སློབ་མ་མཁའ་འབུམ་ལ།

ཚིག་གི་སྦྱོར་བ་སྙན་དང་མི་སྙན་ནི་ཡང་ཡང་ངག་ལ་བསྐྱར་ནས་བསལ་ཐུབ་པ་དང་།༼ ཚིག་གི་སྙན་ཆ་འདོན་ཚུལ་གཞན་ནི་ཡི་གེ་དག་གི་བྱེད་རྩོལ་དྲག་ཞན། ཐ་སྙད་སྦྱོར་ཚུལ་སྔ་ཕྱི་ལ་འང་ཤིན་ཏུ་འབྲེལ་བ་ཆེན་པོ་ཡོད།༽ དཔེ་དེས་དོན་དེ་གཞལ་ཐུབ་མིན་ནི་དཔེ་དོན་སྦྱོར་ལུགས་ལ་ནན་ཏན་དུ་བསམས་ནས་བལྟ་དགོས། ད་དུང་སྙན་ངག་ལ་མཚོན་ན་དཔེ་དེས་དོན་དེ་འཇལ་ཐུབ་ཙམ་གྱིས་འགྲིག་པ་མིན། དཔེ་དེས་དོན་དེ་གསོན་ཉམས་ཅན་དུ་གཏོང་དགོས་པའི་ཐོག དཔེ་དེའི་སྣང་བརྙན་ཀློག་པ་པོའི་ངོར་མཛེས་པ་ཞིག་ཏུ་བསྐྲུན་དགོས། དཔེ་དེས་དོན་འཇལ་བ་ཙམ་གྱི་ཐད་ནས་འགྲིག་ཀྱང་། དཔེ་དོན་ལ་དམན་ལྷག་ཤོར་ན་མི་འགྲིག་པའི་ཚུལ། རྩ་བར། ཁྱི་བཞིན་དཔའ་བོ་རྗེ་ལ་གུས།། ལྟ་བུའོ།། དེར་མ་ཟད་རྗོད་བྱེད་ཀྱི་ཚིག་ཀྱང་ཕལ་བ་ལས་ཁྱད་པར་དུ་ཐོན་པ་ཞིག་དགོས་སྙམ།

གཞན་ཡང་། དཔེ་དེ་ལ་བསྣོན་འཕྲི་གང་ཡང་མེད་པར་ཐད་ཀར་འཇོག་མི་འོས་པར་སྣང་བས། དཔེ་འང་འཆར་ཡན་དང་རབ་རྟོག་གི་སྒོ་དང་བསྟུན་ནས་གསར་དུ་བཟོ་རིགས། དཔེར་ན། བྱུང་མིན་གྱི་དཔེར། རྩ་བར། པདྨ་མཛེས་པའི་སྙིང་པོ་ཀུན།། འགའ་ཞིག་དག་ཏུ་བསྡུས་པ་བཞིན།། ཁྱོད་ཀྱི་གདོང་ནི་རྣམ་མཛེས་ཞེས།། དེ་ནི་བྱུང་མིན་དཔེ་ཞེས་རིག། ཅེས་དཔེ་སྔར་མ་བྱུང་བ་ཞིག་གསར་དུ་བསྐྲུན་པ་དང་། དེ་ཡི་བཞིན་དཔལ་ང་ཉིད་ལ།། ཡོད་ཅེས་ཟླ་བ་སྙེམས་མི་དགོས།། པདྨ་ལ་ཡང་དེ་ཡོད་ཕྱིར།། ཅེས་པ་འདི་ནི་རབ་བཏགས་དཔེ།། ཞེས་དཔེ་ལ་སྔར་མི་སྲིད་པའི་ཁྱད་ཆོས་ཤིག་གསར་དུ་སྒྲོ་བཏགས་ཏེ་བརྗོད་བྱ་དོན་གྱི་སྙིང་པོ་གསལ་བར་བྱེད་པའི་ཐབས་ལམ་དམ་པ་འདིས་བློ་ཡི་སྒོ་མོ་ཅིག་ཅར་དུ་དབྱེ་བར་བྱའོ།།

ད་དུང་མཉམ་འཇོག་ས་གལ་ཆེན་ཞིག་ནི། ཏིང་ངེ་འཛིན་གྱི་རྒྱན་འགོད་པའི་སྐབས། ཀུ་མུ་ད་ནི་མིག་འཛུམ་ཞིང་།།པད་མ་དག་ཀྱང་མིག་འབྱེད་ཅེས།། མིག་གི་བྱ་བ་བཀོད་པ་ལས།།དེ་ཡི་རྗོད་བྱེད་སྒྲ་དག་ཐོབ།། ཅེས་པ་ལྟ་བུ་དང་། རབ་རྟོག་གི་རྒྱན་གྱི་སྐབས་སུ། འདི་ནི་བདག་གི་རིང་བ་དག། འགོག་བྱེད་རྣ་བའི་རྒྱན་ཞེས་ཏེ།། ཁྱོད་ཀྱི་མིག་གིས་རྣ་བ་ཡི།། ཨུཏྤལ་དག་ལ་དགོངས་པ་འདྲ།། ཞེས་སེམས་མེད་རབ་རྟོག་ལྟ་བུའི་རྒྱན་སོ་སོའི་མཛེས་པ་མངོན་སྟངས་ཀུན་ཁོང་དུ་ཆུད་དགོས།

གཞན། ངག་གི་མེ་ལོང་། རྣ་བའི་བུ་རམ། མིག་གི་བདུད་རྩི་ཞེས་སྒོ་ལྔའི་ཤེས་པའི་ཡུལ་གྱི་དཔེ་དཀྲུགས་ནས་འགོད་པའི་ཐབས་ཀྱང་མང་ངོ་།།

ཐ་སྙད་བཀོལ་ལུགས་ཀྱི་ངོས་ནས་ཀྱང་། སྙན་པ་འཕུར། མིག་ཟུང་དགོད། ཉི་འོད་བྲོས་སོགས་ཐ་སྙད་སོར་ཡངས་སུ་བཀོལ་ཆོག་པའི་ཚུལ་དང་། ད་དུང་ཉི་མ་འབུམ། གསེར་གྱི་རི་བོ་ཁྲི་ཕྲག་བརྒྱ། སྐར་ཚོགས་བྱེ་བ་སྟོང་སོགས་ཀྱང་དོན་མང་པོ་སྟོན་བྱེད་ཙམ་ལས་གྲངས་ཏག་ཏག་གི་ཐོག་ཏུ་བསྡད་མེད་པ་སོགས་སྙན་ངག་འབྲི་མཁན་ཞིག་ལ་མཚོན་ན་རྒྱུན་ཤེས་སུ་བློར་འཇགས་དགོས།

འོན་ཀྱང་། དཔེ་རྒྱན་གྱི་སྐབས་ཁོ་ནར་ཡང་།  མཉམ་ཉིད་ཀྱི་དཔེ། སྦྱར་བའི་དཔེ། ངག་དོན་གྱི་དཔེ་སོགས་དེ་ཙམ་གྱིས་སྙན་པའི་རོ་འདོན་དཀའ་བའི་རིགས་དང་། སྲིད་མིན་གྱི་དཔེ་དང་བྱུང་མིན་གྱི་དཔེ་ལྟ་བུའི་དབྱེ་བ་ཆེན་པོ་མི་གསལ་བའི་རིགས་ཀྱང་ཐོག་མཐའ་ཀུན་ན་མང་དུ་མཆིས་མོད། གསར་སློབ་པ་ཞིག་ལ་མཚོན་ན་དེ་དག་སོ་སོར་དཔེར་བརྗོད་འབྲི་བ་དང་། བསམ་བློ་ཡང་ཡང་བཏང་ནས་རང་རྒྱུད་ལ་གོམས་པར་བྱས་ན་ཕན་པ་ལས་གནོད་པ་ཆེ་བར་མ་མཐོང་ངོ་།།

མདོར་ན་མི་སུ་ཡིན་རུང་། ཁ་ནས་མི་འཁྲོལ་བའི་ཆ་ཞིག་དང་། གཞན་གྱིས་མི་རྟོགས་པའི་ཟུར་ཞིག  རྩོམ་པ་པོ་རང་རྒྱུད་ན་མངའ་བ་དེ་མཚོན་ཐབས་སུ་སྙན་ངག་གི་ལུགས་འདིར། འཆར་ཡན་དང་། སྒྲོ་བཏགས། འུད་བརྗོད་སོགས་ཀྱི་ལམ་ལ་བརྟེན་དགོས་ཕྱིར། དམིགས་བསལ་གྱི་རིགས་ལམ་ཞིག་དང་། དམིགས་བསལ་གྱི་བསམ་ལུགས་ཤིག་ཡོད་པ་ཡང་ཞར་ནས་གོ་བར་གྱིས། 

                རོང་བོ་དགེ་འདུན་ལྷུན་གྲུབ།