《འབྲས་བཙོངས་པ》ཞེས་པའི་རྩོམ་འདི་ལ་པེ་ཅིན་སློབ་ཆེན་གྱི་སློབ་རའི་རྩོམ་རིག་འགྲན་བསྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

ང་ཡང་ཞིང་བའི་ཁྱིམ་ཚང་གི་བྱིས་པ་ཞིག་ཡིན་པས་ཞིང་བས་ས་ཞིང་འདེབས་པ་ནི་ལས་སླ་མོ་ཞིག་མིན་པ་ཤེས། རང་ཉིད་ཀྱི་རེ་བ་ཡིན་ན་བྱིས་པ་རྣམས་ཀྱིས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་ཡིད་ཚིམས་ནས་འབྲུ་རིགས་ལ་གྲོན་ཆུང་བསྲི་ཚགས་ཀྱི་གོམས་གཤིས་ཆགས་པར་བྱེད་པ་དེ་ཡིན།

བཀླགས་ཚར་རྗེས་སེམས་སྐྱོ་ཞིང་སྙིང་ཁར་ཅི་ཡིན་མི་ཤེས་པ་ཞིག་བརྫངས་འདུག་པས། རང་དབང་མེད་པར་ལོ་ངོ་སུམ་ཅུའི་སྔོན་གྱི་སྐྱ་ཟད་སྔོ་སྡུག་གི་ཁྱིམ་དེ་དྲན་པའི་མེ་ལོང་དུ་ཤར།

སྔོན་གྱི་སྐྱོ་སྡུག་དག་དྲན་ན་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་ལ་བཀའ་དྲིན་ཞུ་བ་དང་གཅེས་སྤྲས་བྱེད་ན་འདོད།

རྩོམ་འདིར་ཚིག་རྒྱན་གྱིས་མ་སྤྲས་ལ་བརྗོད་བྱ་བརྩེ་དུང་གིས་ཕྱུག འོན་ཀྱང་ཡིད་སྨྲེང་བ་ནི་རྩོམ་པ་པོ་འདས་པ་སྔ་བས་ཁོ་རང་དག་པའི་ཞིང་ནས་བདེ་བ་འཐོབ་པར་སྨོན།

ནམ་ལངས་པ་ན་ཨ་མས་ང་བོས་ཏེ“ཁྱུང་པོ། དེ་རིང་གི་བཙོང་ས་འདི་ཡིན་པས་ང་ཚོས་འབྲས་ཅུང་ཙམ་ཁུར་ཏེ་བཙོངས་ཤིང་ཨ་ཕར་སྨན་ཉོས་ཆོག”ཅེས་བཤད།

ངས་མིག་ཟུང་བཙུམ་མ་ཕྱེས་ཀྱིས་སྒེའུ་ཁུང་གི་ཕྱི་རོལ་ལ་བལྟས་ཙ་ན་ཉི་མ་ཤར་མེད་ལ་ང་གཉིད་དུབ་པས་མལ་ཁྲི་ནས་ཅུང་ཙམ་ཞིག་ལ་གཉིད་ལོག་པ་ཡིན།

འགྲམ་ལོགས་ནས་ཨ་ཕས་གློ་ལུ་རྒྱག་པ་ཐོས་པ་དང་ཨ་མ་ཐབ་ཚང་དུ་བྲེལ་བཞིན་འདུག ཟ་མའི་དྲི་ངད་ཀྱི་ནང་དུ་སྣུམ་དུད་ཀྱི་དྲི་མ་ཅུང་ཟད་འདྲེས་ཏེ་འཐུལ་ཡོང་བས་ང་རང་དལ་གྱིས་གཉིད་ལས་བསླངས་པ་དང་། མལ་ལས་ལངས་ཤིང་གོན་པ་གྱོན་ནས་ཉལ་ཐུལ་བལྟབས།

“ ཨ་ཅེ། ང་ཡང་ཁྱོད་ཚོ་དང་མཉམ་དུ་ཚོང་རར་སོང་ན་ཆོག་གམ། ཁྱོད་ཀྱིས་ང་ལ་འཁྱགས་བག་ཉོས་ཡ།”ནུ་བོའི་མགོའི་སྐྲ་གཟེངས་ནས་ངའི་ཁང་བའི་ནང་དུ་བརྒྱུགས་ཡོང་།

“དབྱི་པོ། ཁྱོད་འགྲོ་མི་ཉན། ཁྱོད་ཀྱིས་ཁྱིམ་ནས་ཆུ་གཏོང་དགོས།” ལོགས་སུ་ཨ་ཕའི་སྐད་གྲག་བཞིན་འདུག་པ་དང་དེའི་ནང་དུ་ལུ་སྐད་ཀྱང་ཏོག་ཙམ་འདྲེས།

ནུ་བོ་མི་འཐད་པའི་ངང་ལོགས་ཀྱི་ཨ་ཕའི་སར་བརྒྱུགས་ནས“ཨ་ཕ། གནམ་གཤིས་འདི་འདྲ་ཚ་བས་ཁ་སང་ཁྱོད་ལ་ཚ་དུག་ཕོག་སོང་བས། དེ་རིང་ང་སོང་ཟེར་ནས་ང་ལ་ཡང་ཚ་དུག་ཕོག་པར་མི་སྐྲག་གམ།” ཞེས་བཤད།

“མི་ཚ་བར་སྐྲག་ན་ལོ་ཏོག་མི་སྐྲག་གམ། ཚང་མ་ཆུ་གཏོང་དུ་མི་འགྲོ་ན་ས་ཞིང་སྐམ་ནས་མྱུ་གུ་ཚང་མ་ཤི་སོང་ན། ཁྱིམ་ཚང་གང་བོས་ཅི་ཞིག་བཟའ་རྒྱུ་ཡིན།” ཨ་ཕ་ཁོང་ཁྲོ་ལངས་ཏེ་གློ་ལུ་རྒྱག་པ་ཡང་ཇེ་ཐུ་རུ་སོང་།

ནུ་བོས་ང་ལ་ལྕེ་བསྣར་ཞིང་དགོད་སློང་བའི་རྣམ་འགྱུར་ཞིག་བསྟན་ནས་ཨ་ཕའི་ཁང་བའི་ནང་དུ་འཛུལ་སོང་།

ཨ་ཕས་ནན་གྱིས་ཁོ་ལ་ཆུ་ཅི་ལྟར་གཏོང་བ་དང་རྫིང་བུ་གང་དུ་སོང་ནས་ཆུ་འདྲེན་དགོས་པ། དེ་མིན་ཞིང་ས་གང་ལ་སྔོན་དུ་གཏོང་དགོས་པ་སོགས་བཤད་བཞིན་པ་ཐོས་པ་དང་། ས་ཆ་གང་དག་ལ་ལྟ་སྲུང་ནན་མོ་བྱེད་དགོས་པ། གཞན་ཡོང་ནས་ཆུ་གཅོད་པ་ལ་ཡིད་འཇོག་བྱེད་དགོས་པ་སོགས་བཤད་པ་ཐོས།

ཟ་མ་ཟོས་རྗེས་ནུ་བོས་ཨ་ཕས་རྒྱུན་དུ་སྤྱོད་པའི་འཇོར་བཙལ་ནས་སྒོར་སོང་བ་དང་། ང་དང་ཨ་མས་སླེ་བོའི་ནང་འབྲས་བསྡུས་ཚར་ཏེ་རྒྱ་མར་འཇལ་རྗེས་ཕྲག་རྒྱུད་གཅིག་ན་རྒྱ་མ་བརྒྱད་ཅུ་དང་ཕྲག་རྒྱུད་གཞན་པར་རྒྱ་མ་དྲུག་ཅུ་ལྷག་འདུག

ངས་བཤད་རྒྱུར། “ཨ་མ། ངས་ཕྲག་རྒྱུད་ལྕི་མོ་དེ་འཁུར་ཡ།”

“ཁྱོད་སློབ་གྲྭ་བ་ཞིག་གིས་སྡུག་མྱོང་མི་ནུས་པས་ངས་འཁུར”ཞེས་བཤད།

ཨ་མས་བཤད་ཞོར་དུ་རྐེད་པ་སྒུར་ནས་ཕྲག་རྒྱུད་ལྕི་མོ་ཁུར་བ་དང་ངས་ཕྲག་རྒྱུད་ཡང་མོ་དེ་ཁུར་ནས་ཨ་མར་འགྲོགས་ཏེ་ཕྱི་ལ་སོང་།

“ལམ་ནས་སེམས་ཆུང་བྱོས། འུ་ཚང་གི་འབྲས་རྒྱུད་བཟང་བས་གོང་སླ་མོར་མ་བཙོངས།”ཨ་ཕས་ལྭ་བ་གཡོགས་ནས་སྒོ་འགྲམ་ནས་ནན་གྱིས་སྐུལ།

“ཤེས་སོང་། ཁྱོད་ཕྱིར་སོང་ནས་ཉལ་ཁྲི་ནས་ངལ་གསོས་ལ་སྡོད།” ཨ་མས་ཕྲག་རྒྱུག་ལོགས་ནས་མགོ་བོ་དཀའ་ཚེགས་ངང་གཅུས་ཏེ“ཟས་བ་མའི་ནང་ན་ཡོད། ཉིན་གུང་ཁྱོད་ཀྱིས་དབྱི་པོ་བོས་ཏེ་ཚ་བོར་བཏང་རྗེས་ཟོ།”

ཚོང་ར་དང་ཁྱིམ་གྱི་བར་ལ་ཕལ་ཆེར་ལེ་དབར་བཞི་ཙམ་འདུག་ལ། ང་དང་ཨ་མས་འབྲས་ཁུར་ཏེ་ས་ཞིང་དོག་མོའི་ལམ་ཕྲན་དེ་བརྒྱུད་ནས་དུས་ཚོད་གཉིས་ཙམ་སོང་བ་ཡིན། ཚོང་རའི་ནང་མི་མང་བོ་ཡོད་ལ་ང་ཚོས་མྱུར་དུ་ས་སྟོང་ཞིག་བཙལ་ནས་ཕྲག་རྒྱུག་བཞག ངེད་གཉིས་ཕྲག་རྒྱུག་སྟེང་བསྡད་དེ་རྩྭ་ཞྭས་རླུང་གཡབ་བྱས།

ཞོགས་པར་ཡང་ཚ་བ་འདི་ལྟར་ཆེ་ལ་ཉིན་གུང་ལྷག་པར་མི་ཉན་པས་ང་ནུ་བོར་སེམས་འཁུར་སྐྱེས།

ཁོ་ཆུ་གཏོང་དུ་སོང་བ་ན་ཉིན་གང་བོར་ཉི་མའི་ནང་དུ་ལྡེ་དགོས།

ངས་ཕྱོགས་བཞིར་བལྟས་ཙ་ན་ཚོང་རར་འབྲས་འཚོང་མཁན་མང་པོ་འདུག་ལ། ཁོ་ཚོ་ཡང་སྒོར་མོ་སྤྱོད་པར་བྲེལ་བཞིན་པ་ཡིན་ནམ།

ཚོང་རའི་མི་ཕལ་ཆེ་བ་ངོ་ཤེས་ལ་ཚང་མ་ཐག་ཉེ་སའི་རུ་སྐོར་ཁྱིམ་མཚེས་ཡིན་ལ་ཞིང་བ་ཡིན་པས། འབྲས་སུས་ཉོ་བསམ།

ངས་ཨ་མར་དྲིས་པ་ན་ཨ་མས“བར་ཚོང་རྒྱག་མཁན་ཆེད་དུ་འབྲས་བསྡུ་རུ་ཡོང་ལ་ཁོ་ཚོས་རླངས་འཁོར་བསྐོར་ཏེ་ཞིང་གྲོང་གི་ཚོང་རར་ཡོང་ནས་འབྲས་བསྡུས་ཚར་རྗེས། གྲོང་ཁྱེར་དུ་སོང་ནས་བཙོངས་ན་ཁེ་སྤོགས་མང་པོ་ལོན་བཞིན་ཡོད།”

ངས“ཅིའི་ཕྱིར་ཁོ་ཚོས་སྒོར་མོ་ལོན་ཆོག ང་ཚོས་ཀྱང་འབྲས་གྲོང་ཁྱེར་དུ་ཁྱེར་ནས་བཙོངས་ན་ཡང་ཆོག” རང་ཉིད་ཀྱིས་ཀྱང་འདི་ནི་ཁོང་ཁྲོའི་སྐད་ཆ་ཡིན་པ་ཤེས།

ཨ་མས“ང་ཚོར་འབྲས་ཉུང་ལ་རླངས་འཁོར་ཡང་མེད་པས། ངོ་མ་གྲོང་ཁྱེར་དུ་སོང་ནས་བཙོངས་ཏེ་ལོན་པའི་སྒོར་མོས་ལམ་གླ་ཡང་འདང་རྒྱུ་མ་རེད། སྔོན་ཆད་ཁྱོད་ཀྱི་ཨ་ཕ་ལུས་ཕུང་བཟང་བའི་སྐབས་སུ། ཁོ་རང་གིས་འབྲས་རྒྱ་མ་བརྒྱ་ཙམ་ཁུར་ནས་གྲོང་ཁྱེར་དུ་བཙོངས་པ་དང་། ཉིན་འགའ་འགོར་ནས་ཐེངས་གཅིག་རེར་སོང་ན་ཅུང་ཕན་པ་ཡོད།”

ཉན་མ་ཐག་ངའི་སེམས་སུ་རང་དབང་མེད་པར་ཨ་ཕར་སྙིང་རྗེ་སྐྱེས་བྱུང་།

ཁྱིམ་ནས་གྲོང་ཁྱེར་དུ་ཕལ་ཆེར་ལེ་དབར་སུམ་ཅུ་ལྷག་ཡོད་ལ་ཁོས་ཕྲག་རྒྱུག་དེ་འདྲ་ལྕི་མོ་ཞིག་ཁུར་ནས་སོང་ན་ཅི་འདྲའི་དཀའ་ངལ་ཆེ། སྒོར་རྡོག་འགའི་ཆེད་དུ་དེ་འདྲ་བྱས་ན་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་བ་དང་གཉིས་སུ་མེད་བསམ།

འོན་ཀྱང་ཐབས་གཞན་གང་ཞིག་ཡོད། ཁྱིམ་ཚང་འདིས་ཞིང་འདེབས་པ་ལས་གཞན་པའི་ཡོང་འབབ་མེད་ལ་འབྲས་མ་བཙོངས་ན་ང་དང་ནུ་བོ་གཉིས་སློབ་གྲྭ་ཇི་ལྟར་བསྐྱལ་རྒྱུ་ཡིན།

ངས་འདི་དག་ལ་བསམ་བློ་བཏང་ན་སེམས་པ་སྐྱོ་གདུང་གིས་ཁེངས་འགྲོ།

ངའི་ལོགས་ཀྱི་ཨ་མར་ལྟོས་དང་། སྐྲ་ཉག་མ་དཀར་པོ་འགའ་ཡོད་ལ་ངོ་གདོང་ནག་པོའི་སྟེང་ལ་གཉེར་རིས་མང་པོ་བབས་ཡོད་ཅིང་། མགོ་རུ་ཚོམ་བུར་ཚོམ་བུར་ལུས་པའི་རྔུལ་ཆུའི་ཐིགས་པ་ཡོད་པ་དང་མིག་ཟུང་ཅུང་དམར་པོར་མངོན།

“ཨ་མ། ཁྱོད་ཀྱིས་ཇ་འཐུང་།”

ངས་ཚ་དེམ་ཨ་མ་ཡོད་སར་བཞག་སྟེ་རྩྭ་ཞྭས་མོ་ལ་བསིལ་བཀུགས་པ་ཡིན།

འབྲས་བར་ཚོང་བྱེད་མཁན་དག་གིས་རླངས་འཁོར་བསྐོར་ནས་ཐོན་བྱུང་ལ། འབྲས་འཚོང་མཁན་དག་ལ་བལྟས་ནས་འབྲས་ལ་རིག་རིག་ཏུ་ལྟ་ཞིང་ད་དུང་ལག་པས་བླངས་ཏེ་ཞིབ་ཏུ་ལྟ།

“སྒོར་གཅིག་དང་སྐར་ལྔ།”

འབྲས་བར་ཚོང་བས་རིན་བཤད།

འབྲས་འཚོང་མཁན་གྱིས་གོང་དམའ་འདུག་བསམ་ནས་རིན་གཏམ་རྒྱུ་བྱས།

“གོང་གཏམ་རྒྱུ་མེད། བཙོངས་མི་བཙོངས་ཁྱོད་ཀྱིས་ལྟོས། ”

འབྲས་བར་ཚོང་བྱེད་མཁན་གྱི་རྣམ་འགྱུར་ཤིན་ཏུ་མི་བཟང་ཞིང་ཚོང་ར་འདིའི་ནང་འབྲས་འཚོང་མཁན་ཡིན་ལ། ཉོ་མཁན་ནི་ཁོ་ཚོ་གཅིག་པུ་ལས་མེད་པས་སྐབས་འདིར་གོང་མ་ཕབ་ན་ནམ་ཞིག་ལ་གོང་ཕབ་རྒྱུ་ཡིན།

ཨ་མས་ཕ་གིའི་གནས་ཚུལ་ལ་བལྟས་ནས་སྒོར་གཅིག་དང་སྐར་ལྔ་དམའ་འདུག ཐེངས་སྔོན་མར་སྒོར་གཅིག་དང་ཟུར་གཅིག་རེད།

དེ་ལྟར་བཤད་བཞིན་པའི་སྐབས་སུ་ང་ཚོའི་ཕྱོགས་ལ་མི་ཞིག་ཡོང་བཞིན་འདུག

ཁོས་ལག་པ་འབྲས་ནང་བཅུག་ཅིང་འབྲས་སྤར་གང་བཟུང་སྟེ་ཉི་འོད་ཁྲོད་ཞིབ་བུར་ལྟ་བཞིན་འདུག

“འབྲས་འདི་བཟང་གི དཀར་ལ་སྙོམས་ཤིང་བསལ་ནས་གཙང་མར་བྱས་ཏེ་བྱེ་མ་ཉུང་ངུ་ཙམ་ཡང་མི་འདུག”ཨ་མ་དགོད་ཞོར་སྐད་ཆ་རུ་ང་རྒྱལ་ཅུང་ཙམ་འདུག དངོས་གནས་ངེད་ཚང་གི་འབྲས་ཚོང་རའི་ནང་གི་འབྲས་གཞན་པ་གང་ལས་ཀྱང་བཟང་བ་རེད།

མི་དེས་མགོ་བོ་ལྕོག་ལྕོག་བྱས་ནས“འབྲས་བཟང་ཡང་ཉིན་འདི་ཚོར་གྲོང་ཁྱེར་ནང་རིན་གོང་ལྷུང་ཡོད་པས། འདི་ལས་བཟང་བའི་འབྲས་ཡིན་ཡང་རིན་གོང་བཟང་བོ་ཞིག་མི་ལོན། སྒོར་གཅིག་དང་སྐར་ལྔ་བཙོང་རྒྱུ་ཨེ་ཡིན།”ཞེས་བཤད།

ཨ་མས་མགོ་བོ་གཡུགས་ཙམ་བྱས་ནས“གོང་འདི་ཡང་ཅུང་དམའ་སོང་། ཐེངས་སྔོན་མར་སྒོར་གཅིག་དང་ཟུར་གཅིག་བྱས་ནས་ཉོས་པ་རེད། ཡང་གཅིག་བཤད་ན་ཁྱོད་ཀྱིས་འབྲས་ལྟ་ཤེས་པ་དང་ཚོང་ཟོག་རེ་ལ་གོང་རེ་རེད། ངའི་འབྲས་འདི་ཁྱིམ་ཚང་གཞན་པ་ལས་བཟང་ཁོ་ཐག་ཡིན།”

མི་དེས་འབྲས་ལ་བལྟས་རྗེས་ཐེ་ཚོམ་ངང་བཤད་རྒྱུར“སྤྱིར་ཡིན་ན་གོང་ཐག་བཅད་ཡོད་མོད་ཁྱེད་ཚང་གི་འབྲས་བཟང་བས་གོང་ཅུང་ཙམ་བསྟད་ཆོག སྒོར་གཅིག་དང་སྐར་བརྒྱད་བྱིན་ན་ཅི་འདྲ་རེད། ”

ཨ་མས་ད་དུང་མགོ་བོ་གཡུགས་བཞིན“མི་ཆོག ངེད་ཚང་གི་འབྲས་འདི་མ་མཐའ་ཡང་སྒོར་གཅིག་དང་ཟུར་གཅིག་ལ་བཙོངས་ཐུབ་པས་ཁྱོད་ཀྱིས་གོང་ཅུང་ཙམ་ཇེ་མཐོར་གཏོང་རོགས།”

མི་དེས་ཁྲེལ་དགོད་ཅིག་བྱས་ནས་བཤད་རྒྱུར“དེ་རིང་སྒོར་གཅིག་དང་ཟུར་གཅིག་ལ་བཙོང་མི་ཐུབ་པས། ངས་སྒོར་གཅིག་དང་སྐར་བརྒྱད་ཕུད་ཀྱང་ཁྱོད་ཀྱིས་མི་བཙོང་ན། ཚོང་ར་གྲོལ་རྗེས་སྒོར་གཅིག་དང་སྐར་ལྔ་བྱས་ནས་བཙོངས་ན་ཡང་ཉོ་ནི་མེད།”

“བཙོང་མི་ཐུབ་པས་ང་ཚོས་ཕྲག་རྒྱུག་ཁུར་ནས་ཕྱིར་འགྲོ” མི་དེའི་རྣམ་འགྱུར་གྱིས་ཨ་མ་ཁོང་ཁྲོ་ལངས་སུ་བཅུག

“དེས་ན་ཁྱོད་ཀྱིས་ཕྲག་རྒྱུག་ཁུར་ནས་ཡུལ་ལ་འགྲོ་གྲབས་བྱོས”ཞེས་མི་དེ་ཡིས་ཁྲེལ་དགོད་བྱེད་ཞོར་སྐད་ཆ་དེ་བསྐྱུར་ནས་བུད་སོང་།

ངས་འགྲམ་ནས་ཉན་བཞིན་སེམས་ལ། སྒོར་གཅིག་དང་སྐར་བརྒྱད་ནས་སྒོར་གཅིག་དང་ཟུར་གཅིག་གི་བར་ལ། རྒྱ་མ་རེ་ལ་སྐར་མ་གཉིས་ཙམ་ལས་མི་ཆད་ཨང་སྙམ།

འདིར་འབྲས་རྒྱ་མ་150ཡོད་ལ། བསྡོམས་ན་སྒོར་མོ་གསུམ་ཙམ་ཡིན་ཞིང་། ལམ་ཐག་ཀྱང་དེ་འདྲ་རིང་བས། ཡང་བསྐྱར་ཕྱིར་འཁུར་དོན་ཅི་ཡིན་ནམ། ངའི་ཕྲག་པའང་ད་རུང་ན་བཞིན་འདུག

ངས་སྐད་དམའ་མོས་ཨ་མ་ལ་བཤད་རྒྱུར“ཨ་མ། སྒོར་གཅིག་དང་སྐར་བརྒྱད་ཡིན་ན་དེ་ལྟར་བྱེད་ཡ། གང་ལྟར་ཀྱང་སྒོར་མོ་གསུམ་ཙམ་ཡིན། ཡང་གཅིག་བཤད་ན། ཨ་ཕར་ད་དུང་སྨན་ཉོ་བྱེད་ཀྱི་སྒོར་མོ་དགོས་པ་མ་ཡིན་ནམ།”

“དེ་ག་ལ་ཆོག” ཨ་མ་ཅུང་ཟད་ཁོང་ཁྲོ་ལངས་འདུག་པ་འདྲ། “སྒོར་མོ་གསུམ་ནི་སྒོར་མོ་མ་ཡིན་ནམ། ཡང་གཅིག་བཤད་ན། ཚོང་བྱེད་པ་ལ་ཡང་རྒྱུ་འབྲས་བརྩི་དགོས། ང་ཚོས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་བཏབ་པའི་འབྲས་ལ་སྤུས་ཀ་ཡང་བཟང་བས། འདི་ལྟར་སླ་འཚོང་བྱེད་ག་ལ་རུང་།”

ངས་སྐད་ཆ་གཞན་བཤད་མ་ཕོད།

ངས་ཞིང་བཏབ་ན་དཀའ་ངལ་ཅི་འདྲ་ཆེ་བ་ཤེས།

དཔྱིད་ཀར་ཆུ་གཏོང་བ་ཙམ་གྱིས་ཀྱང་ཨ་ཕ་ཐང་ཆད་ནས་ཉལ་སར་ལྷུང་བ་མ་ཡིན་ནམ།

ནུ་བོའང་ལོ་ན་བཅུ་གཅིག་བཅུ་གཉིས་ཙམ་ལ་སོན་པའི་བྱིས་པ་ལས་མིན་ནའང་། སྔར་བཞིན་འཇོར་བཟུང་ནས་ཆུ་གཏོང་དུ་འགྲོ་དགོས་པ་མ་ཡིན་ནམ།

འདི་ནི་ཁྱིམ་ཚང་ཞིག་གི་འཚོ་ཚིས་ཡིན་ཨང་།

ཡང་འབྲས་བར་ཚོང་བྱེད་མཁན་འགའ་ཡོང་མོད། ཁོ་ཚོས་ཀྱང་སྒོར་གཅིག་དང་སྐར་ལྔ་ལས་མ་བྱིན། དེ་ལས་མི་གཅིག་གཉིས་ཤིག་གིས་སྒོར་གཅིག་དང་སྐར་བརྒྱད་སྟེར་བར་བཤད་ཀྱང་དེའི་ཐོག་ལ་བསྣན་མ་བྱུང་།

ཨ་མ་སྔར་བཞིན་བཙོང་བར་འཐད་པ་མ་བྱུང་།

མི་ཇེ་ཉུང་ནས་ཇེ་ཉུང་དུ་སོང་བ་མཐོང་ནས། ང་ལ་བྲེལ་བ་ལངས་བྱུང་།

ངའི་སེམས་ལ། ཨ་མ་ཡང་བྲེལ་བ་ཆེན་པོ་ལངས་ཀྱིན་ཡོད་ངེས་བསམ།

“ཨ་མ། ཁྱོད་རང་སྡོང་བོའི་གྲིབ་བསིལ་གྱི་འོག་ཏུ་སོང་ལ་སྡོད།”

ཨ་མས་རྔུལ་ཆུ་ཕྱི་བཞིན་མགོ་བོ་གཡུག་གིན་བཤད་རྒྱུར། “ང་དེ་ལ་བུད་སོང་ན་འབྲས་བར་ཚོང་བྱེད་མཁན་སླེབས་ན་ཇི་ལྟར་བྱེད། ཁྱོད་ཀྱིས་གོང་གཏམ་མི་ཤེས་པས་འགྲོ་མི་ཉན།”

ང་རང་ཅུང་ཟད་ངོ་གནོང་བར་བྱས།

ཁ་དཔེ་ལ། དཔེ་ཆ་བ་ཡིས་དོན་གཅིག་མི་འགྲུབ་ཟེར། སློབ་གྲྭ་རུ་སྦྱངས་འབྲས་བཟང་ཡང་། དོན་དག་འདི་དག་གི་སྟེང་ནས་ཨ་མ་དང་བར་ཁྱད་ཆེན་པོ་ཡོད།

སླར་ཡང་མི་མང་པོ་ཞིག་འབྲས་ཉོ་རུ་སླེབས་བྱུང་། ངེད་ཚང་གི་འབྲས་ཧ་ཅང་བཟང་བས་ཚང་མ་ལྟ་རུ་ཡོང་མོད། སྒོར་གཅིག་དང་ཟུར་གཅིག་སྟེར་ཐུབ་མཁན་གཅིག་ཀྱང་མི་འདུག

ཉི་མ་མགོ་ཐོག་ལ་ཐོན་པ་ན་ཕོ་བའང་ལྟོགས་སྣང་བྱུང་ལ། ཡུལ་ནས་ཁྱེར་ཡོང་བའི་ཟ་མ་བླངས་ཏེ་ཨ་མ་དང་མཉམ་དུ་ཟོས།

ཨ་མས་ཟ་མ་ཁམ་དོ་ཟོས་རྗེས་ཟ་མཚམས་བཞག་ལ། མོས་འབྲས་བཙོང་མི་ཐུབ་པར་སེམས་ཁུར་བྱེད་ཀྱིན་ཡོད་པས་སེམས་སུ་འཚུབ་ཆ་ལངས་ཀྱིན་ཡོད་པ་ཤེས།

ཨ་མས་དངན་པ་ཞིག་འཐེན་ནས། “ད་རུང་ཡང་བཙོང་ཐུབ་མིན་མི་ཤེས།”

ངས་སྐབས་དང་བསྟུན་ནས་བཤད་རྒྱུར། “ཡང་མིན་ན་གོང་སླ་མོ་བྱས་ནས་བཙོང་འཇོག”

ཨ་མས་“ངའི་སེམས་ན་ཚད་ཐིག་ཡོད།”

ཕྱི་དྲོ་མི་སྔར་ལས་ཉུང་ཞིང་ཚ་བ་ཡང་ཧ་ཅང་ཆེ་བས། བཙོང་ས་ནས་ཉི་མར་ལྡེ་འདོད་མཁན་སུ་ཞིག་ཡོད་ཨང་།

ཨ་མར་བལྟས་པ་ན། གོན་པའང་རྒྱབ་ལ་འབྱར་འདུག་ཅིང་། ངོ་གདོང་ནག་པོ་ལས་ཀྱང་བསྲེགས་ནས་དམར་པོར་གྱུར་པའི་ཤུལ་མངོན་འདུག

“ཨ་མ། ངས་ཁྱོད་ཀྱི་ཚབ་ཏུ་ལྟ་འདུག ཁྱོད་རང་ཕུ་ཆུའི་ནང་ལ་བང་དུ་སོངས།”

ཨ་མས་སྔར་བཞིན་མགོ་བོ་གཡུག་གིན། “དེ་ལ་འགྲོ་མི་ཉན། ང་ལ་གྲུམ་ནད་ཡོད་པས་ཆུ་འཁྱག་གི་ནང་དུ་བང་མི་རུང་། ཁྱོད་ཚ་བར་སྐྲག་པས་ཕ་གིའི་སྡོང་བོའི་གྲིབ་བསིལ་གྱི་འོག་ཏུ་སོངས།”

“འགྲོ་མི་དགོས། ང་རང་ཉི་མས་སྲེག་པར་མི་སྐྲག”

“དེས་ན་ཁྱོད་སོང་ལ་འཁྱགས་བག་ཅིག་ཉོས་ནས་ཟོ།”

ཨ་མས་དེ་ལྟར་ཟེར་བཞིན། ཨམ་ཕྲག་ནས་ཟུར་གཉིས་བླངས།

ང་རང་འཁྱགས་བག་བཟའ་བར་ཧ་ཅང་དགའ་ཞིང་། དེ་ལས་ཀྱང“རྒུན་འབྲུམ་འཁྱགས་བག”རུ་འབོད་པ་དེ་ནི་ཆེས་ཞིམ་པ་དེ་ཡིན། གོང་ཡང་ཆེན་པོ་མི་དགོས་ཏེ་གཅིག་ལ་ཟུར་གཉིས་ཡིན།

ཡིན་ཡང་ང་ལ་དེ་རིང་གློ་བུར་དུ་ཟ་འདོད་མ་བྱུང་། “ཨ་མ། ངས་འཁྱགས་བག་མི་ཟ། ཆུ་འཐུང་བས་ཆོག”

ཚ་བ་ཆེས་ཆེ་བའི་དུས་སྐབས་ཀྱང་འདས། མིག་རྡེབ་དབང་ཙམ་ལ་ཚོང་རའང་གྲོལ་ལ་ཉེ།

ཚོང་ཟོག་ཙག་ཙིག་འཚོང་མཁན་གྱིས་རིན་གོང་ཇེ་དམར་ཕབ་མགོ་བརྩམས་ཤིང་། ཚོད་མ་འཚོང་མཁན་དང་ཆུ་ཀུབ་འཚོང་མཁན་གྱིས་ཀྱང་། “ཚོང་ར་གྲོལ་ལ་ཉེ། གོང་སླ་མོ་བྱེད་ཀྱིན་ཡོད”ཅེས་སྐད་འབོད་བྱེད་ཀྱིན་ཡོད།

ངས་ཕྱོགས་བཞིར་བལྟས་པ་ན། བཙོང་ས་ན་འབྲས་འཚོང་མཁན་འགའ་ལས་མེད་ཅིང་། མང་ཆེ་བས་བཙོངས་ཚར་ནས་ཕྱིར་ལོག་སོང་།

ཨ་མ་ཡང་བྲེལ་བ་ལངས་བྱུང་། བྲེལ་བ་ལངས་པ་ན་རྔུལ་ཆུའང་ཇེ་མང་ནས་ཇེ་མང་རེད།

གཞི་ནས་འབྲས་ཉོ་མཁན་ཞིག་ཡོང་ནས། “འབྲས་འདི་བཙོང་རྒྱུ་ཡིན་ནམ། སྒོར་གཅིག་དང་སྐར་ལྔ་སྟེར། གོང་གཏམ་རྒྱུ་མེད།”

ཨ་མས“ཁྱོད་ཀྱིས་ངའི་འབྲས་འདི་ལ་ལྟོས་དང་། ཅི་འདྲ་ཡག་ཨང་། ཐེངས་སྔོན་མར་ད་དུང་སྒོར་གཅིག་དང་ཟུར་གཅིག་བྱིན་ནས་བཙོངས་པ་ཡིན།”

ཨ་མས་སྐད་ཆ་བཤད་མ་ཚར་གོང་ལ། མི་དེ་སུན་སྣང་དང་བཅས། “ཚོང་རའི་གནས་བབ་སྔོན་དང་མི་འདྲ། སྒོར་གཅིག་དང་ཟུར་གཅིག་བྱིན་ནས་བཙོང་བསམ་ན། ཁྱོད་ཀྱིས་ཕྲག་རྒྱུག་ཁུར་ནས་ཡུལ་ལ་འགྲོ་གྲབས་བྱོས།”

ཡ་མཚན་པ་ཞིག་ལ་ཨ་མ་ཁོང་ཁྲོ་མ་ལངས་པར། ལྡོག་སྟེ་འཛུམ་ཞིག་བསྡུས་ནས་བཤད་རྒྱུར། “དེས་ན་སྒོར་གཅིག་དང་སྐར་བརྒྱད་བྱས་ན་ཁྱོད་ལ་ཨེ་དགོས།”

མི་དེས་སྣ་དགོད་ཅིག་བྱས་ནས་བཤད་རྒྱུར། “ཁྱོད་ཀྱི་རིན་གོང་འདི་ལ་ཚོང་སྒོ་ཕྱེ་དུས་ཀྱང་བཙོང་མི་ཐུབ་པ་མ་ཡིན་ནམ། ད་ལྟ་ཚོང་ར་གྲོལ་ལ་ཉེ་བས་སུས་ཉོའམ། རྨི་ལམ་སྐྱིད་པོ་མ་རྨིས།”

ཨ་མའི་ངོ་གདོང་འཕྲལ་མར་དཀར་པོར་གྱུར་ལ། ཁ་འགུལ་ཙམ་བྱས་མོད་ཅི་ཡང་བཤད་མ་བྱུང་།

འགྲམ་དུ་ལངས་པའི་ངས་བཟོད་མ་ཐུབ་པར། “མི་ཉོ་ན་མི་ཉོ། དེ་ལ་སུ་ཞིག་ཕངས་སེམས་སྐྱེའམ། ཁྱོད་ཀྱིས་མི་ཉོ་ན་འདི་ནས་ལངས་ཏེ་གཞན་གྱི་ལམ་མ་འགོག”ཅེས་བཤད།

“ཡ། བུ་མོ་ཆུང་ཆུང་། ཁྱོད་རང་ཁོང་ཁྲོ་དེ་འདྲ་ལངས་དགོས་དོན་མེད།”

མི་དེས་ཁྲེལ་དགོད་བྱེད་ཀྱིན། “ཤུགས་གསོག་འཇོག་བྱས་ནས་འབྲས་ཕྱིར་འཁུར་སྤྱད་བྱོས།”

མི་དེ་སོང་རྗེས་ངས་ཨ་མ་ལ་ལེ་བདའ་བྱེད་རྒྱུར། “ཚོང་སྒོ་ཕྱེ་དུས་གཞན་གྱིས་སྒོར་གཅིག་དང་སྐར་བརྒྱད་སྟེར་ཡང་ཁྱོད་ཀྱིས་བཙོངས་མ་སོང་། ད་ལྟ་འགྲིག་འདུག གཞན་ལའང་ཉོ་འདོད་མི་འདུག”

ཨ་མ་ངོ་གནོང་བ་འདྲ་ཡང་རང་སྐྱོན་ཁས་མི་ལེན་པར། “མ་གཞི་ཚོང་ཟོག་ག་འདྲ་ཡིན་པ་ལ་རིན་གོང་ཡང་དེ་འདྲ་ཡིན་པས། འབྲས་ཡག་པོ་ཡིན་པས་སླ་འཚོང་བྱེད་ག་ལ་རུང་། ཕྱི་ལ་འགྲོ་དུས་ཁྱོད་ཀྱི་ཨ་ཕས་ཀྱང་རིན་གོང་ལེགས་པོ་ཞིག་ལེན་དགོས་པར་གདམས་པ་མ་ཡིན་ནམ།” ཞེས་བཤད།

“ཁྱོད་ཀྱིས་ད་རུང་ཨ་ཕ་གླེང་སྲོལ་ཡོད་དམ། ཁོ་ཁྱིམ་དུ་ནད་ཀྱིས་མནར་ཡོད་ལ། འབྲས་བཙོངས་པའི་སྒོར་མོས་སྨན་ཉོས་ནས་ནད་བཅོས་བྱེད་པར་རེ་བ་བྱས་ཡོད། མི་སྲོག་གལ་ཆེན་རེད་དམ་སྒོར་མོ་གལ་ཆེན་རེད།”

ཨ་མས་བཤད་རྒྱུ་ཅི་ཡང་མ་རྙེད་པ་འདྲ། ཅུང་ཙམ་འགོར་རྗེས་སྐད་དམའ་མོས་བཤད་རྒྱུར། “འདིའི་རྗེས་སུ་གཞན་གྱིས་སྒོར་གཅིག་དང་སྐར་ལྔ་སྟེར་ན་ཡང་བཙོང་འཇོག”ཟེར།

ཡིན་ཡང་དེའི་རྗེས་སུ་འབྲས་ཉོ་མཁན་གཅིག་ཀྱང་སླེབས་མ་བྱུང་། འབྲས་བར་ཚོང་བྱེད་མཁན་དག་གིས་ཉོས་ཡོང་བའི་འབྲས་རླངས་འཁོར་དུ་བཞག་ནས་བུད་སོང་།

༡༠

ཚོང་ར་གྲོལ་སོང་། ཨ་མ་དང་ངེད་གཉིས་ཉིན་གང་བོར་ཉི་མར་ལྡེ་ཡང་འབྲས་རྡོག་གཅིག་ཀྱང་བཙོང་མ་ཐུབ།

“ཨ་མ། འགྲོ་ཡ། ཕྱིར་ཡུལ་ལ་འགྲོ། དེ་རུ་ཧད་ནས་མ་འདུག”

ངས་ལག་ཕྱིས་དང་། ཆུ་རྫ། ཟས་སྣོད་བཅས་བསྡུ་གསོག་བྱེད་ཀྱིན་དེ་ལྟར་སྐུལ་མ་བྱས།

ཨ་མ་ཐེ་ཚོམ་གྱི་དྲ་བར་ཚུད་ནས་ཡུད་ཙམ་ལུས་ཤིང་། དེ་རྗེས་གཞི་ནས་ཡར་ལངས་བྱུང་།

“ཨ་མ། ཕྲག་རྒྱུག་ལྕི་མོ་དེ་ངས་འཁུར།”

“ཁྱོད་སློབ་གྲྭ་བ་ཞིག་གིས་སྡུག་མྱོང་མི་ནུས་པས།”

ཨ་མས་བཤད་མ་ཚར་གོང་ལ་ངས་ཕྲག་རྒྱུག་ལྕི་མོ་དེ་ཁུར།

ཨ་མས་ཀྱང་སྐད་ཆ་གཞན་མ་བཤད་པར་ཕྲག་རྒྱུག་ཡང་མོ་དེ་ཁུར་ནས་ངའི་རྗེས་དེད་དེ་ཡུལ་ལ་ལོག་པའི་ལམ་དུ་ཞུགས།

ཕྲག་གི་ཁུར་བོ་ཧ་ཅང་ལྕི་བས། ང་རང་རི་བོ་ཞིག་གིས་མནན་འདུག་པ་འདྲ་བའི་ཚོར་བ་བྱུང་།

གློ་བུར་དུ་རྐང་བ་ཤུད་ནས་ང་རང་ཐང་ལ་འགྱེལ་ལ་ཁད་ཅིག་བྱས་བྱུང་།

ངས་མགྱོགས་པོར་ཤུགས་ལྷག་མ་དག་རྐང་བའི་སྟེང་བཀོལ་ནས་འབད་པ་ཆེན་པོས་བརྟན་པོར་ལངས་མ་ཐག ཕྲག་གི་ཁུར་བོ་བསེགས་ནས་འབྲས་མང་པོ་ཞིག་ཐང་ལ་གཏོར།

“ཨ། ཅི་ཞིག་བྱུང་སོང་།” ཨ་མས་ཀྱང་ཁུར་བོ་ས་ལ་བཞག་ནས་ཐོན་བྱུང་། “ངས་ཁྱོད་ལ་དེ་འདྲའི་ལྕི་མོ་ཞིག་འཁུར་མི་དགོས་ཞེས་བཤད་ཀྱང་ཁར་མི་ཉན། ད་ཐང་ལ་གཏོར་བ་མ་ཡིན་ནམ། ཕངས་པ་ལ། དངོས་གནས་གདོན་ཕྲུག་ཅིག་རེད།”

གདོན་ཕྲུག་ནི་ཨ་མའི་ཁ་ལ་རྒྱུན་དུ་ཐོགས་ཤིང་། ང་དང་ནུ་བོས་བྱ་བ་ངན་པ་ཅི་ཞིག་བསྒྲུབས་པའི་ཚེ། མོས་རྒྱུན་པར་དེ་ལྟར་ངེད་གཉིས་ལ་སྡིགས་མོ་བྱེད།

ཡིན་ཡང་དེ་རིང་ང་ལ་མ་ཉེས་ཁ་གཡོགས་ཐེབས་འདྲའི་ཚོར་བ་དྲག་པོ་ཞིག་བྱུང་མོད། དེ་ཡང་ཅི་ཞིག་གི་རྐྱེན་གྱིས་ཡིན་པ་མ་ཤེས།

“ཁྱོད་ཀྱིས་འདི་ནས་ཅུང་ཟད་སྒུག་དང་། ངས་ཡུལ་ནས་ལྕགས་གཞོང་ཁྱེར་ཡོང་སྟེ་འབྲས་དེ་དག་ཕྱགས་འཇོག ཆུད་ཟོས་སུ་སོང་ན་ཕངས་སེམས་ཆེ་བ་ལ། ཕྱིར་ཁྱེར་ན་ད་དུང་བྱ་ཕོ་གསོས་ཆོག” ཨ་མས་ངའི་རྐང་ཚུགས་འཆུས་ཡོད་མེད་ཀྱང་མི་འདྲི་བར། ཐང་ལ་གཏོར་བའི་འབྲས་འབའ་ཞིག་ལ་སེམས་ཁུར་བྱེད།

༡༡

ངས་ཨ་མའི་རང་གཤིས་རྟོགས། ཁོ་མོ་ནམ་ཡིན་ཡང་ཁ་བཙོག་ལ་ཁོག་འཇམ། དོན་དུ་ང་ལ་སེམས་ཁུར་བྱེད་ཀྱང་། ཁ་ནས་ང་ལ་སྡིགས་མོ་རེ་བྱས་བྱུང་།

འདི་དག་ཡིད་ལ་ཤར་བ་ན། ངའི་སེམས་ཀྱང་བདེ་ལ་བབས།

“ཨ་མ། ཁྱོད་ཕྱིར་སོང་ཡང་ཕར་ཚུར་ལ་ལེ་དབར་དྲུག་བདུན་ཙམ་འགྲོ་དགོས་པས། དུས་ཚོད་ཀྱང་སྔ་རྒྱུ་མི་འདུག”

“དེས་ན་ཐང་གི་འབྲས་ཇི་ལྟར་བྱེད།”

ངའི་སེམས་ལ་གློ་བུར་དུ་ཐབས་ཤིག་ཤར་ཏེ། མགོའི་རྩྭ་ཞྭ་བླངས་ནས་བཤད་རྒྱུར། “འདིའི་ནང་དུ་བླུག་ཆོག”

ཨ་མ་དགོད་ཀྱིན་དུ། “ཁྱོད་ཀྱི་ཀླད་པ་བཟང་། སློབ་མ་ཆུང་ཆུང་རིག་པ་བཟང་།”

དེ་ལྟར་བཤད་ཀྱིན་ངེད་གཉིས་མར་བསྒུར་ནས་ཐང་ལ་གཏོར་བའི་འབྲས་རྡོག་རེ་རེ་བླངས་ནས་རྩྭ་ཞྭའི་ནང་བཞག་ལ། དེ་ནས་རྩྭ་ཞྭ་ཀླད་ལ་བསྐོར་ནས་སླེ་བོའི་ནང་བཞག་ཅིང་། འབྲས་ཁུར་ནས་མུ་མཐུད་ལ་ཡུལ་ལ་སོང་།

ཡུལ་ལ་ལོག་རྗེས་ནུ་བོ་ཐོན་འདུག ཨ་མ་དགོང་ཟས་བསྐོལ་དུ་ཕྱིན། ངས་ཨ་ཕ་ལ་འབྲས་བཙོངས་པའི་བརྒྱུད་རིམ་ཡར་ཞུ་བྱས།

ཨ་ཕས་ཉན་རྗེས་ཨ་མ་ལ་ལེ་བདའ་མི་བྱེད་པར། “འབྲས་བར་ཚོང་བྱེད་མཁན་དེ་དག་ལ་དངོས་གནས་རྒྱུ་འབྲས་ཟེར་བ་ཞིག་མི་འདུག གྲོང་ཁྱེར་དུ་སྒོར་གཅིག་དང་ཟུར་ལྔ་བྱས་ནས་བཙོང་གིན་ཡོད་མོད། རིན་གོང་འདི་འདྲ་དམའ་མོ་ཞིག་ཏུ་མནན་འདུག ཞིང་བ་དག་གི་རྔུལ་ཁྲག་ལས་བརྗེས་པའི་སྒོར་མོ་དེ་ལྟར་ཟོས་ན་ངོ་མ་རྒྱུ་འབྲས་ཟེར་བ་ཞིག་མི་འདུག”ཅེས་བཤད།

“ཨ་ཕ། ཁྱོད་ལ་སྨན་ཡང་ཉོ་མ་ཐུབ་པས་ད་ཇི་ལྟར་བྱ།”

ཨ་ཕས་བཤད་རྒྱུར། “ང་ལ་ཐོག་མ་ནས་སྨན་ཉོ་མི་དགོས་ཞེས་བཤད་ཡོད། ཉིན་གཉིས་ཀྱི་རྗེས་སུ་དྲག་ངེས། སྒོར་མོ་གཏོང་མི་དགོས་སར་བཏང་ནས་ཅི་བྱེད། ”

དགོང་མོར་ཨ་ཕ་གློ་ལུ་བྱས་པ་སྔར་ལས་ཇེ་དྲག་ཏུ་ཕྱིན།

༡༢

ཨ་མས་ང་ལ། “ཁྱུང་པོ། སང་ཉིན་བཙོང་ས་གཞན་དུ་ཡོད་པས། ཁྱོད་ཀྱི་ཨ་ཕ་ལ་སྨན་ཉོ་ཆེད་ངེད་གཉིས་ཀྱིས་སྡུག་ཅུང་ཟད་མྱངས་ནས་ཕ་གིའི་འབྲས་བཙོང་སར་འབྲས་ཁུར་ནས་བཙོང་དུ་འགྲོ།”

“བཙོང་ས་གཞན་དུ་འགྲོ་དགོས་སམ། དེ་ཅི་འདྲའི་ཐག་རིང་བ་ལ། ལེ་དབར་བཅུ་ལྷག་ལ་འགྲོ་དགོས།” ངས་རི་ལམ་རིང་བོ་དེ་ཡིད་ལ་དྲན་པའི་མོད་ལ་ཡིད་ལ་ཅུང་ཟད་སྐྲག་སྣང་ཤར།

“སང་ཉིན་ཁྱོད་གཉིས་ཀྱིས་འབྲས་ཉུང་ཙམ་ཁུར། མི་རེས་རྒྱ་མ་ལྔ་བཅུ་རེ་ཁུར་བས་ཆོག” ཨ་ཕས་དེ་ལྟར་བཤད།

“དེས་ན་སང་ཉིན་ཡང་བསྐྱར་བཙོང་མ་ཐུབ་པར་ཕྱིར་ལ་ཁུར་ཡོང་མི་དགོས་པར་བྱེད།” ངས་བཤད་རྒྱུར། “ལེ་དབར་བཅུ་ལྷག་གི་རི་ལམ་ལ་ཁུར་བོ་ཞིག་ཁུར་ནས་ཕར་འགྲོ་ཚུར་འོང་བྱེད་པ་ནི་རྩེད་མོ་རྩེ་བ་ལྟ་བུ་མིན།”

“དེ་ལྟར་མི་བྱེད་དེ་ལྟར་མི་བྱེད།” ཨ་མས་བཤད་རྒྱུར། “སང་ཉིན་སྒོར་གཅིག་དང་སྐར་བརྒྱད་ཡིན་ནའང་ཆོག སྒོར་གཅིག་དང་སྐར་ལྔ་ཡིན་ནའང་རུང་ཚང་མ་བཙོང་ཐབས་བྱེད།”

ཨ་མའི་སྐད་ཆའི་ནང་དུ་སྐྱོ་སྡུག་དང་ཐབས་ཟད་འུ་ཐུག་གི་རྣམ་པ་མང་པོ་མངོན་པས། ངས་ཀྱང་ཐོས་བྱུང་མོད། མོ་ལ་སེམས་གསོ་ཇི་ལྟར་བྱེད་དགོས་པ་མ་ཤེས།

ངའི་སེམས་ཀྱང་ཧ་ཅང་སྡུག་ལ་ཅུང་ཟད་ངུ་འདོད་སྐྱེས་བྱུང་།

ངའི་སེམས་ལ་ཨ་མར་མཐོང་དུ་འཇུག་མི་རུང་། ངུ་དགོས་ཀྱང་ཉལ་ཐུལ་གྱི་ནང་དུ་འཛུལ་ནས་ངུ་དགོས་པར་བསམ།

ཡིན་ཡང་ང་རང་ཨ་ཐང་ཆད་དྲགས་པས། མགོ་བོ་སྔས་ལ་བཞག་མ་ཐག་གཉིད་དུ་ཡུར་ལ། གཉིད་ཧ་ཅང་ཞིམ་པོ་ཞིག་ཁུག

མཆན། 《འབྲས་བཙོངས་པ》ཞེས་པའི་རྩོམ་འདི་ལ་པེ་ཅིན་སློབ་ཆེན་གྱི་སློབ་རའི་རྩོམ་རིག་འགྲན་བསྡུར་སྐབས་དང་པོའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

ཡིན་ཡང་བྱ་དགའ་སྤྲོད་པའི་ཡུལ་དངོས་སུ་བྱ་དགའ་ཐོབ་མཁན་མཐོང་རྒྱུ་མེད་པར། ཁོ་མོའི་སློབ་གྲོགས་དག་གིས་མྱ་ངན་གྱི་གདུང་བ་བཅོལ་ཡོད། དེ་ནི་བྱ་དགའ་སྤྲོད་པ་མ་ཡིན་པར་མྱ་ངན་ཚོགས་འདུ་བསྡུས་པ་རེད།

བར་སྐབས་ཤིག་ལ། པེ་ཅིན་སློབ་ཆེན་གྱི་ཉི་འོད་ཚོམས་ཆེན་ཧྲིལ་བོ་འཇམ་ཐིང་ངེར་གནས་ཤིང་། སྐབས་དེར་ངས་ད་གཟོད་བྱ་དགའ་ཐོབ་མཁན་དེ་ཉིད་ལོ་གཅིག་གི་སྔོན་ལ་ཁྲག་གི་ངན་སྐྲན་བྱུང་ནས་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་སོང་བ་ཤེས།