ཤིས་ཚང་མཁྱེན་རབ་རྒྱ་མཚོ།


གླེང་སློང་བའི་གཏམ།

དེ་རིང་ཁོ་བོས་འདིར་བྲི་བར་བྱ་བའི་རྩོམ་ཐུང་འདིའི་བརྗོད་བྱ་ནི་བོད་རབ་བྱུང་བཅུ་གཉིས་པའི་ནང་བྱོན་པའི་མཁས་དབང་པྲ་ཏི་བས་མཛད་པའི་སུམ་ཅུ་བའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ཞེས་བྱ་བ་དེ་ཕྱིས་ཀྱི་དཔར་སྐྲུན་སྔ་ཕྱིའི་ཁྲོད་ནས་བསམ་བཞིན་མ་ཡིན་པའི་ཡིག་ནོར་རེ་གཉིས་བྱུང་ཡོད་པ་དག་གཞུང་འདིའི་པར་གྱི་ཕྱི་མོ་ཁག་ཅིག་དང་བསྡུར་ཏེ་མ་དག་པ་དག་པར་སེལ་བའི་བགྱི་བ་ཆུང་ཆུང་ཞིག་བརྩམ་པར་འདོད་པ་དེ་ཡིན་ལ།  ཚུལ་འདི་འོ་ཅག་གི་བརྡ་སྤྲོད་སྨྲ་བ་དག་གིས་ད་སྔར་མ་རྟོགས་པ་དང་མ་ཚོར་བ་ག་ལ་ཡིན་ཏེ་ཡིན་མི་སྲིད་མོད།  འོན་ཀྱང་།  ཁོང་ཅག་གིས་བརྗོད་བྱའི་གནད་ཆུང་ཙག་འདི་འདྲ་ལ་དུས་ཚོད་གྲོན་ཏེ་ཐུགས་སྣང་གནང་འདོད་མ་བྱུང་བའམ།  ཡང་ན་ཐུགས་ཉམས་མ་བཞག་པའམ།  སྐྱོན་དུ་མ་མཐོང་བ་ཅི་རིགས་སུ་ངེས།  གལ་ཏེ་ང་ཚོས་ནོར་བ་ནོར་བར་མ་གླེང་བར་ད་དུང་མུ་མཐུད་དུ་འདི་མུར་ཕྱིན་ཚེ་ནམ་ཞིག་མོན་ཡུལ་རྡོར་གཅོད་ཀྱི་དཔེར་འགྲོ་བ་ཁོ་ན་ལས་འོས་མེད་པས། ཁོ་བོས་སུས་ཀྱང་མ་སྐུལ་བའི་ལས་འདི་དང་དུ་བླངས་པ་ཡིན།  ཁོ་བོའི་དག་སེལ་འདིས་པྲ་ཏིའི་སུམ་ཅུ་བའི་དགོངས་པ་ཟབ་མོའི་གནད་ཕིགས་པར་རྔོ་མ་ཐོགས་ནའང་གཞན་ལ་གོ་བ་ལོག་པར་མི་སྟེར་བའི་གདེང་བརྟན་པོ་ཡོད།

 

དང་བོ།  གཞུང་འདིའི་ཆེ་བརྗོད་དང་འབྲེལ་ཏེ་པར་གྱི་ཕྱི་མོ་གླེང་བ།

དེའང་པཎྜིཏ་ཆེན་པོ་པྲ་ཏི་དགེ་བཤེས་རིན་ཆེན་དོན་གྲུབ་དཔལ་བཟང་བོས་མཛད་པའི་སུམ་ཅུ་བའི་རྣམ་བཤད་ཀུན་བཟང་དགོངས་རྒྱན་ཞེས་པ་ནི་སུམ་ཅུ་བའི་འགྲེལ་བ་གཞན་དང་མི་འདྲ་བར།  རྗོད་བྱེད་ཚིག་གི་འགྲོས་དག་ཅིང་།   བརྗོད་བྱ་དོན་གྱི་གཏིང་ཟབ་པ།  བརྗོད་པ་ཚིག་སྦྱོར་གྱི་ཕྲེང་མཛེས་པ།  ལྷག་པར་གཞུང་ཆེན་སློབ་གཉེར་བ་ཚོས་བལྟས་ན་བློ་སྐྱེད་སྟེར་ཕུལ་ཆེ་བ་བཅས་ཀྱི་ཁྱད་པར་གྱིས་འཕགས་པའི་བསྟན་བཅོས་ཤིག་ཡིན་པ་གཟུར་གནས་མཁས་པ་ཀུན་གྱིས་ཞལ་གཅིག་གྲགས་སུ་ཁས་ལེན་ལ།  ཀུན་མཁྱེན་ཆེན་པོ་འཇིགས་མེད་དབང་བོས་ཀྱང་།  སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་དུ་པྲ་ཏིའི་སུམ་རྟགས་ཀྱི་ཁྲིད་རྒྱུན་དར་སྤེལ་དང་སྦྲགས།  གཞུང་འདིའི་པར་གསར་དུ་རྐོ་བཞེངས་ཀྱིས་དཔར་བྱང་སྨོན་ཚིག་ཀྱང་ཁོང་གིས་མཛད་ཅིང་། མཇུག་བྱང་དུ། “རིག་གནས་རྒྱ་མཚོའི་ཕ་མཐར་སོན་པའི་པཎྜིཏ་ཆེན་པོ་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་བའི་དགོངས་འགྲེལ་འདི། དགོངས་འགྲེལ་གཞན་ལས་ཁྱད་པར་དུ་འཕགས་ཤིང་བློ་སྐྱེད་ཤིན་ཏུ་ཆེ་བར་བརྟེན། ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་དཔར་དུ་སྒྲུབ་པའི་དཔར་བྱང་དུ་རིག་གནས་སྨྲ་བ་བཙུན་པ་དཀོན་མཆོག་འཇིགས་མེད་དབང་བོས་སྦྱར་བའོ།།”[1]ཞེས་དགོངས་འགྲེལ་འདིར་དམིགས་བསལ་ཆེ་བརྗོད་དང་བསྔགས་པ་བླ་མེད་མཛད་ཡོད།

དེ་ལྟར་ཁྱད་དུ་འཕགས་པའི་སུམ་ཅུ་བའི་དགོངས་འགྲེལ་འདིར་ཁོ་བོས་ཤེས་གསལ་ལྟར་ན་སྔ་ཕྱིར་པར་གྱི་ཕྱི་མོ་རིགས་གསུམ་བྱུང་ཡོད་པར་འདྲ་སྟེ།  གོང་དུ་བརྗོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ་དེ་དང་།  ལྷ་སའི་ཞོལ་པར་ཁང་གི་པར་མ།  ཞྭ་དམར་པཎྜིཏའི་གདན་ས་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་པར་མ་བཅས་བཞུགས་པ་ལས།  ཕྱིས་སུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྔ་ཕྱིར་དཔར་སྐྲུན་ཐེངས་འགར་བྱས་ཡོད་པ་དེ་དག་ནི་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་པར་མ་དེ་ལས་བུ་ཡིག་བཅད་པ་རེད་འདུག་ལ། སྐབས་ཀྱི་གླེང་བར་བྱ་བའི་ཡིག་ནོར་དེ་དག་ཀྱང་ཐོག་མར་པར་མ་འདི་དག་ལ་བརྟེན་ནས་བྱུང་བ་ཡིན་པར་སྙམ།

 

གཉིས་པ།  སྐབས་དོན་གྱི་ཡིག་ནོར་དངོས་གླེང་བ།

དེའང་སྔ་མོར་གསུང་རབ་བསྟན་བཅོས་ཀྱི་པར་ཤིང་རྐོ་འབྲི་ཡི་སྐབས་དང་།  ཕྱིས་སུ་གློག་རྡུལ་ཚན་རྩལ་གྱིས་ཡི་གེ་གཏགས་འཇུག་གི་སྐབས་གང་ཡིན་ནའང་།  གཟབ་ནན་བྱས་མ་བྱས་ཀྱི་བར་ནས་ཡིག་ནོར་རེ་ཟུང་འབྱུང་ངེས་པ་ནི་བསམ་ཤེས་ཐུབ་པ་ཞིག་རེད་མོད།  འོན་ཀྱང་།  ཡིག་ནོར་ཡིག་ནོར་དུ་ངོས་མ་བཟུང་བར་ནོར་བ་རྒྱུན་འབྱམས་སུ་གཏོང་བ་ནི་ཉེས་པ་ཚབས་པོ་ཆེ་ཞིག་ཀྱང་ཡིན་ཙ་ན།  འདིར་ཁོ་བོས་མིག་སྔར་པྲ་ཏིའི་སུམ་ཅུ་བ་འཆད་ཉན་གྱི་སྐབས་གང་སར་ཡིག་ནོར་ཡིག་ནོར་དུ་ངོས་འཛིན་དོགས་སློང་བྱེད་ཀྱིན་མེད་པའི་དོན་གནད་ཁག་གཉིས་གླེང་བར་འདོད་པ་ཡིན།

དོན་གནད་དང་བོ་ནི།  སུམ་ཅུ་བའི་མཆོད་བརྗོོད་དུ། སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་།།བླ་མ་ལ་ཡང་ཕྱག་འཚལ་ཞེས་པའི་ཚིག་དོན་འགྲེལ་སྐབས།  “དེ་ཡང་ཡི་གེ་ཕན་ཚུན་རྣམ་དབྱེ་ཚིག་ཕྲད་རྐྱེན་ལ་སོགས་པའི་དབང་གིས་བསྒྱུར་བ་དང་། དབྱི་བའི་རྣམ་འགྱུར་གྱི་སྒོ་ནས་སྡེབ་ཅིང་སྦྱོར་བས་སྡེབ་སྦྱོར་ཏེ།”[2] ཞེས་པའི་དབྱི་བའི་རྣམ་འགྱུར་ཞེས་པ་ཕྱིས་ཀྱི་པར་མ་ཁག་ཏུ་དབྱེ་བའི་རྣམ་འགྱུར་ཞེས་འགྲེང་བུ་ཅན་དུ་བཅོས་འདུག་[3]ལ།  དེ་ལ་བརྟེན་ནས་ཕྱིས་སུ་མཁས་པ་མང་བོས་འཆད་ཁྲིད་ཀྱི་སྐབས་སུའང་དེ་ཁོ་ནར་འཆད་ཀྱིན་འདུག  འདི་ནི་སྐད་ཆ་ཆུང་ཆུང་བྱས་ན་གུག་གུ་དང་འགྲེང་བུའི་ཁྱད་པར་ཙམ་ཞིག་རེད་མོད།  སྐབས་འདིའི་པྲ་ཏིའི་དགོངས་པ་དངོས་རྟོགས་འདོད་ན་ངེས་པར་གུག་འགྲེང་གཉིས་མ་ནོར་བར་དགོས་པ་རེད།

(བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ།)

དེའི་རྒྱུ་མཚན་ཅུང་ཞིབ་པར་སྤྲོ་ན་འདི་ལྟ་སྟེ།  སྐབས་འདིའི་སྡེབ་སྦྱོར་ཞེས་པ་ཡི་གེའི་སྦྱོར་བ་ཐམས་ཅད་ལ་གོ་དགོས་ཤིང་།  ལྕི་ཡང་སོགས་ཀྱི་སྡེབ་སྦྱོར་རིག་གནས་ཀྱང་འདིར་དོན་གྱིས་བསྡུ་བར་གསུངས་པ་ལྟར། པྲ་ཏིས་སྐབས་འདིའི་སྡེབ་སྦྱོར་ཞེས་པ་ལེགས་སྦྱར་གྱི་སྒྲ་རིག་པ་དང་ཕྱོགས་མཐུན་པར་བགྱིས་ཏེ།   བརྗོད་པ་དུམ་བུ་དེའི་ཚིག་སྦྱོར་དུ་རྐྱེན་དང་། བསྒྱུར་བ།  དབྱི་བ།  རྣམ་འགྱུར་ཞེས་པའི་བརྡ་ཆད་འགའ་ཆེད་དུ་སྦྱར་བ་ཡིན་པར་འདོད།  དེའང་རྐྱེན་དང་བསྒྱུར་བ། དབྱི་བ། རྣམ་འགྱུར་ཞེས་པ་རྣམས་གཙོ་བོར་ལེགས་སྦྱར་གྱི་སྒྲ་རིག་པའི་སྐབས་སུ་ཡང་ཡང་འབྱུང་བའི་ཐ་སྙད་ཁག་ཅིག་སྟེ།  དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས།(༡༢༧༦-༡༣༤༢)  “རང་བཞིན་རྐྱེན་དང་རྣམ་འགྱུར་རྣམས།།བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན།།”[4]ཞེས་ལེགས་སྦྱར་སྒྲ་རིག་པའི་གཞུང་གི་བརྗོད་བྱ་མ་ལུས་པ་བསྡུས་ན། རང་བཞིན་དང་རྐྱེན་དང་། རྣམ་འགྱུར་གསུམ་དུ་འདུ་བར་གསུངས་པ་དང་།  དེ་ལས་བྱེ་བྲག་རྣམ་འགྱུར་ཞེས་པ་འཆད་པའི་སྐབས།  “རང་བཞིན་རྐྱེན་དང་འབྲེལ་བ་དང་།།ཡི་གེ་ཙམ་དང་འབྲེལ་བ་ཡི།།སྒྱུར་དང་དབྱི་བའི་རྣམ་འགྱུར་ཏེ།།”[5]ཞེས་རང་བཞིན་དང་འབྲེལ་བ་དང་།  ཡི་གེ་ཙམ་དང་འབྲེལ་བའི་སྒྱུར་བ་དང་དབྱི་བའི་རྣམ་འགྱུར་ཞེས་ཞིབ་པར་གསུངས་[6]ཤིང་།    དེ་དང་འབྲེལ་བར་སྟག་ཚང་ལོ་ཙཱ་བས་(༡༤༠༥-?)ཀྱང་། “ཡི་གེ་སྒྱུར་བའམ་དབྱི་བ་གང་རུང་གིས་ཡི་གེའི་ལུས་འགྱུར་བ་ནི་རྣམ་འགྱུར་གྱི་ངོ་བོ་ཡིན་”[7]པར་གསུངས་པའི་ཚུལ་འདི་དག་ལ་ངེས་ཆ་ཅུང་ཙམ་རྙེད་ན།  ད་གཟོད་བོད་སྐད་བརྡ་སྤྲོད་དུ་འབྱུང་བའི་ཐ་སྙད་དེ་དག་ལ་གོ་བ་ལྷག་པོ་རེ་ཡོད་པའང་ཞོར་དུ་ཤེས་ལ། སྐབས་འདིའི་རྣམ་འགྱུར་ཞེས་པའང་བསྒྱུར་བ་དང་དབྱི་བའི་རྣམ་འགྱུར་ལ་གོ་ན་གོ་བ་སྔ་ཕྱི་འབྲེལ་ཆགས་པའི་ཚུལ་ལ་ངེས་ཤེས་བརྟན་པོ་ཞིག་བརྙེད་ངེས་ཡིན།

(ལྷ་སའི་ཞོལ་པར་ཁང་གི་པར་མ།)

ཡང་སྐབས་འདིའི་དབྱི་བའི་རྣམ་འགྱུར་ཞེས་པའི་དབྱི་བ་ནི་བྱ་ཚིག་ཕྱིས་ཀྱི་མ་འོངས་པ་སྟེ།  ཡི་གེའི་མགོ་འདོགས་དབྱངས་ལ་སོགས་པ་མིང་གཞི་གང་ཞིག་ལས་བསུབས་པའམ་དོར་པ་ལ་གོ་དགོས་པ་འདྲ་ཞིང་།  ཐོན་མི་སམ་བྷོ་ཊའི་སུམ་ཅུ་བའི་རྩ་བར།  ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར།།ཞེས་པ་དང།  ལ་དོན་སུ་ལ་ཨུ་ཕྱིས་ནས།།ཞེས་པ་དག་ལ་བསམ་ན་ལྷག་ཏུ་ངོ་འཕྲོད་སླ་བར་སྙམ།    རྣམ་འགྱུར་ཞེས་པ་ནི་མིང་གཞི་གང་ཞིག་ལས་དབྱངས་དང་མགོ་འདོགས་ཕྱིས་ཏེ་ཡི་གེའི་གཟུགས་འགྱུར་བ་སྟེ།  དཔེར་ན།  ལ་དོན་སུ་ལ་ཨུ་ཕྱིས་ནས།།དེ་ལ་གསུམ་པའི་དང་པོ་སྦྱར།།དེ་ལ་ཨཱ་ལི་གསུམ་པ་སྦྱར།།ཞེས་པའི་སྐབས་ཀྱི་སྟེ་ཞེས་པའི་ཕྲད་གྲུབ་ཚུལ་དེ་ལས་དབྱི་བ་དང་རྣམ་འགྱུར་གཉི་ག་མཚོན་ཐུབ་པ་ལྟ་བུའོ།།

དེ་ལྟར་དབྱི་བའི་རྣམ་འགྱུར་ཞེས་པའི་ངོ་བོ་ངོས་ཟིན་པ་ན།  ད་ནི་གོང་གི་བརྗོད་པ་དུམ་བུ་དེའི་ཁྲོད་ཀྱི་དབྱི་བའི་རྣམ་འགྱུར་ཞེས་པ་དེ་“དབྱངས་དང་མགོ་འདོགས་ཕན་ཚུན་དབྱི་བའི་རྣམ་འགྱུར་”གྱི་སྒོ་ནས་སྡེབ་ཅིང་སྦྱོར་བས་ན་སྡེབ་སྦྱོར་ཞེས་བཀྲལ་ན་སྔ་ཕྱི་གོང་འོག་ཚང་མ་ཆུ་ལ་ཆུ་བཞག་ལྟར་ཧ་ཅང་འབྲེལ་ཆགས་པར་འདོད།

(དྷཱི་ཚ་པར་མ་ཕྱི་མོར་བྱས་པའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།)

གཞན་ཡང་།  སྐབས་འདིའི་ཡི་གེ་མ་དག་པ་དེ་ནི་ཐོག་མར་པར་གཞི་གང་ལ་བརྟེན་སའི་དྷཱི་ཚ་པར་མ་རང་ལས་བྱུང་བ་ཡིན་ནམ།  ཡང་ན་དྷཱི་ཚ་པར་མ་ལ་བརྟེན་ནས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་གཞི་བསྒྲིགས་པ་དེ་ལས་བྱུང་བ་གང་ཡིན་ཆ་མ་འཚལ་ཡང་།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ་[8]དང་།  ལྷ་སའི་ཞོལ་པར་མ་[9]གཉི་གར་“དབྱི་བའི་རྣམ་འགྱུར་”ཞེས་གུག་གུ་ཧ་ཅང་མངོན་གསལ་དུ་མཆིས་པས་འགྲེང་བུ་ལ་ནོར་དོགས་ཡེ་ནས་མི་འདུག

(ཞོལ་པར་མ་ཕྱི་མོར་བྱས་ཏེ་བསྒྲིགས་པའི་པྲ་ཏིའི་གསུང་འབུམ། སེར་གཙུག་པར་མ།)

ཡིན་ནའང་།  ཅུང་ཡ་མཚན་པ་ཞིག་ལ།  ལོ་འགའི་གོང་དུ་ལྷ་སའི་ཞོལ་པར་མ་གཞིར་བཟུང་སྟེ་བསྒྲིགས་པར་གསལ་བའི་པྲ་ཏིའི་གསུང་འབུམ་པོད་གཅིག་བཞུགས་པ་དེའི་ཁྲོད་དུའང་གོང་ལྟར་ཡིག་ནོར་གཅིག་མཚུངས་སུ་བྲིས་འདུག་པས།[10]  གནད་འདི་ལ་ད་སྔར་དཔེ་ཆ་ཞུ་སྒྲིག་པ་དང་།  སུམ་རྟགས་འཆད་ཉན་པ་དག་གིས་དོ་སྣང་ཆེར་སྤྲོད་ཐུབ་ཀྱི་མེད་པ་ནི་ས་རིས་ཐང་གསལ་ལྟར་ཕྱོགས་གང་སར་མཇལ་དུ་སྣང་ངོ་།།

 

དོན་གནད་གཉིས་པ་ནི།   བདག་སྒྲའི་དཔེ་བརྗོད་སྐབས་ཀྱི་སེ་ར་པ་དང་།  ལྷ་ས་པ་ཞེས་པ་ཡིག་ཏུ་བཅོས་ཡོད་པ་དེ་ཚོ་རེད།  འདི་ནི་ཕྱིས་སུ་གློག་རྡུལ་དཔར་གཞི་བསྒྲིགས་པའི་སྐབས་ཀྱི་སྐྱོན་གཅིག་བུའང་མིན་པར།  བླ་བྲང་པར་མ་ནས་བུ་ཡིག་བཅད་པའི་ལྷ་སའི་ཞོལ་པར་མ་[11]རུའང་།  ལྷ་ས་པ་དང་། སེ་ར་པ་ཞེས་གསལ་བར་འཁོད་འདུག   འོན་ཀྱང་།  ཞོལ་པར་མའི་མ་ཡིག་ཡིན་པར་གསལ་བའི་བླ་བྲང་པར་མ་རུ།  སེ་ར་བ་ཞེས་པ་དེ་ཙམ་མི་གསལ་ཡང་། ལྷ་ས་བ་ཞེས་པའི་བ་ཡིག་མངོན་གསལ་དུ་མཆིས་པས།  ཞོལ་པར་དང་ཕྱིས་ཀྱི་གློག་རྡུལ་པར་གཞི་ཁག་ཏུ་པ་ཡིག་བྲིས་པ་ནི་བསམ་བཞིན་དང་མ་ཤེས་པ་ཅི་རིགས་ལས་བྱུང་བ་ཡིན་པར་ངེས།

(བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ།)

སྤྱིར་པྲ་ཏིའི་སུམ་ཅུ་བ་དང་།  རྟགས་འཇུག་རྒྱས་བསྡུས་གཉིས།  དག་ཡིག་སྨྲ་བའི་སྒྲོན་མེ་ཞེས་པ་གང་དུའང་བདག་སྒྲའི་ཕྲད་ཀྱི་ཐོབ་ཐང་མི་གསལ་ལ།  པྲ་ཏི་རང་གི་རང་ལུགས་གང་ཡིན་ཡང་གསལ་ཁ་ཡེ་ནས་མེད་མོད།  འོན་ཀྱང་།  ཁོ་བོས་བསམ་ན།  སྐབས་འདིའི་དཔེ་བརྗོད་དེ་དག་པྲ་ཏིས་“མིང་གང་གི་མཐར་པ་བ་པོ་ཅན་གྱི་སྒྲ་སྔར་མེད་པ་ལ་གསར་དུ་སྦྱར་ན་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲར་འཇུག་པར་”གསུངས་པ་ལས། བ་ཡིག་བདག་སྒྲར་འཇུག་པའི་དཔེར།  སེ་ར་བ་དང་།  ལྷ་ས་བ།  ཞེས་པ་སོགས་བཞག་པ་ཡིན་པར་འདོད་པས།  སེ་ར་པ་དང་ལྷ་ས་པ་ཞེས་བྲིས་པ་ནི་ཕྱིས་སུ་པར་རྐོ་འབྲི་མཁན་ཞིག་གིས་ཆེད་དུ་བཅོས་པའམ་པྲ་ཏིའི་དགོངས་པ་མ་ལོན་པར་སྙམ།  འོ་ན།  ཁྱོད་ཀྱིས་སེ་ར་བ་དང་། ལྷ་ས་བ་ཞེས་པ་སོགས་པྲ་ཏིས་བ་ཡིག་བདག་སྒྲར་འཇུག་པའི་དཔེ་བརྗོད་དུ་བཞག་པ་རྒྱུ་མཚན་གང་གིས་ཤེས་ཤེ་ན།  དེ་ནི་གཅིག་ནས་ཀུན་མཁྱེན་འཇིགས་མེད་དབང་བོས་(༡༧༢༨-༡༧༩༡) ཆེད་དུ་རྐོ་བཞེངས་གནང་བའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མར་སེ་ར་བ་དང་། ལྷ་ས་བ།  ཞེས་བ་ཡིག་མངོན་པར་གསལ་བ་དང།  གཉིས་ནས་སི་ཏུ་པཎ་ཆེན་(༡༦༩༩-༡༧༧༤) གྱིས་ཁོང་གི་སུམ་རྟགས་འགྲེལ་ཆེན་དུ།  བདག་སྒྲའི་སྐབས་བ་ཡིག་བདག་སྒྲར་བཞེད་མཁན་ཁག་ཅིག་ཕྱོགས་སྔར་བཟུང་སྟེ་བཀག་པ་ལས་གཅིག་ནི་པྲ་ཏིའི་སེ་ར་བ་དང་ལྷ་ས་བ་ཞེས་པའི་དཔེ་བརྗོད་འདི་ཡིན་པར་འདོད།

(བླ་བྲང་པར་མ་ལས་བུ་ཡིག་བཅད་པར་གསལ་བའི་ཞོལ་པར་མ།)

གལ་ཏེ་པྲ་ཏིས།  སེ་ར་བ་དང་ལྷ་ས་བ་ཞེས་པ་བ་ཡིག་བདག་སྒྲར་འཇུག་པའི་དཔེ་བརྗོད་དུ་བཞག་པ་མིན་ཚེ།  སི་ཏུས། “ལྷ་ས་བ་དང་། སེ་ར་བ་ལྟ་བུ་ནི་གྲོང་པའི་སྐད་ཕལ་བ་ཙམ་དུ་ཟད་པས་དཔེར་མི་འོས་ཏེ་”[12]ཞེས་དཔེ་འདི་དགག་ཡུལ་གྱི་ཕྱོགས་སྔ་དེ་ཡང་ངོས་གཟུང་དགོས་པ་ལ།  ང་ཚོས་སི་ཏུ་པཎ་ཆེན་ཡར་སྔོན་གྱི་སུམ་རྟགས་སྔ་འགྲེལ་ཁག་ལ་མཇལ་ཚེ།  གོང་བརྗོད་ལྷ་ས་བ་དང་སེ་ར་བ་ཞེས་པ་བདག་སྒྲའི་དཔེ་བརྗོད་དུ་བཞག་པ་གཞན་མི་སྣང་ཞིང་།  སྐབས་འདིའི་དགག་ཡུལ་པྲ་ཏི་ཡིན་པ་རྒྱུ་མཚན་གཞན་གྱིས་ཀྱང་གསལ་བར་བྱེད་ནུས་པས་ན།  ཁོ་བོས་སེ་ར་བ་དང་ལྷ་ས་བ་ཞེས་པ་བ་ཡིག་བདག་སྒྲར་བཞེད་པའི་པྲ་ཏིའི་དཔེ་བརྗོད་དུ་འདོད་པ་ཡིན།  དེས་ན་ཕྱིས་ཀྱི་པྲ་ཏིའི་སུམ་རྟགས་པར་མ་ཁག་ཏུ་སེ་ར་པ་དང་ལྷ་ས་པ་ཞེས་བཅོས་པ་ནི་པྲ་ཏིའི་དགོངས་པ་མ་རྟོགས་པ་དང་། སྐབས་འདིར་སི་ཏུའི་དཔེ་དེ་དགག་ཡུལ་གྱི་ཁ་ཅིག་ངོས་མ་ཟིན་པ་བཅས་ཀྱིས་བ་ཡིག་པ་ཡིག་ཏུ་བཅོས་པ་ཡིན་པར་སྙམ།

དེ་ལྟར་བ་ཡིག་པ་ཡིག་ཏུ་བཅོས་པའི་གནད་འདི་ནི་གནད་སྔ་མ་ལྟར་དོན་གྱི་གོ་བ་ལ་གནོད་ཚབས་ཅི་ཡང་མི་ཆེ་མོད།  མཛད་པ་བོའི་ཐོག་མའི་དགོངས་པ་དངོས་གང་ཡིན་པ་དེའི་ཚིག་དོན་གང་ལའང་ང་ཚོར་གར་ཐོད་ཐོད་དུ་ལག་པ་འཆང་བའི་ཐོབ་ཐང་མེད་པ་དེ་ཤེས་ན་ལེགས་ཨང་།

 

གསུམ་པ།  མཇུག་བསྡུ་བ།

གོང་དུ་བརྗོད་མ་ཐག་པའི་ཡིག་ནོར་གཉིས་ཀྱི་དག་སེལ་དུ་ཁོ་བོས་ཡིག་ཚོགས་ལ་མ་འཛེམ་པར་ཚིག་གི་སྤྲོས་པ་ཅུང་ཙམ་བགྱིས་པ་འདི་ནི།  ཉེ་བའི་ལོ་འདི་འགར་དགོན་སྡེ་དང་སློབ་གྲྭ་སོགས་རིག་གཞུང་རྒྱུན་འཛིན་གྱི་ལྟེ་བ་དུ་མར་མཁས་པ་རྒན་གཞོན་མང་བོས་པྲ་ཏིའི་སུམ་རྟགས་ཀྱི་གཞུང་འདི་འཆད་སྤེལ་བྱས་དང་བྱེད་ཀྱིན་པ་མང་དུ་མཐོང་ཞིང་།  ཁོང་ཅག་གི་འཆད་ཁྲིད་སྒྲ་འཇུག་སོ་སོར་ཡང་རིམ་གྱིས་ཉན་པའི་བརྒྱུད་རིམ་ཁྲོད་གོང་གི་གནད་དོན་གཉིས་པོ་དེར་སུས་ཀྱང་ཐེ་ཚོམ་དོགས་སློང་ཙམ་ཡང་བྱེད་ཀྱིན་ཡོད་པ་མ་མཐོང་བས།  ད་བར་དུ་མཁས་པའི་སྤྱན་ཟུར་དུ་མ་ཐོགས་པའི་གནད་ཀ་ཆུང་ཆུང་འདི་ཁོ་བོས་འདི་ལྟར་གླེང་བསླངས་པ་ལ་ཉེས་འཛོལ་འཁྲུལ་གསུམ་གྱི་ཆ་རེ་མཆིས་ཚེ་གཟུར་གནས་ཀུན་གྱི་སྤྱན་སྔར་སྙིང་ནས་འཆགས་སོ།།

 

༢༠༡༨ ལོའི་ཟླ་ ༠༥ ཚེས་ ༡༢ ཉིན་རྫོགས་པར་བྲིས།


[མཆན་དང་རྟེན་ཁུངས།]

[1] བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་བ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན་ཅེས་བྱ་བ།(ཤིང་པར།)  བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ།  ལྡེབ་མ། (༣༩ ན )

[2]  སུམ་ཅུ་བའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།   བླ་བྲང་པར་མ།  ལྡེབ་མ། (༧ ན ) ཐིག་ཕྲེང་། ༢

[3] <<པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ>>ཞེས་བྱ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༠ ལོའི་ཟླ་ ༡༠ བར་དཔར་གཞི་དང་བོ་བསྒྲིགས། ༡༩༩༢ ལོའི་ཟླ་ ༣ པར་དཔར་ཐེངས་བཞི་བ་དཔར།  ཤོག་ངོས། (P.10)

[4] དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད། <<བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བ།>>ཞེས་བྱ་བ།  ཁྲོཾ་ཐར་འཇམ་བློས་གཙོ་སྒྲིག་བྱས་པའི་ <<བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས།>>(པོད་ཉེར་གསུམ་པ།) སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཕྱི་ལོ་ ༢༠༡༤ ཟླ་ ༡༢ པ། དཔར་ཐེངས་དང་བོ། ཤོག་ངོས། (P.351)

[5] གོང་མཚུངས། ཤོག་ངོས།(P.352)

[6] <<བརྡ་སྤྲོད་པའི་གཞུང་གི་སྙིང་པོ་གསལ་བའི་རང་འགྲེལ་བརྡ་སྤྲོད་སྙིང་པོ་ཆེས་ཆེར་གསལ་བ།>> གོང་མཚུངས། ཤོག་ངོས།(P.357)

[7] སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད། <<རིག་གནས་ཀུན་ཤེས་ནས་བདག་མེད་གྲུབ་པའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཉུང་གསལ་ཀུན་དགའ།>>ཞེས་བྱ་བ། <<སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ།>>(པོད་དང་བོ།)  [ལྷ་ས།]དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས། [པེ་ཅིང་།]ཀྲུང་གོའི་བོད་རིག་དཔེ་སྐྲུན་ཁང་གིས་དཔར།  ཕྱི་ལོ་ ༢༠༠༧ ཟླ་ ༣ པ། དཔར་ཐེངས་དང་བོ། ཤོག་ངོས།(P.66)

[8] བླ་བྲང་བཀྲ་ཤིས་འཁྱིལ་གྱི་པར་མ།  ལྡེབ་མ། (༧ན ༢) ན་གསལ།

[9] ལྷ་སའི་ཞོལ་པར་མ།  ལྡེབ་མ། (༦ བ ༢ ) ན་གསལ།

[10] <<པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་གསུང་འབུམ།>>  [ལྷ་ས།]སེར་གཙུག་ནང་བསྟན་བོད་ཡིག་དཔེ་རྙིང་འཚོལ་སྡུད་ཕྱོགས་སྒྲིག་ཁང་གིས་དཔར། ཤོག་ངོས། (P.366) ན་གསལ།

[11] ཞོལ་པར་མ་དེ་ནི་བླ་བྲང་པར་མ་ལས་བུ་ཡིག་བཅད་པ་ཡིན་པར་ཤིན་ཏུ་གསལ་ཏེ།  བླ་བྲང་པར་མའི་མཇུག་གི་དཔར་བྱང་སྨོན་ཚིག་དེ་ཇི་བཞིན་ཞོལ་པར་མའི་མཇུག་ཏུ་གསལ་ལ། པར་བྱང་སྨོན་ཚིག་གི་མཇུག་བྱང་དུ་གསུང་བ་བོ་ཀུན་མཁྱེན་འཇིགས་མེད་དབང་བོ་ཡིན་པའི་ཚུལ་སོགས་འཁོད་པ་དེ་བསམ་བཞིན་པར་དུ་མ་བརྐོས་པ་ཡིན་ནམ་ཞོལ་པར་དུ་མི་སྣང་ངོ་།།

[12] སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བརྩམས། <<ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན།>> [ཟི་ལིང་།]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  ༢༠༠༡ ལོའི་ཟླ་ ༡༡ པར་དཔར་གཞི་གཉིས་པ་བསྒྲིགས་ཤིང་དཔར་ཐེངས་དང་བོ་དཔར། ཤོག་ངོས།(P.113)