ཚགས་པར་བཀླགས་སམ་ཞེ་ན། ད་སྔའི་བར་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཚགས་པར་འགའ་རེ་བཀླགས་མྱོང་ལ། དེ་དག་ལས་ལ་ལ་ནི་དུས་ཚོད་འཁྱོལ་ཐབས་སུ་བཀླགས་པ་དང་། ལ་ལ་ནི་གསར་འགྱུར་དང་སྐབས་དོན་འགའ་རེའི་ཁ་བྱང་ལ་མཚར་སྣང་སྐྱེས་ནས་བཀླགས་པ། ཡང་ལ་ལ་ནི་རྩོམ་ཡིག་ལེགས་པོ་རེ་མཐོང་བས་གཟབ་ནན་གྱིས་བཀླགས་པ་ཡིན། ཡང་ཚགས་པར་ཀློག་གམ་ཞེ་ན། ཉེ་བའི་ལོ་འདི་གའི་རིང་ལ་ཚགས་པར་ཀློག་ཐེངས་ཇེ་ཉུང་དུ་འགྱུར་གྱིན་ཡོད་དེ། 

དེའང་བརྙན་འཕྲིན་དང་ཁ་པར་ལས་དྲ་འཇུག་བྱེད་སྟབས་བདེ་རུ་སོང་བས་ཡིན་རྒྱུ་རེད། སྤྱིར་ཚགས་ཀྱི་ཁྱད་ཆོས་གཙོ་ཤོས་ནི་གཅིག་ཏུ་གསར་བ་ཡིན་པ་དང་གཉིས་སུ་ནང་དོན་སྣ་མང་ཡིན་པས་རེད། འོན་ཏེ་དྲ་བ་དར་ཁྱབ་ཆེན་པོ་བྱུང་བ་དང་བསྟུན་ཚགས་པར་གྱི་ཁྱད་ཆོས་དེ་གཉིས་ལ་དོ་བསྡོ་བ་ཆེན་པོ་བྱུང་ཡོད་པར་སྣང་།།

འོན་ཏེ་ད་ལྟ་བོད་ཡིག་གི་ཚགས་པར་བཀླགས་ན་དཀའ་ངལ་གཞན་ཞིག་ཀྱང་ཡོད་པ་ནི་ནང་དོན་མི་གོ་བའི་དཀའ་ཁག་དེ་རེད། གཙོ་བོ་ནི་གསར་འགྱུར་དང་སྐབས་དོན་ཆེད་བརྗོད་ཀྱི་སྐོར་གོ་དཀའ་བར་འདུག བོད་ཡིག་གི་ཚགས་པར་བཀླགས་ན་རྒྱ་ཡིག་མ་རིག་ན་ནང་དོན་མི་གོ་བ་ལྟ་བུར་ཆགས་འདུག དེ་ནི་ཚགས་པར་གཅིག་པུ་ག་ལ་ཡིན་སྟེ།  དེའང་སྔོན་དུས་ཤིག་ལ་ངེད་ཚོའི་རུ་ནང་གི་རྒད་པོ་ཞིག་གིས༼གསར་འགྱུར་ལ་ཉན་ན་འཕགས་པ་བརྒྱ་སྟོང་བ་ལས་ཀྱང་གོ་དཀའ་བར་འདུག༽ཅེས་དགོད་གཏམ་ལྟ་བུ་ཞིག་བཤད་མྱོང་བ་ལྟར། གསར་འགྱུར་དང་སྐབས་དོན་ཆེད་བརྗོད་ཀྱི་རིགས་བཀླགས་ན་སྤྱིར་བཏང་གི་དཔེ་དེབ་ལས་གོ་དཀའ་བར་འདུག དེ་ཅིའི་ཕྱིར་ཡིན་ནམ་ཞེ་ན། གཙོ་བོ་ནི་མིང་བརྡ་ཐ་སྙད་གསར་བ་ཤིན་ཏུ་མང་བས་རེད། སྤྱིར་ཐ་སྙད་གསར་བ་མང་བ་འདིས་ཚགས་པར་གྱི་ཁྱད་ཆོས་མཚོན་པ་ཡིན་ངེས་སྟེ། དེང་སྐབས་ཀྱི་འཚོ་བ་བཤད་པར་དེང་སྐབས་ཀྱི་མིང་བརྡ་བཀོལ་དགོས་པས་རེད། དེས་ན། བོད་ཀྱི་དག་ཡིག་བརྡ་སྤྲོད་ཀྱི་བསྟན་བཅོས་དག་ཏུ་དེང་སྐབས་ཀྱི་སྙད་གསར་བའི་སྐོར་འདི་ཤིན་ཏུ་ཉུང་ཞིང༼དག་ཡིག་གསར་བསྒྲིགས་དང་བོད་རྒྱ་ཚིག་མཛོད་ལྟ་བུ༽། ཡང་འགའ་རེ་གསར་དུ་བཏགས་པ་ཡོད་ཀྱང་ཁྱབ་བརྡལ་དུ་རྩ་བ་ནས་འགྲོ་ཐུབ་ཀྱིན་མེད་པ་རེད༼བོད་རྒྱ་དབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཁག་དང་སྨྱན་སྦྱོར་དང་འབྲེལ་ཡོད་སྐད་ཡིག་བྱ་བའི་ལས་ཁུངས་སོ་སོའི་གཏན་ལ་ཕབས་པའི་བརྡ་ཆད་གསར་བའི་སྐོར་ལྟ་བུ༽། དེ་ནི་གནད་དོན་གཅིག་རེད།

གནད་དོན་གཞན་ཞིག་ནི། ཐ་སྙད་གསར་བའི་རིགས་འདི་གཙོ་འགྱུར་ཡིག་ལས་བྱུང་བ་ཡིན་ལ། འགྱུར་ཡིག་འདི་དག་སྒྱུར་སྐབས་ལས་ཁུངས་སོ་སོ་དང་མི་སྒེར་སོ་སོས་གང་འདོད་དུ༼རང་རང་གི་བློ་ངོར་གང་བདེ་བ་དང་ལས་ཁུངས་བྱེ་བྲག་པའི་གཏན་འབེབ་གང་ཡིན་པ༽བསྒྱུར་བས་ཐ་སྙད་གཅིག་ལ་འགྱུར་ཡིག་འགའ་རེ་བྱུང་བ་དང་། སྒྱུར་པ་པོས་མ་ཡིག་གི་ནང་དོན་དེ་བུ་ཡིག་གིས་ཇི་ལྟར་སྟོན་པར་བསམ་བློ་ཞིབ་མོ་མ་བཏང་བར་འཕྲུལ་ཆས་ཀྱིས་ཡིག་བསྒྱུར་བྱས་པ་ནང་བཞིན་ཐ་སྙད་མཁྲེགས་པོ་སྐོར་ཞིག་མཉམ་དུ་སྤུངས་བ་རེད། དེ་གཉིས་ཀྱི་མཇུག་འབྲས་ནི་མ་ཡིག་མ་རིག་ན་བུ་ཡིག་གི་ནང་དོན་མི་རྟོགས་པའི་དཀའ་ཁག་བྱུང་བ་རེད།

དེ་ལྟར་ཐོག་མར་ཐ་སྙད་ཀྱི་ནང་དོན་མ་གོ  དེ་ནས་ནང་དོན་མི་གོ་བའི་ཐ་སྙད་མང་པོ་མཉམ་དུ་བསྒྲིགས་པའི་ཚིག་གི་ནང་དོན་ཡང་གོ་རྒྱུ་མེད་པར་གྱུར་པས་གཞི་ནས་༼བརྒྱད་སྟོང་བ་ལས་ཀྱང་གོ་དཀའ་བར༽གྱུར་པ་རེད།

སྤྱིར་ཚགས་པར་མང་ཆེ་བ་ནི་སྤྱི་དམངས་ཡོངས་ཀྱི་བཀླག་བྱ་ཡིན་པ་སྟེ། ནང་དོན་སྣ་མང་ལ་གོ་སླ་བ། གསར་བ་ཡིན་པ་སོགས་ཁྱད་ཆོས་འདི་དག་ལྡན་འོས་མོད། མིག་སྔའི་བོད་ཡིག་གི་ཚགས་པར་དང་ཀློག་མཁན་ལ་བལྟས་ན། ཚགས་པར་ཀློག་པར་གོམས་པའི་མི་དུ་ཡོད་པ་དང་། ཚགས་པར་བཀླགས་ན་གོ་ཐུབ་པའི་མི་དུ་ཡོད་པ་སོགས་ནི་ཤིན་ཏུ་སེམས་ཁུར་འོང་བའི་དོན་དག་ཅིག་རེད། ཚགས་པར་ཅིག་ཀློག་མཁན་ཉུང་བར་གནད་དོན་ག་རེ་ཡོད་ཟེར་ན། དེས་ནི་དེང་སྐབས་ཀྱི་འཚོ་བའི་ཁྲོད་དུ་བོད་ཡིག་བེད་སྤྱོད་གཏོང་ས་ཅི་ཙམ་ཡོད་པ་དང་། དེང་གི་བོད་མིའི་འཚོ་བར་བོད་ཡིག་གིས་ཞབས་ཞུ་ག་ཙམ་སྒྲུབ་ཐུབ་པའི་གནད་དོན་ལ་འབྲེལ་བ་ཡོད་སྟབས། སྣང་ཆུང་བྱེད་འོས་པ་ཞིག་གཏན་ནས་མིན་ནོ།།

སྐད་ཡིག་གི་གསོན་ཤུགས་ནི་བེད་སྤྱོད་ཀྱི་ཆ་ནས་མངོན་དགོས་པ་འདི་ཀུན་གྱིས་ཐུགས་ལ་འཛིན་འོས་སྟེ། བེད་སྤྱོད་མེད་པའི་སྐད་ཡིག་ལ་ཁྱད་ཆོས་ངོ་མཚར་ཅན་ཅི་འདྲ་ཡོད་ཀྱང་དོན་གྱིས་འཇིག་ཚར་བ་ཡིན་ཏེ། དཔེར་ན་འུ་ཅག་ལ་ཆ་རྒྱུས་ཆེ་བའི་ལེགས་སྦྱར་གྱི་སྐད་ལྟ་བུ་རེད། སྐད་ཡིག་ལ་རིན་ཐང་ཆེ་བ་དང་སྐད་ཡིག་བླ་སྲོག་ཡིན་ཞེས་པ་སོགས་ཀྱང་བེད་སྤྱོད་ཀྱི་ཆ་ནས་མངོན་དགོས་ཏེ། དད་རྟེན་ཙམ་དང་མཚོན་རྟགས་ལྟ་བུར་གྱུར་བ་ཡིན་ན་འཇིག་མགོ་བརྩམས་པ་ཡིན་པའི་གནས་ལུགས་ཀྱང་ཞོར་ནས་མཁྱེན་འོས།

མདོར་ན། ཐ་སྙད་གསར་བའི་སྐོར་འདི་ལ་དོ་སྣང་བྱེད་པ་དང་བེད་སྤྱོད་བྱེད་པ། གཅིག་གྱུར་ཨེ་ཐུབ་ལྟ་བ། འགྱུར་ལེགས་པོ་ཞིག་ཨེ་ཡོང་ལྟ་བ་གལ་ཆེན་པོ་རེད་སྙམ། དེ་ལ་ཐ་སྙད་གང་ཞིག་བསྒྱུར་སྐབས་ཐོག་མར་མིང་མཛོད་དུ་འཚོལ་བ་དང་དེ་ནས་གཞན་གྱི་བསྒྱུར་བའི་ཚུལ་ལ་ལྟ་བ་གལ་ཆེ་བར་སྙམ། ཡང་ཁ་ཅིག་གིས་རི་བོའི་གཏོས་དང་མཉམ་པའི་བསྟན་བཅོས་ཁག་ཏུ་འཚོལ་དགོས་ཟེར་སྲིད་མོད། དེང་རབས་ཀྱི་མི་ལ་དེང་རབས་ཀྱི་ཐ་སྙད་བཀོལ་ནས་ཁ་བརྡ་བྱེད་པ་དང་གོ་བརྡ་སྤྲོད་དགོས་པ་མ་གཏོགས། ནམ་རྒྱུན་གནའ་བའི་བསྟན་བཅོས་དང་ཡིག་རྙིང་ཁོ་ནར་གཞི་འཛིན་དཀའ་བ་སྟེ། སྐད་ཡིག་གིས་ཅིས་ཀྱང་ཡུལ་དུས་ཀྱི་འགྱུར་བའི་རྗེས་ཆོད་དགོས་པ་ནི་གལ་ཆེའོ་སྙམ།།

                སྤྱི་ཟླ༥ཚེས༣༠དགོང་མོར་བྲིས།

                          ཏཱ་ན་འབྲོག་ཕྲུག་གིས།