོང་།

རྒྱ་ཡིག་གི་རྒྱུ་ཆ་ལྟར་ན ས་འདིར་ལོ་ངོ་བཞི་སྟོང་སྔོན་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་པ་དང་ ཐང་ཝུའུ་ཏེ་ལོ་བཞི་བར(༦༢༡ལོ)བཀྭའ་ཀྲིག་ཏུ་མིང་སྒྱུར་བྱས་ཤིང་ ཆིན་རྒྱལ་རབས་ཀྱི་ཡུང་ཀྲིན་ལོ་རབས་སུ་ཨན་ཞི་ལྭེ (安西卫ཞེས་པར་བསྒྱུར མི་སེར་རྒྱལ་ཁབ་ཀྱི་ལོ་གཉིས་པར་ཨན་ཞི་རྫོང་(安西县དུ་བསྒྱུར སྤྱི་ལོ་༢༠༠༦ལོར་རྒྱལ་སྲིད་སྤྱི་ཁབ་ཁང་གིས་ཆོག་མཆན་བཀོད་དེ་སླར་ཡང་བཀྭའ་ཀྲིག་རྫོང་དུ་བསྒྱུར་པ་རེད ཡུལ་འདིར་ཁྱོན་བསྡོམས་མི་གྲངས་ཁྲི་༡༥ཡོད་ཅིང་ རྒྱ་དང་ཁ་ཆེ སོག་པོ བོད་སོགས་མི་རིགས་ཉེར་གཅིག་ཙམ་ཡོད་པར་བཤད དེ་ཡང་ས་འདིར་བཀྭའ་ཀྲིག་ཐོགས་དོན་ནི ཡུལ་འདིར་མེས་བཀྭའ( 蜜瓜 )ཟེར་བའི་ཤིང་འབྲས་དེ་ཧ་ཅང་མང་བའི་ཆ་ནས་དེ་ལྟར་ཐོགས་པར་བཤད

ཕྱིར་བཀྭའ་ཀྲིག་གྲོང་ཁྱེར་དུ་སླེབས་རྗེས ཐོག་མར་མགྲོན་ཁང་སྐྱིད་པོ་ཞིག་བཙལ་བ་དང་ དེ་ནས་ཉེ་འདབས་ཀྱི་ཁྲོམ་ར་ཆུང་ཆུང་ཞིག་ཏུ་སོང་སྟེ་ཟ་མ་ཡིད་ཚིམས་པ་ཞིག་ཟོས་རྗེས་ཕྱིར་མགྲོན་ཁང་དུ་ལོག་སྟེ་ཀྭ་ཆུ་མཁར་གྱི་འགྲེམ་སྟོན་ཁང་ནས་ཉོས་པའི་དཔྱད་གཞིའི་ཡིག་རིགས་དག་ལ་བམ་ཀློག་རེ་བྱས་པ་ཡིན།  ཅང་མ་འགོར་བར་ཞག་ཆར་ཤག་ཤག་ཏུ་བབས་ཏེ་གྲོང་ཁྱེར་འདིར་ཁྲུས་གསོལ་ཆེན་པོ་ཞིག་བྱས་སོང་།  ཞག་ཆར་གྱི་ཤག་སྒྲ་དང་འཆར་ཡན་གྱི་ཉམས་སྣང་ཁྲོད་ངེད་གཉིས་རྨི་ལམ་མ་ཡིན་པའི་རྨི་ལམ་གྱི་འཇིག་རྟེན་ཅིག་ཏུ་དལ་བ་དལ་བུར་ཐིམ་སོང་།  ཇི་སྲིད་བར་དུ་བརྗེད་མི་ཐུབ་པའི་་་་་་

ཐ།          ཅྰ་ཡུས་འགག་སྒོའི་ཁ་བ།

ཉིན་རྗེས་མར་ངེད་གཉིས་འགྲུལ་འཁོར་ཞིག་ལ་བསྡད་དེ་ཅྰ་ཡུས་འགག་སྒོའི་(嘉峪关)ཕྱོགས་སུ་བསྐྱོད།  ཆུ་ཚོད་གཉིས་ཙམ་ལ་བསྐྱོད་མཐར་གཞི་ནས་འགག་སྒོ་ཡོད་སར་འབྱོར་སོང་། འགག་སྒོ་དེ་ནི་དཀར་བོང་བོང་གི་ཁ་བའི་ཁྲོད་དུ་ཁ་ནུབ་ཏུ་ཕྱོགས་ཏེ་བརྗིད་ཉམས་ངང་གནས་འདུག  ཉེ་ལོགས་སུ་ཚོང་འདུས་མང་ཞིང་ལྟ་སྐོར་བ་སོགས་མི་ཚོགས་ཀྱི་འདུ་འགོད་འཚུབས་ཏེ་ཧ་ཅང་འཁྲུག་ཆ་དོད་པ་ཞིག་རེད།  ངེད་གཉིས་ཀྱིས་འཛིན་བྱང་རེ་ཉོས་རྗེས་འགག་སྒོའི་ཕྱོགས་སུ་སོང་བ་ན་སྒོ་ཆེན་ཡས་ཐེམ་དུ་གནམ་འོག་གི་བཙན་འགག་དང་བོ་(天下第一雄关)ཞེས་འཁོད་པའི་བྱང་བུ་ཆེན་པོ་ཞིག་འཕྲེད་དུ་གཟར་འདུག  རྗེས་སུ་ཤེས་པ་ལྟར་ན་ཡི་གེ་དེ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཀྲོ་ཕུའུ་ཁྲུའུ་ཡིས་བྲིས་པ་ཞིག་ཡིན་འདུག  ངེད་གཉིས་མཁར་སྟེང་དུ་འགོས་ཏེ་བལྟས་པ་ན་ལྕགས་རི་དང་ལྡིང་ཁང་རྔམ་བརྗིད་ལྡན་ཞིང་སྤུས་ཀ་ལེགས་ལ། གྱོ་མོ་སྔོན་པོའི་མཁར་གྱང་སྲ་མཁྲེགས་ལྡན་པ་དང་རྒྱང་རིང་གི་ལེ་དབར་བཅུ་ཕྲག་ཙམ་མིག་འོག་ཏུ་བསྡུ་ཐུབ།  འགག་སྒོ་འདི་དང་ཐོག་མེན་རྒྱལ་རབས་ཀྱི་ཧུང་ཝུའུ་ཁྲི་ལོ་ལྔ་བར་སྤྱི་ལོ་༡༣༧༢ལོ་ཀྲིན་ཧུ་དམག་སྤྱི་ཆེན་མོ་ཧྥིན་ཧྲེང་(冯胜)གིས་སྐབས་དེའི་དམག་དོན་ཐད་ཀྱི་ས་བབ་ཀྱི་དགོས་མཁོ་ལྟར་ཅཱ་ཡུས་རི་བོའི་( 嘉峪 )ནུབ་འགྲམ་ནས་བཞེངས་པ་དང་།  མེན་དང་ཆིན་གྱི་སྐབས་སུ་ནུབ་ལྗོངས་ཀྱི་དཔོན་རིགས་དང་ཚོང་བ་རྣམས་ཤར་ཕྱོགས་སུ་བསྐྱོད་ན་འགག་མདོ་འདི་གཅིག་པུ་བརྒྱུད་དགོས་པ་དང་།   ད་དུང་ནུབ་ལྗོངས་ནས་དགྲ་བོ་སྟོབས་ཆེན་གྱིས་ཚུར་རྒོལ་བྱེད་ན་ཡང་ལམ་འདི་མ་བརྒྱུད་པར་འགྲོ་ས་མེད་ལ།   འདིའི་ལྷོ་བྱང་གི་ཕྱོགས་གཉིས་རི་བོ་མཐོན་པོས་བསྐོར་ཡོད་པ་སོགས་ཀྱིས་ད་གཟོད་འགག་སྒོ་འདི་ས་འདིར་བཙུགས་པ་ཡིན་པར་བཤད།    འདིའི་ལྷོ་ཕྱོགས་ན་ཁ་བའི་གོས་ཀྱིས་གཡོགས་པའི་མདོ་ལ་རིང་མོ་ཡོད་ཅིང་།  དེ་ལ་ད་ལྟ་རྒྱ་མི་རྣམས་ཀྱིས་ཆི་ལེན་རི་བོ་(祁连山)ཟེར་ན་ཡང་ཆི་ལེན་ཞེས་པ་ནི་ཞུང་ནུའུ་ཡི་སྐད་དེ་གནམ་གྱི་དོན་ཡིན་པར་གྲགས།

དེ་ཡང་འགག་སྒོ་འདིའི་ཁ་ནུབ་ཏུ་བསྐོར་དོན་ནི།  འགག་སྒོ་འདི་ནི་རྨ་ནུབ་ཁྱམས་རིང་སྟེང་གི་འགག་སྒོ་གཙོ་བོ་དེ་ཡིན་ལ་རྨ་ནུབ་ཁྱམས་རིང་ནི་ཤར་ནས་ནུབ་ཏུ་བརྐྱངས་ཡོད་པ་དང་།  དམག་དོན་སྟེང་གི་དགྲ་བོ་སྟོབས་ཆེན་དག་ནི་གཙོ་བོ་ནུབ་ལྗོངས་ནས་འོངས་པའི་རྒྱུ་རྐྱེན་ལ་ཐུག་ཡོད།

མེན་རྒྱལ་རབས་ནི་ཙཱི་ནའི་ལོ་རྒྱུས་སྟེང་གི་རྒྱལ་རབས་སྟོབས་ཆེན་ཞིག་ཡིན་ལ།  མངའ་ཁོངས་ཀྱང་སུང་རྒྱལ་རབས་ལྷོ་བྱང་དག་ལས་ཆེ་བ་དང་།  སྲིད་འབྱོར་རིག་གསུམ་དར་རྒྱས་ཆེན་པོ་བྱུང་བ་ནི་འགག་སྒོ་འདི་གཅིག་པུའི་སྟེང་ནས་ཀྱང་ཤེས་ཐུབ།  མཁར་སྟེང་དུ་འཆམ་འཆམ་ལ་འགྲོ་བཞིན་ངའི་སེམས་ལ་སྔོན་མེན་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་( )སོགས་ཀྱིས་བོད་ཀྱི་མཁས་ཆེན་བུ་སྟོན་རིན་པོ་ཆེ་དང་རྗེ་ཙོང་ཁ་བ་ཆེན་པོ་སོགས་དམིགས་ཡུལ་ག་གེ་མོའི་ཆེད་དུ་གདན་འདྲེན་ཞུས་ཀྱང་ཁོང་རྣམ་པས་ཐུགས་བསམ་ཞིབ་མོ་བཏང་མཐར་ཕེབས་བཞེད་མ་གནང་བའི་བྱུང་བ་དག་ཀྱང་གསལ་ལེར་དྲན་བྱུང་། 

ཅཱ་ཡུས་འགག་སྒོ་ནི་ཙཱི་ནའི་ནུབ་བྱང་ཕྱོགས་ཀྱི་དམག་དོན་གྱི་བཙན་རྫོང་གལ་ཆེན་ཞིག་ཡིན་ཞིང་  མེན་རྒྱལ་རབས་ཀྱི་ལྕགས་རི་རིང་བོའི་ནུབ་ཕྱོགས་ཀྱི་མགོ་ཁུངས་ཡིན་ལ།  ཤར་ཕྱོགས་སུ་ཡན་叮稗︽( )བརྒྱུད་དེ་ཐད་ཀར་ཡ་ལུའུ་གཙང་捶敌︽ ( 鸭绿 )འགྲམ་གྱི་ཏན་ཏུང་གྲོང་ཁྱེར་གྱི་ཧུའུ་ཧྲན་བར་དུ་བརྐྱངས་ཤི爸︽  རིང་ཚད་ལ་སྤྱི་ལེ་༥༣༤༥ཡོད་པ་ད爸︽  ཤར་གྱི་ཧྲན་ཧེ་འགག︽波︽(山海 )ལས་ཀྱང་འགྲང་བྱ་དགུ་ཙམ་གྱིས་བཞེངས་སྔ་ཞི爸︽﹀  གནམ་འོག་གི་བཙན་འགག་ད爸︽བོཞེས་མཚན་སྙན་ཤིན་ཏུ་ཆེ་བ་ཞི便

སྤྱི་ལོ་༡༩༠༤ལོར་དབྱིན་ཇིའི་བཙན་འཛུལ་དམག་ལྷ་སའི་ཉེ་འདབས་སུ་འབྱོར་搬邦﹀   རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་གནས་འདི་བརྒྱུད་ནས་ཕྱི་སོག་ལ་བཙན་བྱོལ་དུ་ཕེབས་ཤི爸︽﹀   ཐེངས་འདིའི་འགྲུལ་བཞུད་ལས་ཁོང་གིས་གངས་རིའི་ཕྱི་རོལ་གྱི་འཇིག་རྟེན་ཆེན་པོའི་འཕོ་འགྱུར་དངོས་སུ་གཟིགས་ཤིང་མཁྱེན་དཔྱོད་རབ་ཏུ་རྒྱས་ཏེ།རྗེས་སུ་ཕྱིར་ལྷ་སར་ཕེབས་རྗེས་ལུགས་སྒྱུར་གྱི་བྱ་བཞག་རབ་དང་རིམ་པ་མང་བོ་ཞིག་མཛད་མྱོང་བ་第拜﹀

ངེད་གཉིས་ཀྱིས་འགག་སྒོ་འདིའི་གཟི་བརྗིད་ཉམས་སུ་མྱངས་པ་དང་ལོ་རྒྱུས་ལ་བསམ་གཞིག་བགྱིད་ཞོར་ག་ལེར་འགག་སྒོའི་སྟེང་ནས་མར་བབས་པ་ད爸︽  སྒོ་ཆེན་ལས་ཕྱིར་བུད་རྗེས་དེ་གའི་ཚོང་འདུས་ལས་ཅཱ་ཡུས་འགག་སྒོའི་ཡུལ་སྐོར་དྲན་རྟེན་གྱི་ཟངས་ཀྱི་རྟགས་མ་སྒོར་དབྱིབས་ཅན་རེ་ཉོས་རྗེས་ཅུང་བྲེལ་སྟབས་ཀྱིས་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ་སོང་སྟེ་དྲོས་ཇ་འཐུང་བཞིན་ཆུ་ཚོད་གཅིག་ཙམ་ལ་བསྒུགས་糙邦  ཅཱ་ཡུས་འགག་སྒོ་ནས་ཟི་ལིང་དུ་གཏོང་བའི་ཤུད་འ闭半︽(动车)ཞིག་ལ་བསྡད་དེ་མདོ་ལ་རིང་མོའི་གངས་ཆར་ཁྲོད་ཕྱིར་ཙོང་ཁའི་ཡུལ་དུ་ལོག་པ་翟稗﹀

སྤྱི་ལོ་༢༡༦.. དགུང་མོར་གྲུབ