1༽ དོན་དག་ཚང་མ་འདྲ་མཉམ་ཡིན་ངེས།
བྱིས་པར་སློབ་གསོ་གཏོང་བའི་གནད་དོན་གྱི་ངོས་ནས། བྱིས་པ་ལོ་ན་ཆུང་དུས་ཁྱེད་ཀྱིས་ཁོའི་ཆེད་དུ་དཀའ་ལས་ཅི་ཙམ་བརྒྱབ་པ་དང་། སློབ་གསོ་བཏང་བ་ཇི་ལྟར་དཔྱོད་ཤེས་དང་ལྡན་ལ་ཚན་རིག་དང་མཐུན་ན། ནར་སོན་རྗེས་ཁྱེད་རང་དེ་ལྟར་སེམས་ཁྲལ་ཇེ་ཆུང་དང་། གང་ཞིག་འགྲུབ་པའི་ཚོར་བ་ཇེ་ཆེ་ཡིན་ངེས།

2༽ ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་ཡིན་ལ། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་ཡིན་ཞེས་པ་ནི་
བདེན་ལུགས་རེད།
བྱིས་པར་སློབ་གསོ་གཏོང་བ་ལ་ཚན་རིག་དང་མཐུན་པའི་འཆར་གཞི་དང་། རྣམ་པར་དག་པའི་མཛུབ་སྟོན། དཔྱོད་ཤེས་དང་ལྡན་པའི་བྱེད་ཐབས་ཡོད་དགོས་ལ། ཕ་མ་གཉིས་ཀས་མིག་དཔེ་ལེགས་པོ་སྟོན་དགོས། བྱིས་པའི་འཚོ་བའི་གོམས་གཤིས་དང་། བྱ་བ་སྒྲུབ་ཚུལ། བསམ་གཞིག་གཏོང་སྟངས། འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་སུ་ཁྱེད་ཅག་གི་བག་ཆགས་ཡོད་དེ། བྱིས་པ་ལོ་ན་ཆུང་དུས་སློབ་སྦྱོང་བྱེད་པའི་རྣམ་པ་གཙོ་བོ་ནི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ལད་མོ་བྱེད་པ་དེའོ། །

3༽ བྱ་བའི་དོན་དུ་བྱིས་པ་སྣང་མེད་དུ་འཇོག་མི་རིགས།
ཕ་མ་དག་གིས་རང་གི་བྱ་བའི་དོན་དུ་བྱིས་པའི་སློབ་གསོ་སྣང་མེད་དུ་འཇོག་མི་རིགས་ཏེ། དེ་ལྟ་མིན་ན་བྱིས་པ་ནར་སོན་རྗེས་ཁྱེད་ཀྱི་བྱ་བཞག་བརླག་པའི་ཉེན་ཁ་ཆེ། རང་གི་ངལ་གསོ་དང་རྣམ་གཡེང་གི་ཆེད་དུ་བྱིས་པར་འབྲེལ་འདྲིས་བྱེད་པ་སྣང་མེད་དུ་འཇོག་མི་རིགས་ཏེ། དེ་ལྟ་མིན་ན་བྱིས་པ་ནར་སོན་རྗེས་ཁྱེད་ལ་བདེ་བར་སྡོད་པའི་གནས་མེད་པར། ཁྱེད་རང་སྔར་ལས་ལྷག་པར་སེམས་སྡུག་དང་། ཁོང་ཁྲོ། ཐབས་ཟད་འུ་ཐུག་གི་གནས་སུ་ལྷུང་ངེས།

4༽ བྱིས་པར་བདེན་རྫུན་རྣམ་པར་འབྱེད་པའི་ལྟ་བ་ཆགས་པར་མཐོང་ཆེན་བྱེད་དགོས།
བྱིས་པ་ལོ་ན་ཆུང་བས་ཅི་ཡང་མི་ཤེས་པ་ལ། རང་གི་ཕ་མ་དང་། ཨ་མེས་དང་ཨ་ཕྱིའམ་སྤོ་བོ་དང་རྨོ་མོའི་སྟེང་ལ་ལག་པ་འགུལ་དུས། ང་ཚོ་གཏན་ནས་དགོད་མི་རུང་བ་མ་ཟད། བྱིས་པར་ནུས་པ་ཇེ་ཆེར་གྱུར་པར་ལྷག་ཏུ་སེམས་མི་རུང་། སྐབས་དེར་གཟབ་ནན་སྒོས་བྱིས་པ་ལ་དེ་ནི་ནོར་འཁྲུལ་ཡིན་པས། རྒན་པ་ལ་བརྩི་བཀུར་བྱེད་དགོས་ཚུལ་སྟོན་དགོས།
དེ་ལྟ་མིན་ན་བྱིས་པས་གཞན་གྱི་སྟེང་ལ་ལག་པ་འགུལ་ན་ཁྱིམ་མི་དག་དགའ་བར་འགྱུར་བའི་གནས་སུ་འཁྲུལ་ཏེ། དེ་ནི་རང་ལ་དོན་ལྡན་གྱི་ལས་འགྲུབ་ཐབས་སུ་བྱས་ནས་བདེན་རྫུན་རྣམ་པར་འབྱེད་པའི་ལྟ་ཚུལ་འཁྲུག་འགྲོ་ལ། ནར་སོན་རྗེས་ཁོས་ཁྱེད་ཀྱི་སྟེང་ལ་ལག་པ་འགུལ་བའི་ཉེན་ཁའང་ཆེ། གོང་གསལ་འདི་དག་གི་རིགས་ལ་ང་ཚོས་རྩིས་མཐོང་ཆེན་པོ་བྱེད་པར་རིགས།

5༽ བྱིས་པར་ནོར་བ་ཏོག་ཙམ་བྱུང་ན་ལག་པ་གཏན་ནས་འགུལ་མི་རུང་།
རྒྱུ་མེད་རྐྱེན་མེད་དུ་རང་གི་མི་བདེ་བ་དེ་ཉིད་བྱིས་པའི་སྟེང་ལ་སྟོན་མི་རུང་སྟེ། དེ་ལྟ་མིན་ན་ཁྱེད་ཀྱི་དྲག་ཤུགས་ཀྱི་སྤྱོད་སྟངས་དེ་ཉིད་བྱིས་པའི་ངོས་ནས“དར་རྒྱས་གོང་འཕེལ”དུ་འགྲོ་ངེས།
དེ་བས་འདིར་དོ་སྣང་བྱ་དགོས་པ་ཞིག་ལ། འདིར་ནན་ཏན་ཆེས་ཆེར་བྱེད་པ་ནི་ནོར་བ་ཏོག་ཙམ་བྱུང་ན་ལག་པ་གཏན་ནས་འགུལ་མི་རུང་ཞེས་བཤད་པ་ཡིན་གྱི། ལག་པ་གཏན་ནས་འགུལ་མི་རུང་ཞེས་བཤད་པ་ནི་མ་ཡིན་ནོ། ། གནད་འགག་ནི་ལག་པ་ག་དུས་འགུལ་དགོས་པ་དང་། ལག་པ་འགུལ་བའི་དམིགས་ཡུལ་ཅི་ཞིག་ཡིན་པ། ལག་པ་ཇི་ལྟར་འགུལ་བ་བཅས་ཤེས་རྒྱུ་དེ་ཡིན། ཐལ་མཐར་ལྷུང་བའི་ནོར་འཁྲུལ་ཁ་ཤས་ལ་བྱེད་ཐབས་ཐལ་ཆེ་བ་མ་སྤྱད་ན་བྱིས་པས་བརྗེད་སླ་བས། དགོས་ངེས་ཀྱི་ཆད་པ་ནི་གདོན་མི་ཟ་བར་གཅོད་དགོས་སོ། །
གནད་དོན་ཆེན་པོ་བྱུང་བའི་བྱིས་པ་ཁ་ཤས་ལ་ཁྱིམ་བདག་གིས་ད་རུང་ངས་ཆུང་དུས་ནས་ཁོའི་སྐྲ་ཉག་གཅིག་ཀྱང་སྒུལ་མ་མྱོང་ཞེས་ནན་ཏན་བྱེད་མོད། དོན་ལ་རྒྱ་ཡན་དུ་བཏང་བའི་ནོར་འཁྲུལ་བཟོས་ཡོད་པ་མངོན་པར་གསལ།

6༽ བྱིས་པའི་མཚར་འཛིན་གྱི་བློ་རྨེག་མེད་དུ་གཏོང་མི་རུང་ལ། གང་འདོད་དུ་བྱིས་པའི་མི་གཞི་དང་རྩིས་ཐང་རྡོག་རོལ་དུ་གཏོང་མི་རིགས།
བྱིས་པ་ཇི་ལྟར་ཆུང་ན་ཁྱེད་ཀྱི་སྐད་ཆར་དེ་ལྟར་ཡིད་ཆེས་ལ། ཁོ་ཚོས་ངང་ངམ་ཤུགས་ཀྱིས་ཁྱེད་ཀྱི་སྐད་ཆ་ཚད་གཞིར་འཛིན་ངེས། ནམ་རྒྱུན་ཕ་མའི་སར་རང་བརྩིའི་བསམ་པ་ལ་གནོད་པ་ཕོག་ན། ཁྱེད་ཀྱི་བྱིས་པར་རང་རྟོན་དང་གསོན་ཤུགས་ཉམས་པར་འགྱུར་ལ། མ་འོངས་པར་འགལ་རྐྱེན་ལ་གདོང་གཏོད་པའི་སྤོབས་པ་དང་། རྒྱལ་ཁ་ཐོབ་པའི་གོ་སྐབས་མང་པོ་ཤོར་འགྲོ་བ་མ་ཟད། ཐ་ན་སེམས་ཀྱི་བཀག་རྒྱ་རུའང་གྱུར་འགྲོ།

7༽ ཆུང་དུས་ནས་བྱིས་པར་འདུག་བཟོད་པའི་གོམས་གཤིས་གསོ་སྐྱོང་བྱེད་དགོས།
ཕ་མས་ནམ་རྒྱུན་བྱིས་པ་ཁྲིད་ནས་གང་སར་རྒྱུག་མི་རུང་། དེ་ལྟ་མིན་ན་བྱིས་པ་སློབ་གྲྭར་ཞུགས་རྗེས་དཀའ་ངལ་ལ་འཕྲད་ངེས་ཏེ། སློབ་སྦྱོང་བྱེད་པ་ལ་ཐོག་མར་འདུག་བཟོད་དགོས་པའི་ཕྱིར།

8༽ བྱིས་པར་བསྟུན་ཐབས་འབའ་ཞིག་གཏན་ནས་བྱེད་མི་རུང་།
བྱིས་པ་གཅེས་ལང་དུ་བཏང་ནས། ཆུང་དུས་སུ་ང་ཁོའི་སྟེང་ལ་ཇི་ལྟར་བཟང་ན། ཁོ་རང་ནར་སོན་རྗེས་ངའི་སྟེང་ལ་དེ་ལྟར་བཟང་ངེས་པར་འདོད་མི་རུང་སྟེ། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། ཁྱེད་ཀྱིས་བྱིས་པ་གཅེས་ལང་དུ་བཏང་དྲགས་ན། བྱིས་པ་ལ་འདི་ལྟ་བུའི་ལྟ་ཚུལ་ཞིག་ཆགས་ངེས་ཏེ། ཕ་མས་ངའི་ཆེད་དུ་སྒྲུབ་པ་འདི་དག་ཐམས་ཅད་ནི་སྒྲུབ་འོས་པ་ཞིག་ཡིན་པར་འདོད་ནས། ཁོ་ལ་དྲིན་གཟོ་བའི་བསམ་པ་མེད་པར་འགྱུར་ངེས།
ནར་སོན་རྗེས་ཁྱེད་ཀྱིས་ཁོའི་རེ་བ་སྐོང་མི་ཐུབ་པའི་ཚེ་ན། ཁྱེད་ཀྱི་སྡུག་བསྔལ་གྱི་མགོ་བརྩམས་པ་ཡིན།

9༽ བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་ཀྱི་གནད་འགག་གི་དུས་སྐབས་འགའ་དམ་འཛིན་བྱེད་དགོས།
དང་པོ་ནི། ལོ་གསུམ་གྱི་སྔོན་ནི་བྱིས་པའི་སྐད་ཆ་དང་། བསམ་གཞིག སྤྱོད་ལམ། བདེན་རྫུན་རྣམ་པར་འབྱེད་པའི་ལྟ་ཚུལ་ཆགས་པའི་གནད་འགག་གི་དུས་སྐབས་ཡིན།
གཉིས་པ་ནི། སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པ་ནི་སློབ་སྦྱོང་གི་སྤུས་ཀ་དང་། སློབ་སྦྱོང་གི་གོམས་གཤིས། བདག་གི་འདུ་ཤེས་བསྐྱེད་པའི་གནད་འགག་གི་དུས་སྐབས་ཡིན།
གསུམ་པ་ནི། ལང་ཚོའི་དུས་སྐབས་ཡིན་ལ། དུས་སྐབས་འདིར་བྱིས་པ་ལ་འགྱུར་བ་ཧ་ཅང་ཆེ་ཞིང་། གལ་ཏེ་མཛུབ་སྟོན་བྱས་པ་མི་ལེགས་ན། དུས་སྐབས་འདིར་ཁྱེད་རང་ཅི་བྱ་གཏོལ་བྲལ་དུ་འགྱུར་སླ་ལ། ཁོས་གླེན་རྟགས་མང་པོ་སྟོན་ངེས་ཤིང་། ཐ་ན་མི་ངན་པར་ཡང་འགྱུར་སྲིད།

10༽ ཕ་མས་གང་ནུས་ཅི་ཐུབ་ཀྱིས་བྱིས་པའི་མདུན་ནས་བཟའ་འཁོན་བྱེད་མི་རུང་།
ཕ་མས་གང་ནུས་ཅི་ཐུབ་ཀྱིས་བཟའ་འཁོན་བྱེད་མི་རུང་ལ། མ་མཐའ་ཡང་བྱིས་པའི་མདུན་ནས་བཟའ་འཁོན་བྱེད་མི་རུང་ཞིང་། ལྷག་ཏུ་ལག་པ་འགུལ་མི་རིགས། དེ་ལྟ་མིན་ན་ཁྱིམ་ཚང་ཞེས་པའི་བདེ་འཇགས་ཀྱི་བསྟི་གནས་འདིས་བྱིས་པར་བདེ་འཇགས་མ་ཡིན་པའི་ཚོར་བ་སྟེར་ལ། དེས་བྱིས་པ་དག་ལ་སེམས་ཁམས་ཀྱི་གནད་དོན་མང་པོ་འབྱུང་བར་བྱེད་ངེས།
བདེ་འཇགས་ཀྱི་ཚོར་བ་དང་འབྲལ་བའི་བྱིས་པས་གདོན་མི་ཟ་བར་ཕྱི་རོལ་ནས་བདེ་འཇགས་ཀྱི་ཚོར་བ་འཚོལ་དགོས་ལ། དེ་ལྟ་ན་ཚོགས་པ་ཆུང་ངུ་མི་ལེགས་པར་ཞུགས་པ་དང་ཆུང་དུས་དགའ་རོགས་འཚོལ་བ་ལ་སོགས་པའི་གནད་དོན་འབྱུང་ངེས།

11༽ ཆུང་དུས་ནས་བྱིས་པར་ཕོ་མོའི་ཁྱད་པར་གྱི་འདུ་ཤེས་སྐྱེད་སྲིང་བྱེད་དགོས།
བུ་མོ་ཆུང་ཆུང་ལ་བུ་མོའི་ལྭ་བ་གྱོན་དུ་འཇུག་པ་དང་བུ་མོའི་ཁྱད་ཆོས་ཡོད་དགོས་ལ། བྱིས་པ་ཕོ་ལ་ཕོ་ཡི་ཁྱད་ཆོས་ལྡན་དགོས། དེ་ལྟ་མིན་ན་ཁྱེད་ཀྱི་བྱིས་པ་ཕོ་ལུས་མོ་ཁ་དང་མོ་ལུས་ཕོ་བྱེད་ཅན་ཞིག་ཏུ་འགྱུར་བའམ་དེ་ལས་ཀྱང་ཚབས་ཆེ་བའི་སེམས་ཁམས་ཀྱི་ནད་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ།

12༽ ནམ་ཡང་བྱིས་པ་ནི་ཅི་ཡང་མི་འཇོན་པ་ཞིག་ལ་བརྩི་མི་རུང་།
བྱིས་པའི་ལེགས་ཆ་འདོན་སྤེལ་བྱེད་དགོས་ཏེ། བྱིས་པ་རེ་རེ་ལ་རང་གི་ཁྱད་ཆོས་རེ་ཡོད། ཁྱད་ཆོས་དེ་དག་ནི་བྱིས་པའི་མ་འོངས་པར་རྒྱལ་ཁ་ཐོབ་པའི་ལྡེ་མིག་ལྟ་བུ་ཡིན། དེ་ལྟར་མ་བྱས་ཚེ་ཁྱེད་ཀྱིས་བྱིས་པའི་མི་མངོན་པའི་ནུས་པ་རྨེག་མེད་དུ་གཏོང་ཉེན་ཆེ་ལ། ཁྱེད་ནི་བྱིས་པའི་ཤེས་པ་འཇོམས་པའི་གཤེད་མ་རུ་འགྱུར་ཉེན་གདའ།
གཞན་དུ་ནམ་ཡང་བྱིས་པ་ལ་ནོར་འཁྲུལ་ཅི་ཡང་མེད་པར་ཡང་བལྟ་མི་རུང་། རང་ཉིད་ཀྱི་བྱིས་པ་ལ་བློ་གཟུ་བོས་ངོས་འཛིན་བྱེད་རྒྱུ་དེ་ནི་ཕ་མ་ལ་མཚོན་ན་གལ་ཆེན་ཞིག་ཡིན། ཁྱིམ་བདག་ལ་ལ་བྱིས་པ་ལ་ཧ་ཅང་དགའ་བས་དེའི་བཟོས་ནོར་འཁྲུལ་ཡང་ཡག་སྣང་སྐྱེ་བཞིན་ཡོད། བྱིས་པ་རེ་འགས་ཁྱིམ་བདག་ལ་སྡིགས་མོ་བྱས་ཀྱང་ཁྱིམ་བདག་གིས་དེ་དང་ལེན་བྱེད་བཞིན་ཡོད། དེ་ནི་ཕྲུ་གུ་གཅེས་ལང་དུ་བཏང་བ་རེད།

13༽ ནམ་ཡང་བྱིས་པའི་རྒྱུགས་འབྲས་དེ་ཉིད་བྱིས་པ་ལ་གདེང་འཇོག་བྱེད་པའི་ཚད་གཞི་འབའ་ཞིག་ཏུ་བརྩི་མི་རུང་།
བྱིས་པའི་མི་གཤིས་དང་རྐྱེན་ངན་ལ་གདོང་གཏོད་པའི་ནུས་པ། མི་དང་མིའི་འབྲེལ་བ་སོགས་ནི་རྒྱལ་ཁ་དང་བདེ་སྐྱིད་ཐོབ་བྱེད་ཀྱི་ཆ་རྐྱེན་གལ་ཆེན་ཡིན། ཕྱོགས་ཡོངས་ནས་བྱིས་པ་ལ་གདེང་འཇོག་བྱེད་ཤེས་པའི་ཁྱིམ་བདག་ནི་སློབ་གསོའི་འདུ་ཤེས་སྔོན་ཐོན་ཡིན་པའི་ཁྱིམ་བདག་ཡིན། འོན་ཀྱང་ཁྱིམ་བདག་གི་ཤེས་ཡོན་དང་ཁྱིམ་ཚང་གི་གནས་ཚུལ་སོགས་ཀྱི་དབང་གིས་འདུ་ཤེས་དེ་ཡོད་མཁན་ཧ་ཅང་ཉུང་ཉུང་རེད།

14༽ ནམ་ཡང་བྱིས་པ་བྱིས་པར་བརྩི་མི་རུང་།
བྱིས་པ་དང་འདྲ་མཉམ་གྱིས་འབྲེལ་འདྲེས་བྱེད་ཤེས་དགོས་ལ། བྱིས་པའི་བསམ་ཚུལ་དང་ལྟ་ཚུལ་ལ་ཉན་མཁས་དགོས་ཤིང་། བྱིས་པའི་འདོད་ཚུལ་ལ་བརྩི་བཀུར་བྱེད་དགོས། བྱིས་པའི་བསམ་ཚུལ་ལ་དགག་པ་ཁོ་ན་རྒྱག་མི་རུང་། དེ་ལྟར་བྱས་ཚེ་ད་གཟོད་བྱིས་པ་དང་བར་ཐག་ཉེ་རུ་འགྱུར་ཞིང་། དཀའ་གནད་ལ་ཐུག་ཚེ་ཁྱེད་དང་མཉམ་དུ་གྲོས་བྱེད་ཅིང་། ཕ་མ་དང་བུ་ཕྲུག་གི་འབྲེལ་བ་བཟང་པོར་ཆགས་ཐུབ།
ངས་འདི་ནས་ནམ་ཡང་བྱིས་པ་མི་རྒན་དུ་བརྩི་མི་རུང་ལ་བྱིས་པར་ཡང་བརྩི་མི་རུང་ཞེས་ནན་གྱིས་ཞུས་པ་ཡིན། དེ་ནི་ཕ་མ་བུ་ཕྲུག་གི་འབྲེལ་བ་བཟང་པོ་ཞིག་འཁྱོངས་པར་འབད་པ་བྱས་པ་ཡིན། བྱིས་པ་མི་རྒན་དུ་མ་བརྩི་ཟེར་དོན་ནི་མི་རྒན་གྱི་བསམ་གཞིག་བྱེད་སྟངས་དང་དོན་གཅོད་མཚན་ཉིད་རིག་པ། བྱ་སྤྱོད་སོགས་ཚད་གཞིར་བཟུང་ནས་བྱིས་པ་དང་འབྲེལ་འདྲིས་བྱེད་མི་རུང་ཞེས་པ་དེའོ། །

15༽ ཆུང་དུས་ནས་བཟུང་བྱིས་པར་རྒྱུ་ནོར་དོ་དམ་གྱི་ནུས་པ་སྐྱེད་སྲིང་བྱེད་དགོས།
བྱིས་པར་སྒོར་མོ་སྟེར་བའི་གྲངས་ཀ་ལ་ཚོད་འཛིན་བྱེད་དགོས། ཚད་ལས་བརྒལ་ན་བྱིས་པས་དངུལ་གང་འདོད་ཏུ་བརླག་པ་དང་གཏོང་ཕོད་ཆེ་མདོག་བྱེད་པ། རྐྱལ་སྟོང་དུ་འགྱུར་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་འབྱུང་སྲིད། སྒོར་མོ་སྟེར་བའི་གྲངས་ཀ་ཚོད་འཛིན་བྱེད་དྲག་ན་བྱིས་པར་རྒྱུ་དམར་ཆེ་རུ་བཏང་ནས་བྱིས་པའི་མ་འོངས་པའི་འབྲེལ་འདྲིས་དང་རྒྱུ་ནོར་སྒྲུབ་པའི་ནུས་པ་ལ་ཤུགས་རྐྱེན་ཐེབས་སྲིད།

16༽ དགེ་རྒན་གཞན་མི་ལ་མ་བརྩི།
བྱིས་པར་ཆ་བཞག་ན་དགེ་རྒན་དང་ཁྱིམ་བདག་གཉིས་ཀ་སློབ་གསོ་གཏོང་མཁན་ཡིན་པ་འདྲ། དེ་གཉིས་ཀྱིས་མཉམ་འབྲེལ་བྱས་ན་བྱིས་པའི་སློབ་གསོ་ལྡབ་འགྱུར་གྱིས་འཕེལ་ཐུབ་ལ། བྱིས་པས་ནོར་འཁྲུལ་བཟོ་དུས་ལྷག་ཏུ་དེ་འདྲ་ཡིན།

17༽ བྱིས་པར་ངལ་རྩོལ་བྱས་ན་གྲུབ་འབྲས་ཐོབ་པའི་འདུ་ཤེས་ཆགས་སུ་འཇུག་དགོས།
གལ་ཏེ་བྱིས་པས་ཇི་ལྟར་འབད་ན་འབྲས་བུ་དེ་ལྟར་བཟང་བར་འདོད་ཚེ། བྱིས་པའི་ཡར་ཐོན་ཀྱི་བསམ་པར་སྐུལ་འདེད་དང་ཡང་དག་པའི་རྒྱུ་ནོར་གྱི་འདུ་ཤེས་ཆགས་པར་སྐུལ་འདེད་བྱེད་ཐུབ།

18༽ བྱིས་པའི་ངན་རངས་སྒེར་གཤིས་སུ་བསམ་ནས་སྐྱེད་སྲིང་བྱེད་མི་རུང་།
སྤྱི་ཚོགས་ལ་གོམས་པ་ནི་བྱིས་པ་འཚར་ལོངས་འབྱུང་བ་དང་འཕེལ་རྒྱས་སུ་འགྲོ་བ། མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་ལས་དོན་ལེགས་འགྲུབ་འབྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

19༽ ཁྱེད་ཚོའི་གནོན་ཤུགས་དང་བསམ་ཚུལ་གང་འདོད་དུ་བྱིས་པའི་སྟེང་ལ་མ་བགོ།
ཁྱིམ་བདག་ལ་ཁྱིམ་བདག་གི་ལོ་རྒྱུས་ཡོད་ལ། བྱིས་པ་ལ་བྱིས་པ་ཡི་མ་འོངས་པ་ཡོད། ཁྱིམ་བདག་ལ་ཁྱིམ་བདག་གི་གནས་ཚུལ་ཡོད་ལ། བྱིས་པར་ཡང་བྱིས་པ་ཡི་བསམ་ཚུལ་ཡོད། སྤྱོད་ཚུལ་བཟང་ཤོས་ནི་བྱིས་པར་སྤྱིའི་ཆ་ནས་མཛུབ་སྟོན་དང་བྱིས་པར་འབྲེལ་འདྲེས་བཟང་པོ་བྱེང་པའི་རྨང་གཞིའི་སྟེང་བྱིས་པར་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་དབང་ཆ་སྤྲད་ན་བཟང་།

20༽ བྱིས་པར་དགའ་རོགས་སྒྲིག་སྔ་བའི་གནས་ཚུལ་ཡོད་པ་ཤེས་མ་ཐག་སྤོ་ལངས་མི་རུང་།
དེ་ལ་མཚམས་ལན་རེར་ཁྱིམ་བདག་གིས་ཚོད་འཛིན་བྱེད་རྒྱུ་ཧ་ཅང་དཀའ། བྱིས་པར་གནད་དོན་དེ་རིགས་ཡོད་ན་འཚབ་མི་དགོས་ལ་བྱིས་པར་ལེ་བདའ་ཡང་བྱེད་མི་རུང་། འདྲ་མཉམ་གྱི་ངང་ནས་བྱིས་པ་དང་ཁ་ཏ་བྱས་ཏེ་ཁོ་ཚོའི་བསམ་ཚུལ་ལ་ཉན་དགོས། དེ་ནས་བྱིས་པར་ལུགས་མཐུན་གྱི་རེ་བ་འདོན་པ་དང་མཛའ་གྲོགས་སྒྲིག་པའི་ཚད་བཅར་འདྲི་བྱེད་དགོས། དེ་མིན་ན་མཇུག་འབྲས་ལོག་པ་འབྱུང་ཉེན་ཡོད། ཁོ་ཚོས་བརྩེ་དུང་གི་ཆེད་དུ་ཅི་ཡང་སྒྲུབ་ངེས་ཏེ། སྐབས་འདིར་བྱིས་པ་ད་དུང་ནར་སོན་མེད་པས་ཧོལ་རྒྱུག་དང་ངར་ལངས་པ་ནི་ཁོ་ཚོའི་ཁྱད་ཆོས་ཡིན་པའི་ཕྱིར།