ཧེ་མི་རྒྱལ་སྲས་སྲིད་སྐྱོང་རྣམ་རྒྱལ་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས། བཀྲ་ཤིས་ལྷུན་པོའི་སྲིད་འཛིན་པ་འབྲུམ་པ་ཧུ་ཐོག་ཐུ།(མཚན་ཆ་ཚང་མ་ཤེས) ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ། དེ་མིན་བསམ་སྡིངས་རྡོ་རྗེ་ཕ ག་མོ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་ཆོས་ལྡན་བདེ་ཆེན་དབང་མོ།བོད་ཀྱི་སྤྲུལ་སྐུའི་ལོ་རྒྱུས་ཁྲོད་ནས་གོ་གནས་ངེས་ཅན་ཟིན་ཞིང་། མཛད་པ་འཕྲིན་ལས་ཕྱོགས་ནས་གུས་པ་ལྟ་བུ་ཞིག་གིས་གླེང་མི་ཐུབ་པ་རང་ངོར་འཕྲོད་ཀྱང་།མ་གླེང་བསྐྱུར་བཞག་ན།མ་གླེང་ལྷག་པ་ན་ཁོ་ཚོའི་མ་ཡུམ་སུ་ཡིན། གློ་བུར་དུ་ངའི་ཁ་ལས་རང་དབང་མེད་པར་ཉི་ཟླ་དབང་མོ་ཞེས་ཤོར་བ་དང་གླུ་ཞིག་གི་མིང་ལ་ཉི་ཟླ་དབང་མོའི་སྐྱོ་གླུ་ཞེས་པ་ཡིད་ལ་འཁོར་ནས། གླུ་དེ་ཐེངས་གཅིག་ལ་ཉན་མ་མྱོང་བའམ་ཐེངས་མང་པོར་བཙལ་བ་བརྗེད་དཀའ་ཨང་། གླུ་དེར་ཡུལ་གླུ། སྐྱོ་གླུ། སྡུག་གླུ་ཞེས་བཤད་སྟངས་འདྲ་མིན་མཆིས་ཤིང་། གླུ་དེ་རྩོམ་མཁན་ནི་ཉི་ཟླ་དབང་མོ་ཡིན་ནམ། ལེན་མཁན་ཐོག་མ་ཉི་ཟླ་དབང་མོ་ཨེ་ཡིན།

ལ་དྭགས་ཀྱི་ཡུལ་མི་ཚོས་གླུ་བ་སྟག་མོས་གླུ་དེ་བཏང་ན་ ཧ་ཅང་སྙན་པོ་འདུག་ཅེས་བཤད་པ་ནམ་ཡང་དྲན་འཛིན་ངོས་སུ་གཉེར་བཞིན་གླུ་ཚིག་གི་ངོ་གདོང་ཁོ་ན་རོལ་མྱོང་ཙམ་ལས་མཚོན་དོན་སྐབས་དེའི་གནས་བབ་ལ་སྦྱར་ནས་སྐད་ཆ་ཞིག་བཤད་མ་ཐུབ་པ་གླུ་དེ་དང་ངའི་སེམས་བར་གྱི་བར་ཐག་ཅིག་གམ་ ང་ཚོའི་བར་གྱི་མདུད་པ་ཞིག

འོ་ན་ཉི་ཟླ་དབང་མོ་དང་ཧེ་མི་རྒྱལ་སྲས།ཀུན་གཟིགས་པཎ་ཆེན།ཀརྨ་ཞྭ་དམར།བསམ་སྡིངས་ཕག་མོ་བཅས་ཀྱི་འབྲེལ་བ་ཅི་ཡིན་ནམ། ཡུམ་སྲས།སྐུ་མཆེད།ལྕམ་སྲིང་ཞེས་ཤོག་ངོོས་ལ་བསྐྱུར་ནས་ག་ཚོད་འགོར།  གློ་སྨོན་ཐང་གི་(ལྷོ་སྨོན་ཐང།)སྲས་མོ།ནུབ་རི་(བལ་ཡུལ་རྒྱལ་ཁོངས་ཀྱི་ཡུལ་ལུང་ཞིག)སྲས་མོ། ལ་དྭགས་ཀྱི་རྒྱལ་མོ། (ལ་དྭགས་རྒྱལ་བོ་བདེ་སྐྱོང་རྣམ་རྒྱལ་གྱི་བཙུན་མོ་ཡིན་ཞིང་།མཐར་ཁོ་གཉིས་ཐུགས་གཤིས་མ་མཐུན་པར་རྒྱལ་བོས་བཅད་ནས་རང་ཡུལ་ལ་ལོག་ཁར་གླུ་དེ་བླངས་པ་བཤད་སྒྲོས་སུ་འཇགས་པ་གླེང་སྲོལ་རེད)

རྒྱལ་བོ་དང་རྒྱལ་མོ་གཉིས་ཀྱི་བར་ལ་སྲས་ཤིག་བྱུང་བ་ནི་སྲིད་སྐྱོང་རྣམ་རྒྱལ་ལམ་རྒྱལ་སྲས་རིན་པོ་ཆེ་རེད། རྒྱལ་སྲས་རབ་བྱུང་གི་མཚན་ལ་ ཁོང་ཉིད་སྟག་ཚང་རས་པའི་(ལྷ་རྩེ་བ་ཆོས་རྒྱལ་གྱི་ཐུགས་སྲས།ལ་དྭགས་རྒྱལ་བོ་འཇམས་དབྱངས་རྣམ་རྒྱལ་དང་སེང་གེ་རྣམ་རྒྱལ་ཡབ་སྲས་གཉིས་ཀྱི་དབུ་བླ། སྐུ་ཕྲེང་དྲུག་ཙམ་བྱུང་།) བླ་ཚབ་ལ་བཞུགས་པ་དང་ ཧེ་མི་དགོན་ཏུ་ རྒྱལ་སྲས་རང་བྱས་ནས་ཞབས་ཞུས་བསྐོར་ནས་བཞུགས་པ་མ་ཡིན་པར། སྤྱིར་བཏང་གི་དགོན་པའི་འགྲོ་ལུགས་ལྟར།ཆུ་ལེན་ཇ་འདྲེན། དཀོན་གཉེར།མཆོད་གཡོག།དབུ་ཆོས།དགོན་གྱི་ལས་གནས་བརྒྱུད་ནས་ཧེ་མི་དགོན་ལ་ཞབས་ཏོག་བསྒྲུབས་ཤིང་།གཅུང་པཎ་ཆེན་གྱི་གདན་ས་གཙང་བཀྲ་ལྷུན་ལ་བཅར་ནས་ཕྱིར་ཕེབས་སྐབས་དངོས་ཟོག་འབོར་ཆེན་བསྣམས་འོང་བ་ད་ལྟ་ཧེ་མི་དགོན་རང་ལ་མཇལ་རྒྱུ་ཡོད་ཚད་གོ་བ་ལས་དངོས་སུ་མཇལ་མ་མྱོང་།

རྒྱལ་སྲས་ལ་ཡང་སྲིད་ཡོད་མེད།ལ་དྭགས་ཀྱི་ལོ་རྒྱུས་དེབ་ཐེར་བཞི་དང་ལ་དྭགས་ཧེ་མི་དགོན་གྱི་ལོ་རྒྱུས། འབྲུག་པ་བཀའ་བརྒྱུད་ཀྱི་བླ་རབས་བསྔོག་ཀྱང་ད་སྔ་གསལ་བོ་མ་མཐོང་།

སྲས་མོ་ནས་རྒྱལ་མོ། རྒྱལ་མོ་ནས་རྒྱལ་ཡུམ།ལྷག་མནོ་བསམ་ཞིག་གི་གི་ཞོར་དུ། ཉི་ཟླ་དབང་མོ་ཉིད་གཙང་ཤངས་རྣམ་གླིང་སྡེ་པ་བཀྲ་ཤིས་རྩེ་ཐང་ལྷ་དང་གཉེན་བསྡེབས་ནས་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ཞྭ་དམར་བཅུ་བ་ཆོས་གྲུབ་རྒྱ་མཚོ།བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་བསྟན་པའི་མངའ་བདག་རེ་རེ་འཁྲུངས་ལ། ཁོ་ཚོ་རེ་རེ་བདེ་སྡུག་བཅོལ་སའི་མགོན་སྐྱབས་རེ་རེ་ཡིན་སྟབས། སྐྱེད་མའམ་རྒྱལ་ཡུམ་གྱི་མིང་ནི་ཁོང་ཉིད་ལ་འབྱོར་ཞིང་།ཁོང་ཉིད་བཀའ་དྲིན་ཆེ་བའི་ཉི་ཟླ་དབང་མོ།ང་ཚོས་ད་ལྟའི་བར་དུ་འཚོལ་་བྱེད་བྱས་མྱོང་བ་ནམ་ཡང་འཁང་ར་ཞིག

ཀརྨ་ཞྭ་དམར་བ་ནི་ཀརྨ་བཀའ་བརྒྱུད་ཀྱི་རྒྱལ་བ་ཡབ་སྲས་ལྔ(1ཀརྨ་པ། 2ཞྭ་དམར་བ།3སི་ཏུ།4རྒྱལ་ཚབ།5འཇམ་མགོན་ཀོང་སྤྲུལ)འམ་ཡབ་སྲས་བདུན་(1ཀརྨ་པ། 2ཞྭ་དམར་བ། 3སི་ཏུ། 4རྒྱལ་ཚབ།5 འཇམ་མགོན་ཀོང་སྤྲུལ། 6དཔའ་བོ་གཙུག་ལག་ཕྲེང་བ།7ཏྲེ་བོ་རིན་པོ་ཆེ)ཞེས་བགྲང་སྲོལ་མི་འདྲ་བ་གཉིས་ཙམ་མཆིས་པ་ཀརྨ་བཀའ་བརྒྱུད་ཀྱི་ལོ་རྒྱུས་ན་གསལ་བ་ལས་མང་ཙམ་བཤད་ན་མང་པོ་འཁྲུལ་སྲིད། ཀརྨ་ཞྭ་དམར་དགུ་པར་ཡང་སྲིད་གསུམ་ཙམ་བྱུང་།  མོན་གྱི་གཅིག་དང་ཤངས་རྣམ་གླིང་གི་གཉིས་ཏེ།བཀྲ་ཤིས་རྩེ་རུ་འཁྲུངས་པའི་ཆོས་གྲུབ་རྒྱ་མཚོ་དང་རྣམ་སྲས་གླིང་བ་རུ་འཁྲུངས་པའི་གར་དབང་རྒྱ་མཚོ།.  ཞྭ་དམར་བའི་གདན་ས་ཡངས་པ་ཅན་དགོན་གྱི་ལས་གནས་དག་གིས་རྣམ་སྲས་གླིང་གི་སྲས་ངོས་ལེན་བྱེད།ཀ་ཐོག་རིག་འཛིན་ཆེན་མོ་དང་སི་ཏུ་བསྟན་པའི་ཉིན་བྱེད་ཟུང་གིས། བཀྲ་ཤིས་རྩེའི་པཎ་ཆེན་གྱི་གཅུང་ངོས་འཛིན་བྱས་པས།  ཡབ་གཞིས་གཉིས་མཐུན་དང་མ་མཐུན་བྱས་ཏེ་གོང་ས་བདུན་པ་དབུ་བཞུགས་ཐོག་ཇོ་བོའི་མདུན་དུ་གཟན་བསྒྲིལ་ནས་བཀྲ་ཤིས་རྩེའི་སྲས་ཆོས་གྲུབ་རྒྱ་མཚོ་བབས་ནས་ཞྭ་དམར་བའི་ཁྲི་ལ་བཀོད།

རྣམ་གླིང་སྲས་ལ་རྣམ་གླིང་ཞྭ་དམར་ཞེས་གྲགས་ཤིང་། སྐུ་ཕྲེང་ལྔ་ཙམ་བྱུང་བའི་མཚན་སོགས་མི་དབང་རྣམ་སྲས་གླིང་བའི་ཕྱག་དེབ་ན་གསལ། ཞྭ་དམར་ཆོས་གྲུབ་རྒྱ་མཚོ། པཎ་ཆེན་དྲུག་པའི་གཅུང་བོ། གོར་བོད་དམག་འཁྲུག་སྟེང་ནས་ཉེས་པ་བསགས་པ་དང་བསྟུན་ནས། སྡེ་པ་གཞུང་གིས་ ཡང་སྲིད་བཙལ་མི་ཆོག་ལ་ཡངས་པ་ཅན་དགོན་གཞུང་བཞེས་བཏང་བས། ཞྭ་དམར་གྱི་སྤྲུལ་སྐུ་བཞུགས་ཡོད་མེད་ག་ལ་ཤེས།

རྗེས་སུ་སྤྱི་ལོ2007དང2008ལོར་གུས་པ་འབྲས་ལྗོངས་ར་ལང་ཀརྨ་པའི་རྒྱལ་ཚབ་བླ་བྲང་ལ་ཞབས་ཞུ་བྱེད་སྐབས། བླ་མ་དག་གིས་ཞ་དམར་བཅུ་གཅིག་པ་(གོང་ཏུ་གཅིག་འཁྲུངས་པ་ཆུང་དུས་ནས་གཤེགས།འདི་ཚང་བཅུ་གཉིས་བགྲང་སྲོལ་ཞིག་འདུག)དང་འཇམ་མགོན་ཀོང་སྤྲུལ་གཉིས་པ་གཉིས་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་བ་མཁའ་ཁྱབ་རྡོ་རྗེའི་སྲས་སུ་འཁྲུངས་ཤིང་།

འཇམ་མགོན་ལ་ཀར་སྲས་ཞེས་འབོད་པ་དང་འབྲེལ་ནས་ཀམ་ཚང་གི་གསེར་ཕྲེང་ལ་མཇལ་བའི་སྐལ་བ་རེག་ལ། བླ་མ་དག་གིས་གསུངས་པ་གུས་པར་ངོ་འཕྲད།  ཞྭ་དམར་བཅུ་གཉིས་པ་མི་ཕམ་ཆོས་ཀྱི་བློ་གྲོས་ནི་ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེའི་སྐུ་དབོན་དུ་འཁྲུངས་ཤིང་། སྤྱི་ལོ་2014ལོར་ཞིང་ལ་གཤེགས།

བསམ་སྡིངས་རྡོ་རྗེ་ཕག་མོ་(ལོ་རྒྱུས་སྟེང་དུ་བུད་མེད་ཀྱི་སྤྲུལ་སྐུ་ཐོག་མ་་ཡིན་པ་དང་སྐུ་ཕྲེང་བཅུ་གཉིས་བྱུང་།)སྐུ་ཕྲེང་བརྒྱད་པ་བདེ་ཆེན་ནི་པཎ་ཆེན་དང་ཞྭ་དམར་ཚང་གི་ལྕམ་སྲིང་ཡིན་པ་མང་པོ་མཐུན་ན། ཡུམ་གཅིག་མིན་ཐེ་ཚོམ་ཆེ་བ་གཅིག་དང་ཡིག་ཚགས་རེག་མིན་གཉིས་བཅས་ཀྱིས་གོང་གི་ཟིན་ཐོ་རེ་ཞིག་མཇུག་བསྡུ་བ་དང་བསྟུན་ནས། བསམ་སྡིངས་རྡོ་རྗེ་ཕག་མོ་སྐུ་ཕྲེང་དང་པོ་མང་ཡུལ་གུང་ཐང་གི་རྒྱལ་རབས་ཀྱི་སྲས་མོ་ཡིན་ནམ།

ལོ་ཤས་སྔོན་ཏུ་ཇོ་ནང་ཆོས་བརྒྱུད་འཛིན་པའི་མཁན་པོ་ཞིག་གིས་ཏཱ་ར་ནཱ་ཐའི་བཀའ་འབུམ་ལས་རྣམ་ཐར་གཡར་གནངས་ན།རྟེན་འབྲེལ་གྱིས་ཁ་ཕྱེས་པ་ཙམ་ལས་ཡར་འབྲོག་(གཙང་སྣ་དཀར་རྩེ་རྫོང)དང་བསམ་སྡིངས་རྡོ་རྗེ་ཕག་མོའི་འབྲེལ་བའི་ལོ་རྒྱུས་ཀྱི་ས་བོན་ཙམ་བཙལ་མ་ཐུབ་པ་ཕངས་སེམས་ཆེ།

-13-09/05/2018

 

གསལ་བྱེད། གླུ་ཚིག་གི་པར་དག་ཆེས་དྲགས་པས་ཆ་ཚང་ཤོང་ཐུབ་མེད་པར་དགོངས་དག་ཞུ།