ལྷ་བྱམས་རྒྱལ་གྱི་སྒྲུང་དེབ་གསར་པ«གཉིད་དུ་ཡུར་བའི་ཆུ»ཞེས་པ་ཞིབ་མོ་དར་ཚགས་ཀྱིས་ཐེངས་གཅིག་བཀླགས་པ་ཡིན།  དེ་ཡང་སྡུག་བཙིར་ཨ་འཐས་ཀྱི་མུག་འདོན་དང་ནད་པའི་རིམ་གྲོ་བསྲིབ་པ་ལྟ་བུར་བཀླགས་པ་མ་ཡིན་པར།  དགའ་སྐྱོ་ཆགས་སྡང་གི་རུས་ཐོན་དུ་བཅུག་ནས་གཏིང་ཞབས་ཅི་ཞིག་ཏུ་འཛུལ་བའམ་ཀློང་ཡངས་གང་ཞིག་ཏུ་ཞུགས་ནས་ཀློག་དགོས་པ་ཞིག་རེད།  མཚམས་མཚམས་སུ་སེམས་ཁམས་ཟང་ངེ་ཟིང་ངེ་ཞིག་ཏུ་བསྒྱུར་ནས་ཀློག་དགོས་འབྱུང་བ་དང་།  སྐབས་སྐབས་སུ་སེམས་ཁམས་འབོལ་ལེ་ཤིག་གེ་བ་ཞིག་ཏུ་བསྒྱུར་ནས་ཀློག་དགོས་འབྱུང་བ་ཞིག་རེད།    ཚིག་སྣ་བསྡུས་ཏེ་བཤད་ན།  ངའི་རྣམ་ཤེས་ཀྱི་དྲེལ་ཆུང་ནི་ཁྱུ་ལ་ཁྱུ་མཐུད་དེ་ཁོང་གི་སྒྲུང་རྩོམ་གྱི་ལ་འོག་ཏུ་གཤར་ནས་འགྲོ་དགོས་བྱུང་བ་དེ་རེད།ངས་དེབ་གསར་དེའི་ཁ་ཕྱེས་ནས་དཀར་ཆག་ལ་མིག་བཤེར་ཙམ་བྱས་རྗེས། ཐོག་མར་ཀློག་འདོད་པ་དེ་ནི།  «ཕོ་ལོ་བཞི་བཅུའི་སྐྱེས་པའི་ཕོ་ལོ་ཉི་ཤུའི་དུས་ཀྱི་བརྩེ་དུང»ཞེས་པ་དེ་རེད།  སྒྲུང་དེའི་ཁ་བྱང་གིས་ཀྱང་འདྲེན་ཤུགས་དྲག་པོ་ཞིག་གིས་ཁེངས་འདུག  དེ་ནི་སུ་ཞིག་གིས་ཁུ་ཡེ་དང་ཧུ་ཡེ་ཞེས་གཡང་མདའ་ཞིག་གཡོབ་ཀྱིན་ང་རང་ཡང་ཡང་འབོད་ཀྱིན་ཡོད་པ་དང་འདྲ་བྱུང་།  ང་དེ་ལྟར་སྒྲུང་དེའི་ཁ་བྱང་གིས་བྲིད་ནས་སྒྲུང་དེ་ཐོག་མར་བཀླགས་པ་ཡིན།  སྒྲུང་དེའི་ནང་དུ་མི་ལོ་ཉི་ཤུའི་སྔོན་གྱི་བརྩེ་དུང་གི་རྨ་ཁ་ཞིག་ལ་མི་ལོའི་ཉི་ཤུའི་རྗེས་སུ་སེན་འདྲད་བྱས་ནས་ཟུག་གཟེར་བརྩེངས་པའི་གཏམ་རྒྱུད་ཆུང་ངུ་ཞིག་བྲིས་འདུག  གཏམ་རྒྱུད་ཆུང་ངུ་དེ་ལ་ཡལ་གའང་མང་པོ་ཞིག་རྒྱས་འདུག་སྟེ།  གཏམ་རྒྱུད་དེ་གནམ་ཐང་གི་ཆུ་ཚོད་གསུམ་ཙམ་གྱི་ཡུན་དུ་བྱུང་བའི་གཏམ་རྒྱུད་ཐུང་ངུ་ཞིག་བྲིས་ཡོད་ནའང་།  དོན་དུ་གཏམ་རྒྱུད་ཐུང་དེས་མི་གཉིས་ཀྱི་མི་ལོ་ཉི་ཤུའི་ཡུན་གྱི་ཁེར་རྐྱང་དང་སྡུག་བསྔལ་སོགས་ཀྱང་རབ་རིབ་དང་མངོན་ཆུང་གི་ཚུལ་གྱིས་མཚོན་པར་བྱས་འདུགདེའི་འཕྲོ་རུ།  «གཉིད་དུ་ཡུར་བའི་ཆུ»བཀླགས་མགོ་བརྩམས་ཤིང་།  དེ་ནི་ཁོའི་སྒྲུང་རྩོམ«ལམ་གྱི་ཉི་འོད»དང་ལྟོ་སྦྱར་ནས་ཀློག་དགོས་པ་ཞིག་རེད།  སྒྲུང་དེར་ལྷ་ཀླུ་ཟམ་ཁ་དང་ཁད་ཉེ་བའི་བཞི་མདོ་དེ་རུ་གདོང་གཏུག་གི་དོན་རྐྱེན་ཞིག་གིས་རྐྱེན་བྱས་ཏེ་བྲིས་འདུག  ང་རང་བྲག་རི་ཁུག་ཏུ་བསྡད་ཡོད་ཅིང་།  ཆུ་མིག་ལམ་བརྒྱུད་དེ་ཐད་ཀར་ཕྱིན་ན་ལྷ་ཀླུ་ཟམ་ཁར་འབྱོར་ཐུབ།  ངས་ཟམ་ཁ་དེ་བརྒྱུད་ཐེངས་རེ་རེར«ལམ་གྱི་ཉི་འོད»ཅེས་པའི་སྒྲུང་རྩོམ་དེ་དྲན་ཡོང་ཞིང་།  ངས་རང་གི་གྲོགས་པོར་ཀུ་རེའི་ཚུལ་དུ་ལྷ་བྱམས་རྒྱལ་གྱིས་ཟམ་ཁ་འདི་ནས་བུ་མོ་ཞིག་གི་ཞྭ་མོ་ཞིག་ཆུ་ལ་བསྐུར་བ་རེད་ཅེས་བཤད་པ་ཡིན།ད་ལྟ་ཡང་།  ལྷ་བྱམས་རྒྱལ་གྱིས་ལྷ་ཀླུ་ཟམ་ཁའི་བཞི་མདོ་དེ་ནས་འདི་ལྟར་ཕུན་རྣམ་དང་ལྷ་མཛེས་གཉིས་གདོང་ཐུག་ཏུ་བཅུག་འདུག  གདོང་གཏུག་གི་དོན་རྐྱེན་དེར་མཐུད་ནས་དོན་རྐྱེན་མང་པོ་ཞིག་ཀྱང་བྱ་རྒོད་གཟན་ལ་ཚོགས་པ་བཞིན་དུ་ཉི་ལི་ལིའི་ཚུལ་གྱིས་བྲིས་འདུག«རྨ་འགྲམ་གྱི་ལྗོན་པ་ཁེར་སྐྱེས»ལྟ་བུར་དཔེ་བཞག་ན།  སློབ་མ་ཞིག་གི་གཏམ་རྒྱུད་ཕལ་བ་ཞིག་བརྗོད་གཞིར་བཟུང་ནས།  བསྐུམས་ཤིང་འདུས་ནས་ཡོད་པ་ཞིག་བརྐྱངས་ཤིང་ཐར་ཆོད་པ་དང་།  ཕྲ་ཞིང་སྙི་བ་ཞིག་སྦོམ་ཞིང་མཁྲེགས་པོར་གྱུར་པ།  འཇིགས་ཤིང་འཁུམས་པ་ཞིག་དཔའ་ཞིང་བརྗིད་པོར་གྱུར་པའི་བརྒྱུད་རིམ་ཞིག་བྲིས་འདུག  བརྒྱུད་རིམ་དེ་ལས་ཀློག་མཁན་ལ་བར་སྟོང་ཆེན་པོ་ཞིག་བསྐྱུར་ཡོད་པ་ནི།  གསལ་སྒྲོན་དང་ལྷ་ཕྲུག་གཉིས་ཀྱི་བརྩེ་དུང་ལ་མེ་ཁ་ཞིག་གསོས་རྗེས་མཇུག་བསྡུས་ཡོད་པ་དེ་རེད།  ད་ནི་ང་ཚོས་མ་འོངས་པར་ཁོ་གཉིས་ཀྱི་བར་དུ་དོན་རྐྱེན་ཅི་ཞིག་འབྱུང་བར་སྒུག་དགོས་པ་ཡིན་ནམ།«མི་ཞིག་འཚོལ་བ»ཞེས་པའི་སྒྲུང་དེ་སྒྲུང་དམིགས་བསལ་བ་ཞིག་རེད།  སྒྲུང་དེའི་ནང་དུ་ང་ཞེས་པའི་མི་སྣ་དེས་ནམ་ཡང་མི་རྙེད་པའི་མི་ཞིག་བཙལ་ནས་འགྲོ་བཞིན་ཡོད་ཅིང་།  ཁོ་མི་ཅིའི་ཕྱིར་འཚོལ་དགོས་པའི་རྒྱུ་མཚན་ཤོད་དུ་མེད་པར་སྟོང་ཧང་ཧང་གི་འདུན་མ་ཞིག་གིས་མི་དེ་བཙལ་བའི་དུས་ཚོད་རིང་པོ་ཞིག་གི་ཁྲོད་ཀྱི་ཞག་མ་གཅིག་བྲིས་འདུག  ཁོའི་སྒྲུང་གཞན་དག་དང་མཚུངས་པར་ཞག་མ་གཅིག་པོ་དེ་བརྒྱུད་ནས་མི་ལོ་དུ་མའི་དུས་ཚོད་དང་དོན་དག་ཀྱང་བྲིས་འདུག«ནུབ་ཀྱི་སྐར་མ»དང«དབུས་ལམ་རིང་མོ»གཉིས་སྔར་བཀླགས་ཟིན་པས་བསྐྱར་ཀློག་གི་ངལ་བ་མ་བྱས།རྩོམ་རིག་ཅེ་ན་ཧུབ་འཁྱག་ཅ་ནེ་གང་གི་དོད་ཀྱང་མི་ཡོང་མཁན་ཞིག་གི་ངོར། ཡི་གེ་ནག་ཉི་ལི་བེ་དེ་ཚོ་ཅི་ཡང་ཡིན་མི་སྲིད། ནག་ཐིག་མང་པོ་ཞིག་ཤོག་ཐོག་ཏུ་ཕབ་པ་ཙམ་ཅིས་ཀྱང་ཡིན་ངེས།འོན་ཀྱང་། རྩོམ་རིག་གི་བདུད་རྩིས་ཏུར་ཏུར་པོར་གྱུར་ཡོད་མཁན་ཞིག་གི་ངོར་ནི། ཡི་གེ་དེ་དག་ཀྲབ་བེ་ཀྲོབ་བེ་ཞིག་འགུལ་གྱི་ཡོད་པ་ཚོར་ངེས། ཞ་གི་ཞིག་གེ་ཞིག་སྡོམ་གྱིན་ཡོད་པ་ཤེས་ངེས། ཏག་གེ་ཏིག་གེ་ཞིག་མཐུད་ཀྱིན་ཡོད་པའང་མཐོང་ངེས། ཁྱོད་རང་ལྷ་བྱམས་རྒྱལ་གྱི་སྒྲུབ་དེབ་ཀྱི་ན་བུན་འདི་བརྒྱུད་ནས་སོངས་དང་། ཁྱོད་གློ་བུར་དུ་མི་ལོ་དུ་མའི་ཡར་སྔོན་གྱི་ཁྱོད་ཚང་གི་ལྷས་འདབས་སུ་ཐོན་དུ་འཇུག་ཐུབ་པ་འདྲ། ལྕི་བ་སེར་སྐམ་མེ་བ་དེ། དུ་བ་སྔོ་ལིང་ངེ་བ་དེ། ཁྱི་རྒན་རྒྱ་བོ་དེ། རྒྱུས་ཡོད་རྒྱུས་ཡོད་ཀྱི་མང་པོ་ཞིག་ཁྱོད་ཀྱི་ཉམས་སྣང་ལ་འཁོར་དུ་འཇུག་ནུས་ན་ཁྲིགས་ཁྲིགས་མེད་ཨང་། ཁྱོད་རང་ཡིག་ཚོགས་ཀྱི་ལམ་ཆུང་འདེད་ཞོར་སོངས་དང་། ཁྱོད་རང་སྐད་ཅིག་ལ་མི་ལོ་དུ་མའི་སྔ་རོལ་གྱི་ཁྱོད་ཚང་གི་ཁང་ལེབ་དེ་དང་དེའི་སྒོ་ཁར་སླེབ་ཏུ་འཇུག་ཐུབ་པ་འདྲ། རྙིང་དྲགས་པའི་སྒོ་ཤིང་སྐྱ་བོ་དེ་དག ལྗང་ཏིག་ཏིག་ས་ཞིང་གྲུ་བཞི་དེ་དག གྱང་རྙིང་དང་སྡོང་རྙིང་དེ་དག དེ་དག་དེ་ལྟར་དབེན་སིམ་གྱི་ཁྲོད་ནས་ཁྱོད་ཀྱིས་མཐོང་ཐུབ་ནའང་ཁྲིགས་ཁྲིགས་མི་འདུག་སྙམ།