དེ་ཡང་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྣོད་བཅུད་མ་ལུས་པ་མཛེས་པར་བྱེད་པའི་མཛེས་རྒྱན་དམ་པ། མཉམ་མེད་དོན་ཀུན་གྲུབ་པའི་མདོ་རྒྱུད་ལེགས་བཤད་ཀྱི་མཛོད་ལ་དབང་བའི་ཆོས་ཀྱི་རྒྱལ་ཚབ། ངེས་དོན་གྲུབ་པའི་དབང་ཕྱུག་སྐལ་ལྡན་ཡབ་སྲས་དང་། འཇིགས་མེད་ཐུབ་པ་ཡབ་སྲས་ཀྱི་བཀའ་བརྒྱུད་གྲྭ་ཟུར་མ་ཉམས་པར་འཛིན་པའི་ཐེག་པ་མཆོག་གི་བཤེས་གཉེན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་གིས་བློ་གྲོས་ཀྱི་མགུལ་བ་མཛེས་པར་བརྒྱན་པའི་དུས་རབས་ཀྱི་སྒྲོན་མེ། སྙན་ངག་སྨྲ་བ་མཐའ་དག་གི་གཙུག་ཏོར་ལ་ཞབས་སེན་ལི་ཁྲིའི་ཐིག་ལེ་ཅི་འདོད་དུ་འགོད་པའི་སྙན་ངག་པ་ཆེན་པོ། གྲགས་པ་དཀར་བོའི་མེ་ཏོག་གི་འདབ་མ་ཕྱོགས་ཀྱི་མཁས་པ་དག་གི་ལྗགས་རྩེ་ན་རྒོད་པ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་བ་དང་ངོ་བོ་དབྱེར་མ་མཆིས་པ། གསེར་ལྗོངས་ཡུལ་གྱི་རིགས་པའི་དཔའ་བོ་དང་པཎྚི་ཏ་ཆེན་པོ། རྗེ་འཇིགས་མེད་ཐེག་མཆོག་གམ་འཇིགས་མེད་ཆོས་ཀྱི་རྡོ་རྗེ་དཔལ་བཟང་པོ་མཆོག་གི་བློ་གྲོས་ཀྱི་ཉིང་བཅུད་ལ་འཁྲུངས་པའི་གསུང་རྩོམ་པདྨ་དཀར་པོ་ཁ་ཕྱེ་བ་ལྟ་བུ། ཚིག་འབྲུ་བཟང་པོའི་འདབ་ཕྲེང་ལྷུག་པར་བཞད་པ། དོན་བཟང་མེ་ཏོག་གི་ཟེའུ་འབྲུའི་མགོ་ལྕོག་ལྡེམ་པ། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ལྷ་ཡི་ལུང་དང་ཚངས་པའི་དབྱངས་ལྟ་བུ། རྒྱུ་སྐར་གྱི་ཚོམ་བུ་ནམ་མཁར་བརྡལ་བ་ལས་ཀྱང་མངོན་གསལ་ཆེ་བ། ཆུ་གཏེར་གྱི་ཕུང་བོ་ས་གཞིར་འཁྱིལ་བ་ལས་ཀྱང་གཏིང་མཐའ་མེད་པ། མར་གྱི་ཉིང་ཁུ། གསེར་གྱི་ཞུན་མ། དཔྱད་གསུམ་གྱིས་དག་པ། ཚུལ་གསུམ་གྱིས་གྲུབ་པ། ཕལ་བས་མཐོང་ན་སྨོན་པ་ཤོར་བ། མཁས་པས་མཐོང་ན་རྐན་སྒྲ་གཏོག་པ། གཟུར་གནས་རྣམ་དཔྱོད་ཅན་ལ་འཛུམ་མདངས་སྟེར་བ། མིག་སེར་ཕྲག་དོག་ཅན་ལ་ཟུག་རྔུ་སློང་བ། གཉེན་གྱིས་མཐོང་ན་དྲན་གདུང་འཆོར་བ། དགྲ་ཡིས་རིག་ན་འཇིགས་སྐྲག་བསྐྱེད་པ། བློ་ཁ་རབ་འབྲིང་ཐ་གསུམ་གྱི་བློ་གྲོས་ཀྱི་སྒོ་མོ་བདེ་བླག་ཏུ་འབྱེད་ཐུབ་པ། འདོད་པ་མི་འདྲ་དུ་མ་ཡི་རེ་བ་མ་ལུས་པར་སྐོང་ནུས་པ། བཀླགས་ན་མེ་ཏོག་སྣ་བརྒྱའི་སྐྱེད་ཚལ་དུ་འགྲིམས་པ་ལྟ་བུ། མྱངས་ན་ཞལ་ཟས་རོ་བརྒྱའི་འདོད་ཡོན་ལ་རོལ་བ་ལྟ་བུ། ཆུ་ཡི་ལྗོན་ཤིང་ལྟ་བུ་མ་ཡིན་པར་ནང་སྣུམ་ལ་ཕྱི་རྫིག་པ། སྟར་སྐོགས་སྐམ་པོ་ལྟ་བུ་མ་ཡིན་པར་ནང་སྨིན་ཤིང་ཕྱི་སྨིན་པ། བརྗོད་བྱ་རྒྱལ་དང་མཁས་པ་ཡི་གཞུང་ལ་ཁུངས་བཅོལ་བ། རྗོད་བྱེད་སྒྲ་དང་སྙན་ངག་གི་སྲོལ་ལ་རྐང་བརྟེན་པ། སྙིང་ལོག་ལོག་དང་གསེར་རྡོག་རྡོག་འདྲ་བའི་ངོ་མཚར་རྨད་དུ་བྱུང་བའི་བརྩམས་ཆོས་ཁག་རྣམས། བྱོན་ལེགས་ཤིང་དངོས་གཙང་བའི་གླེགས་བམ་ཆེན་པོ་དྲུག་ཏུ་བསྡུས་ཏེ། སྐྱེ་བོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཀྲམས་པ་ལ། མནན་པས་མི་ནོན་པའི་དགའ་སྤྲོ་དང་བཅས་ཏེ། བརྩམས་ཆོས་ཀྱི་ཆེ་བ་རྣམས་སྲོང་བོར་བརྗོད་པའི་ལུགས་གཉིས་མཉམ་སྦྲགས་ཀྱི་གཏམ། དངོས་པོའི་རང་བཞིན་བརྗོད་པའི་ལུགས་སུ་སྤེལ་བ་འདི་ཉིད། དབུ་འབྱེད་བཀྲ་ཤིས་རྟེན་འབྲེལ་གྱི་སྔོན་འགྲོ་ལེགས་སྐྱེས་སུ་གཏོར་བའི་མེ་ཏོག་དང་པོ་ཡིན།

ཆོས་རྗེ་ས་པཎ་གྱིས། ཐོག་མར་ཤེས་བྱ་ཀུན་ལ་མཁས་པར་བྱ།།བར་དུ་མཁས་པའི་ཚོགས་ལ་ལེགས་པར་བཤད།།ཐ་མར་འདྲིས་པའི་དོན་ལ་བརྩོན་པར་བསྒོམ།།དུས་གསུམ་རྒྱལ་བ་ཀུན་གྱི་བཞེད་གཞུང་ཡིན།།གསུངས་པ་ལྟར། རྗེ་བཙུན་འཇམ་པའི་དབྱངས་མི་ཡི་རྣམ་པར་རོལ་བའི་མཁས་པའི་དབང་པོ་འདི་ཉིད་ཀྱིས། དང་པོར་ཕྱི་ནང་རིག་པའི་གནས་ཀུན་ལ་ཕྱོགས་རིས་མེད་པར་བརྩོན་པའི་སྟོབས་བསྐྱེད་དེ། བཀྲ་ཤིས་ཐེམ་པ་ཡར་འཛེགས་ཀྱི་ཚུལ་དུ་སྦྱངས་པས་རིང་བོར་མ་ཐོགས་པར་མཁས་པའི་གོ་འཕང་བརྙེས། བར་དུ་རིག་གནས་སྤྱི་བྱེ་བྲག་གི་འཆད་ཁྲིད་མང་པོ་གསེར་གྱི་ཐང་མའི་ཚུལ་དུ་བརྡལ། རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ་སོགས། མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་བསྟན་བཅོས་མང་པོ་བརྩམས། ལུང་གི་ཆུ་རྒྱུན་དེད་དེ་རྒྱལ་བའི་བཀའ་ལ་གཏུགས། རིགས་པའི་གསང་ཚིག་བསྒྲགས་ཏེ་ལོག་སྨྲའི་སྤོབས་པ་བཅོམ། གཞུང་དོན་བམ་བཤད་ཙམ་དུ་མ་སོང་བར་ལུང་རིགས་རྐྱ་སྒྲིལ་དང་། དགག་སྒྲུབ་ཚད་མའི་ལམ་ནས་གཞུང་དོན་དཀའ་གནད་ཀྱི་རྒྱ་གྲོལ་བ་སོགས། གངས་རིའི་ཡུལ་གྲུ་སྤྱི་དང་ཁྱད་པར་དུ་གསེར་ལྗོངས་རིག་པའི་ཞིང་འདི་ཉིད་སྡེ་བཞིའི་རྒྱ་མཚོ་འཁྱིལ་བའི་རྫོགས་ལྡན་ལྟར་བྱས་པས། དོན་གནས་ཀྱི་སྙན་པ་ཕྱོགས་བཞིར་ཁྱབ། རིག་གནས་རྒྱུན་འཛིན་གྱི་བར་སྟོང་མང་པོ་ཁ་གསབ། རིག་པ་དོན་གཉེར་གྱི་གཞོན་སྐྱེས་མང་པོ་ལ་བརྩོན་པའི་ངར་བསླངས། སྲོག་དང་རྩ་བར་གྱུར་པའི་མི་རིགས་སློབ་གསོའི་ལས་དོན་ལ་དགེ་མཚན་ཐོན་ངེས་ཀྱི་རམ་བཏེགས། ཐོས་བསམ་སྒོམ་གསུམ་དང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས། ནང་རིག་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་། མ་ཉམས་རྒྱུན་འཛིན་ལ་གཞན་དང་མི་མཚུངས་པའི་མཛད་རྗེས་བཞག སྐུ་ཚེ་གང་བོ་མི་རིགས་རིག་གནས་དང་བཅས་པའི་དོན་དུ་ཕུལ། འདི་ནི་རྩོམ་པ་པོའི་རྣམ་ཐར་དགོས་དབང་གིས་མདོར་བསྡུས་སུ་ཞུས་པ་སྟེ། རྟེན་འབྲེལ་བདེན་ཚིག་གི་མཆོད་པར་ཕུལ་བའི་མེ་ཏོག་གཉིས་པ་ཡིན།

པཎྚི་ཏས་པཎྚི་ཏའི་ཡོན་ཏན་ཇི་ལྟ་བ་བཞིན་གཟིགས་པའི་སྒོ་ནས་གང་གི་མཛད་རྗེས་ཀྱི་རིམ་པ་གཏམ་དུ་གླེང་བ། འཇམ་དབྱངས་བླ་མ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་དྲང་སྲོང་བདེན་པའི་མགུར་དུ་བཞེས་པའི། རྗེ་འདི་ཉིད་ཀྱི་རྟོགས་པ་བརྗོད་པ་འཁྲི་ཤིང་གཞོན་ནུའི་མེ་ཏོག་ལས། ཁྱོད་དྲིན་ལག་པའི་མཛུབ་ཀྱི་རིས།།གངས་རིའི་ཐོད་དུ་བབས་པའི་རྗེས།།དུས་ཀྱི་མཐར་ཡང་རབ་གསལ་བ།།ཁ་བ་རི་བོའི་དཔལ་དུ་བརྗིད།།ཅེས་གསུངས་པ་ལྟར། ཤུལ་བཞག་ཤེས་རབ་ཀྱི་དངོས་པོ་རིན་ཐང་མེད་པ། འཛད་མེད་ཕྱག་རྗེས་ཀྱི་རི་མོ་སུས་ཀྱང་བསུབ་མི་ནུས་པ། ཡིག་རྡོག་རེ་རེ་ལ་གསེར་གྱི་ཐིགས་པ་ལྟ་བུའི་རིན་ཐང་དང་། ཚིག་ཕྲེང་རེ་རེ་ལ་གསེར་གྱི་འཕྲ་ཚོམ་ལྟ་བུའི་འོད་མདངས་འཚེར་བ། རིག་གནས་ཀྱི་ཞིང་ས་ལ་དུས་ཐོག་གི་ཆར་བ་ལྟ་བུའི་དགོས་མཁོ་ཡོད་པ། ཚིག་དོན་གྱི་ཆ་གང་ནས་ཀྱང་ཟླ་བ་རང་གསལ་དང་། ཉི་མ་རང་ཤར་ལྟ་བུའི་གསུང་པོད་འདི་དག རིག་གནས་ལ་དུངས་པའི་རྗེས་རབས་པ་རྣམས་ཀྱི་ཤེས་རིག་གི་རྨང་གཞི་ཚུགས་བྱེད་ཀྱི་སློབ་དེབ་དང་། རྣམ་དཔྱོད་ཀྱི་སྒོ་མོ་འབྱེད་བྱེད་ཀྱི་ལྡེ་མིག ཡོན་ཏན་གྱི་ཁོ་ལག་རྒྱས་བྱེད་ཀྱི་གྲུ་ཆར་ལྟ་བུར་སོང་སྟེ། ཁ་བ་གངས་ཅན་གྱི་རིག་གནས་སློབ་གསོ་སྐད་ཡིག་དང་བཅས་པ། བསྐལ་བའི་མཐར་ཡང་མི་ནུབ་འཕེལ་ཞིང་རྒྱས་པའི་གསོས་སྨན་དུ་འགྱུར་བ་སོགས། བསྟན་བཅོས་འདི་དག་བརྩམས་པའི་དགོས་པ་དང་། རྩོམ་པ་པོ་དང་བདག་ཅག་ཐུན་མོང་གི་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་ཤོག་ཅེས། ཤིས་བརྗོད་སྨོན་ལམ་གྱི་བདེན་པ་བདར་བའི་སྒོ་ནས་རྟེན་འབྲེལ་མཇུག་སྡུད་ཀྱི་མེ་ཏོག་གསུམ་པ་གཏོར་བ་ཡིན།

བཀྲ་ཤིས་བདེ་ལེགས།