ཙོང་ཁ་ཚེ་བརྟན་རྒྱལ་གྱི་ཟིན་ཐོ་དང་པོ།

 

རྒྱལ་མོ་ཡེ་ཤེས་སྒྲོལ་མ།

རྒྱལ་མོ་ཡེ་ཤེས་སྒྲོལ་མ། གང་གི་རྒྱལ་མོ་རེད།   དྲི་བ་ཞིག་རང་དབང་མེད་པར་མགྲིན་པའི་ནང་ལ་འཚང་ཞིང་། རྒན་ཇོ་སྲས་བཀྲ་ཤིས་ཚེ་རིང་དང་ཀརྨ་བཀའ་བརྒྱུད་ཀྱི་རྒྱལ་ཚབ་རིན་པོ་ཆེའི་ཕྱག་མཛོད་ཤེས་རབ་རྣམ་གཉིས་ལ་ཞལ་པར་ཕུལ་ན་བསམ། ཡང་ཁོང་རྣམ་གཉིས་བྲེལ་འཚུབ་ཀྱིས་ང་ལ་ལན་སྟེར་བའི་ཆུ་ཆོད་མང་པོ་ག་ལ་ཡོད་ཅེས་རང་སེམས་ལྷོད་ན་བབས་ནས་རང་གི་ཟིན་ཐོ་རེ་རེ་ཁ་ཕྱེས་ཚེ། མི་མིང་དང་ ས་མིང་མང་པོ་རུབ་ཡོང་ནས་གང་ཞིག་རྒྱལ་མོ་དང་འབྲེལ་ཚུལ་ཤེས་ཐབས་མི་འདུགགློ་བུར་དུ་འདས་པོ་དྲིན་ཆེན་དོན་འགྲུབ་རྒྱལ་དྲན་ཞིང་། ཁོང་གི་སྙན་ངག་((ལང་ཚོ་རྦབ་ཆུ))བརྒྱུད་ནས་གུས་པས་འབྲུག་ཡུལ་དང་འབྲས་ལྗོངས་ཞེས་པའི་ས་ཆ་གཉིས་ཀྱི་མིང་ཐོག་མར་གོ་བ་མ་གཏོགས།ཤར་ནུབ་གང་ཡིན་མ་ཤེས་ལ་བོད་དང་འབྲེལ་བའི་མངའ་རིས་ཤིག་ཡིན་པ་མ་ཤེས་པར་ལུས།འོ་ན་ངས་གང་བཙལ་གི་ཡོད།ལན་ནི་རྒྱལ་ཡུམ་ཡེ་ཤེས་སྒྲོལ་མ། མ་གཞི་འབྲས་ལྗོངས་ཀྱི་རྒྱལ་བོ་མཐུ་སྟོབས་རྣམ་རྒྱལ་གྱི་བཙུན་མོ་དང་ར་ཎ་ཆོས་ཉིད་དབང་མོའི་མ་ཡུམ།(འབྲུག་ཧ་དྲུང་བའི་ལྷ་ལྕམ)ད་དུང་འབྲུག་རྒྱལ་ཐོག་གསུམ་པ་འཇིགས་མེད་དབང་ཕྱུག་གི་བཙུན་མོ་ཨ་ཞེ་སྐལ་བཟང་གི་རྨོ་རྨོ།རྒྱལ་མོ་མཆོག་ནི་དབུས་སྒེར་བ་ལྷ་སྡིངས་ཀྱི་སྲས་མོ་དང་འབྲས་ལྗོངས་རྒྱལ་བོ་མཐུ་སྟོབས་རྣམ་རྒྱལ་གྱི་བཙུན་མོ། ད་དུང་མོས་བྲིས་པའི་((འབྲས་ལྗོངས་རྒྱལ་རབས))གོང་གི་གནས་ཚུལ་དག་ལས་བརྗེད་མི་ཉན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གཅིག་སྟེ། དབྱིན་བོད་དམག་འཁྲུག། ཕལ་ཆེར་ དབྱིན་འགོག་དམག་འཁྲུག་བྱུང་ནས་ལོ114འགོར་ཀྱིན་མེད་དམ།དམག་འཁྲུག་དེའི་ཁྲོད་ན་རྒྱལ་མོའི་ཁྱིམ་རྒྱུད་དང་འབྲས་ལྗོངས་མེད་དམ།ལྷ་སྡིངས་མདའ་དཔོན། མོའི་གཉེན་ཡིན་སྲིད།མོས་འབྲས་ལྗོངས་ནས་དབྱིན་དམག་བཀག་ཚུལ་ང་ཚོས་ག་ལ་ཤེས། སྐབས་དེའི་ཀ་ལ་ཀ་ཏྲའི་དབྱིན་ཇུའི་སྐུ་ཚབ་ཀྱི་ཟིན་བྲིས་སུ་”རྒྱལ་ཡུམ་མཆོག་ལུང་ཀྱོག་འབྲས་ལྗོངས་ལྟ་བུ་རུ་ལྷག་པ་མ་གཏོགས།གལ་སྲིད་དབྱིན་ཇིའི་ལོན་ཌན་ཏུ་བཞུགས་ཡོད་ན།དབྱིན་ཇིའི་རྒྱལ་མོ་རྒྱག་པ་ལས་འཇོན་ཐང་འདུག་ཅེས་བྲིས་ཡོད་པ་རྒན་ཇོ་སྲས་ཀྱིས་གསུངས་མྱོང་། ང་ཚོས་མོའི་སྲས་མོ་ར་ཎས་ཆོས་ཉིད་དབང་མོས་གོང་ས་སྐུ་གོང་མ་རྒྱ་གར་ཀ་བློན་སྦུག་ལ་ཉེན་གཡོལ་ལ་ཕེབས་དུས་སུ་ཞབས་ཏོག་རབ་དང་རིམ་པ་བྱས་པ་ག་ལ་ཤེས།ད་དུང་ར་ཎ་ཆོས་ཉིད་དབང་མོ་དབྱིན་བོད་ལོ་ཙ་བ་ཞིག་ཡིན་པ་ག་ལ་ཤེས།གང་ལྟར་མི་ཤེས་མང་པོ་བཙལ་ཀྱིན་མེད་དམ།འབྲས་ལྗོངས་དང་འབྲས་ལྗོངས་རྒྱལ་རབས།རྒྱལ་ཡུམ་ཡེ་ཤེས་སྒྲོལ་མ། གོང་གི་མིའི་མིང་ཞིག་དང་ས་མིང་ཞིག་གིས།ལྷོ་མོན་ཙོང་གསུམ་ནི་འབྲས་ལྗོངས་ཀྱི་མི་རིགས་གཙོ་བོ་ཡིན་ཞིང་། མོན་(ལེབ་ཅ)ནི་གདོད་མའི་མི་རིགས་དང་ལྷོ་པའི་རིགས་ནི་ཆིང་གི་སེ་ཁང་གིས་མི་ཉག་བཅོམ་རྗེས་འདི་རུ་མཆེད་ཅེས་ཡིག་ཚང་ན་གསལ། 

རྒྱལ་བོ་མཐུ་སྟོབས་རྣམ་རྒྱལ།

དེ་མིན་ཙོང་རིགས་ཡོད་ཚད་ནེ་པ་ལའི་མི་རིགས་གོ་ན་འགྲིག་མིན་མི་ཤེས་ཏེ། ར་ཡེ། ལུམ་པུ།དགུ་རོང་སོགས་འདུས་སམ།དྲི་བ་མང་པོ། དོགས་པ་མང་པོ། མཐར་གཏུགས་ན་ལྷོ་པ་རིགས་ནི་བྷོད་ཊ་ཡ་ཟེར་བ་མིན་ནམ། རྒྱལ་རྒྱུད་བཅུ་གཉིས་ལྷག་བྱོན་ཞིང་། རྒྱལ་མོ་རེ་རེ་དབུས་སྨིན་གླིང་། མདོ་མཁར། ཡབ་གཞིས་ཕུན་ཁང་།བཀྲ་ཤིས་ལྷུན་པོའི་མི་དྲག་གི་ཁྱིམ་རྒྱུད་སོགས་ནས་བྱོན་པ་གོ་བརྡ་འཕྲོད་པ་བཤད་མི་དགོས་སྙམ།ཞོར་འཕྲོས་སུ།((གློ་རྒྱལ་ཕྲན))ཞེས་པའི་དེབ་ལས། གོར་བོད་འཁྲུག་སྐབས་སུ་གོར་དམག་གི་དཔུང་རོགས་ལ་ཡ་རྩེ་འཛུམ་ལང་དང་གློ་བོ་ཡོད་རབས་བཤད། འོ་ན་དབྱིན་བོད་འཁྲུག་སྐབས་སུ་བོད་ཀྱི་དཔུང་རོགས་ལ་འབྲས་ལྗོངས་མེད་དམ།ཡོད་རབས་མེད་རབས་ཀྱི་བར་ནས་སིམ་ལ་ཆིངས་ཡིག་བཞག་པ་གཏན་དུ་བརྗེད་ཚར་རམ།མོན་ཡུལ་ཚོ་ལྡིང་སོ་གཉིས་དང་པདྨ་བཀོད་པ།ལོ་རྒྱུས་རེད་ཅེས་སྦོམ་བཤད་ཅིག་ལ་དབང་སོང་ཞེས་བསྐྱུར་རམ།

10/05/2018

ཙོང་ཁ་ཚེ་བརྟན་རྒྱལ་གྱི་ཟིན་ཐོ་གཉིས་པ།

ཕལ་ཆེར་བདུན་ཕྲག་སྔོན་མ་མིན་འགྲོ།འདི་གའི་བོད་ཀྱི་དཔེ་མཛོད་ཁང་ལ་ཐེངས་གཅིག་ལ་བཅར་ཞིང་། དེ་ནས་((གློ་རྒྱལ་ཕྲན))ཞེས་པའི་དཔེ་དེབ་དེ་རང་ཚོད་ཀྱིས་རོབ་ཀློག་བྱས་པའི་གོ་རིམ་ཁྲོད་དུ་དཀའ་ངལ་དང་རྙོག་འཛིང་རང་བཞིན་གྱི་དོན་ཁ་ཤས་འཕྲད། དཔེར་ན་ཡ་རྩེ་འཛུམ་ལིང་དང་མང་ཡུལ། མར་ཡུལ་ལྟ་བུ་སོགས་གནའ་བོའི་སྟོད་མངའ་རིས་ཀྱི་ཁྱབ་ཁོངས་ཡིན་པ་བཤད་མ་དགོས་ན། ཡང་དར་རྒུད་ཅི་བྱུང་དང་རྒྱལ་ཁོངས་གང་ན་ཆགས་ཚུལ། ལོ་རྒྱུས་ཁྲོད་ནས་མི་རིགས་གང་དང་འབྲེལ་བ་ཡོད་ཚུལ་བཅས་ཡིག་ཚང་གང་ལ་ལག་པ་འཆིང་ནས་ལན་ཞིག་རྙེད་འོང་སྙམ་པ་ཡང་ཡང་དྲན་པ་ལས་ཡིག་ཚང་རེ་རེ་བསྔོག་མ་ཐུབ་པ་ལེ་ལོ་མིན་འགྲོ། ཡང་དེབ་དེའི་ཁྲོད་དུ་ཡ་རྩེ་དང་འཛུམ་ལིང་གང་ལ་ངོས་འཛིན་དགོས། ཁོ་གཉིས་གཅིག་པ་ཡིན་ནམ། དེ་སྔོན་((འབྲི་གུང་ཆོས་འབྱུང་))དང་ཞིང་གཤེགས་བདུད་འཇོམས་ཚང་གི་རྒྱལ་རབས། མུ་ཀུམ་གྱི་ལོ་རྒྱུས་སོགས་ལས་ ཡ་རྩེ་ནི་པུ་རང་རྒྱལ་རྒྱུད་ལས་གྱེས་ཤིང་།རྒྱལ་རྒྱུད་བཅུ་ཙམ་བྱུང་བའི་དྲན་ངོགས་ན་རབ་རིབ་ཙམ་འདུག་པ་ལས་ཁུངས་གཏད་ནས་བོད་མིང་འདི་རེད་དང་མིང་གན་དག་ཧིན་རྡུ།གོར་ཁའི་སྐད་རེད་ཅེས་ཞུ་ཐུབ་མི་འདུག ཡང་འཛུམ་ལིང་ཡ་རྩེ་རྒྱལ་རྒྱུད་ཀྱི་བློན་པོ་ལས་གྱེས་པ་མ་གཏོགས། རྒྱལ་སྲས་སྐྱིད་ལྡེ་ཉི་མ་མགོན་ལ་གཏུགས་ཚུལ་མ་མཇལ། ཡ་རྩེ་དང་འཛུམ་ལིང་གཉིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཆ་གང་གང་ཡིན་ནམ། ན་ནིང་རྡོ་རྗེ་གདན་ནས་སྒོམ་ཆེན་ཞིག་དང་ཐུག། ཁོང་གིས་ མུ་གུམ་དང་ སླེ་མི(ཀླུ་མེ) ཀརྨ་རོང་སོགས་རེད་ཅེས་གསུངས་བ་ལས་འབྲི་གུང་བཀའ་བརྒྱུད་ཡིག་ཚགས་མཇལ་རོགས་ཞེས་ཤ་ཚ་མོ་ཞིག་གསུངས་པ་དྲན། དེ་མིན་མང་ཡུལ་དང་མར་ཡུལ་གཉིས་ཏེ། རྒྱའི་ཡིག་ཚང་དུ་茫涯ཞེས་བྲིས་པ་མཐོང་བ་ལྟར་ཡུལ་གཅིག་ལ་ནོར་མྱོང་ཞིང་། རྗེས་སུ་ཀ་ཐོག་རིག་འཛིན་ཆེན་མོའི་བྲིས་པའི་ལོ་རྒྱུས་ལས་(མང་ཡུལ་གུང་ཐང་རྒྱལ་རབས)་ནི་མངའ་བདག་ཁྲི་བཀྲ་ཤིས་བརྩེགས་པ་ལས་བྱོན་ཞིང་མཐར་གཙང་བ་རྒྱལ་བོས་བཅོམ་པ་འདྲ་ཞེས་བཤད་པ་ལས། (མང་ཡུལ་གུང་ཐང་རྒྱལ་རབས་ནི་བོད་རང་གི་ཡིག་ཚགས་ན་མངའ་རིས་སྨད་ཟེར་ཞིང་། དེང་གཞིས་ཀ་རྩེའི་མངའ་ཁུལ་སྐྱིད་རོང་རྫོང་ན་གུང་ཐང་རྒྱལ་རྒྱུད་མཁར་ཤུལ་གྱི་པར་འགའ་མཐོང་།) གུང་ཐང་རྒྱལ་རབས་དང་འབྲེལ་བའི་ཡུལ་ལུང་ཁ་ཤས་ནི་གློ་སྨོན་ཐང་དང་ཡོལ་མོ། ཙུམ། ནུབ་རི།སྙེ་ཤིང་སོགས་ཡིན་ཚུལ་གོ་བ་དང་དེང་རྒྱལ་ཁོངས་བལ་ཡུལ་ན་ཆགས། གཞན་མར་ཡུལ་ལ་དྭགས་རྒྱལ་རབས་ནི་རྒྱལ་སྲས་སྐྱིད་ལྡེ་ཉི་མ་མགོན་ལས་རྒྱལ་རྒྱུད་སུམ་བཅུ་སོ་ལྔ་ཙམ་འདྲེན་ཞིང་། དུས་རབས་19པའི་འགོ་སྟོད་ཙམ་ལ་འཇའ་མོ་ཀ་ཤིར་སྨིར་གྱི་(དེང་རྒྱ་གར་གྱི་མངའ་སྡེ་ཞིག་གི་མིང)ཁ་ཆེའི་རྒྱལ་རབས་ཤིག་བཅོམ་ཚུལ་ཡིག་ཚང་ལས་མཐོང་བ་ལས་ཁུངས་གང་ཡིན་རང་གིས་བརྟག་དཔྱད་བྱས་མེད།       08-09/05/2018