ལོ་རྒྱུས་སྙན་ངག་རིང་མོ་མ་ཧཱ་བྷཱ་ར་ཏ་ནི་རྒྱ་གར་ལ་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས་ཡོད་པ་ལས་གཅིག་ཡིན་པ་དང་།  གཞན་དེ་ནི་ཀུན་གྱིས་མཁྱེན་གསལ་བཞིན་རཱ་མཱ་ཡ་ཎའོ།།

འདི་མཛད་མཁན་ནི་དྲང་སྲོང་རྒྱས་པ་ཡིན་ལ། མཚན་གཞན་ལ་རིག་བྱེད་རྒྱས་པ་ཅེས་ཀྱང་ཟེར། ཁོང་གིས་རིག་བྱེད་དག་བསྡུས་ཤིང་། སྔོན་གྱི་རབས་མཐའ་དག་བྲིས་པར་བཤད། ཚིགས་བཅད་སྟོང་ཕྲག་ཉེར་བཞི་ཡོད་པའི་མ་ཧཱ་བྷཱ་ར་ཏ་དེ་རིམ་གྱིས་སྟོང་ཕྲག་བརྒྱ་ཙམ་དུ་བསྐྱེད་ཅིང་འཛམ་བུ་གླིང་དུ་སྙན་ངག་ཆེས་རིང་ཤོས་སུ་གྱུར། དེ་ལྟ་ནའང་།  སྙན་ངག་རིང་མོ་འདི་ཕལ་མོ་ཆེས་མི་དུ་མ་ཞིག་གིས་བརྩམས་པར་བཤད་དེ། ཆེས་ཐོག་མའི་དུས་སྐབས་སུ།  དྲང་སྲོང་རྒྱས་པས་ཞལ་ནས་སྐྱོར་ཞིང་ཚོགས་བདག་གིས་ཡི་གེར་ཕབ་པར་གྱུར་བའི་ཚེ།   འདི་ལ་ཤོ་ལོ་ཀ་བརྒྱད་སྟོང་བརྒྱད་བརྒྱ་ཡོད་པར་བཤད་ཅིང་།   མིང་ལ་ཛ་ཡ་སྟེ་རྒྱལ་བ་བྱ།  དེ་ནི་མ་ཧཱ་བྷཱ་ར་ཏ་བྱ་བའི་སྙན་ངག་རིང་མོ་འདི་ཆེས་ཐོག་མའི་མིང་ཡིན་ནོ།།   དེ་ནས་རིམ་པ་གཉིས་པར།  དྲང་སྲོང་རྒྱས་པའི་སློབ་མ་བཻཤཱམྤ་ཡ་ཎས་རྒྱལ་བོ་ཛ་ན་མེ་ཛ་ཡ་མཆོག་ལ་བཤད་པའི་ཚེ།  འདི་ཤོ་ལོ་ཀ་སྟོང་ཕྲག་ཉེར་བཞིའི་བདག་ཉིད་ཅན་དུ་གྱུར་ལ། མིང་ལ་བི་ཛ་ཡ་སྟེ་རྣམ་པར་རྒྱལ་བའམ་རྣམ་རྒྱལ་ཞེས་ཐོགས།    དེ་ནས་རིམ་པ་གསུམ་པར་ཨུ་གྲ་ཤྲ་བ་ས་བྱ་བའི་སྙན་ངག་མཁན་གྱིས་ནཻ་མི་ཥ་བྱ་བའི་དབེན་པའི་ནགས་སུ་དྲང་སྲོང་ཤཽ་ན་ཀས་གཙོས་པའི་དྲང་སྲོང་གི་འདུན་པ་ཆེན་པོར་བཤད་པའི་ཚེ།  ཤོ་ལོ་ཀ་སྟོང་ཕྲག་བརྒྱའི་བདག་ཉིད་ཅན་དུ་གྱུར་ལ།  མིང་ལ་ད་ལྟ་ཀུན་ལ་རླུང་ལྟར་གྲགས་པའི་མ་ཧཱ་བྷཱ་ར་ཏ་བྱ་བ་འདི་བྱུང་བ་ཡིན་ནོ།།

དེ་ཡང་རྒྱས་པས་མ་ཧཱ་བྷཱ་ར་ཏར་རང་ཉིད་སྐྱ་སེང་དང་སྒྲ་ངན་གཉིས་ཀྱི་མེས་པོའི་ཚུལ་དུ་བཤད་ཡོད་དེ། རང་ཉིད་ཀྱི་མས་བསྐུལ་བ་ལ་བརྟེན་ནས་ཚངས་སྤྱོད་ལ་གནས་པའི་འཇིགས་སྡེའི་ཆུང་མ་དང་གདོལ་བའི་རིགས་ཀྱི་བྲན་མོར་བཤོས་པ་ལས་སྐྱ་སེང་དང་སྒྲ་ངན་གཉིས་བཙས་པའོ།།

རྒྱལ་བོ་ཡུལ་འཁོར་སྐྱོང་ནི་དམུས་ལོང་ཡིན་ཏེ། དྲང་སྲོང་རྒྱས་པས་དེའི་མ་དང་བཤོས་པའི་ཚེ་དེ་དངངས་ཏེ་མིག་བཙུམ་ནས་བསྡད་པས་བྱིས་པའང་དམུས་ལོང་ཞིག་སྐྱེས་སོ།། དེ་བཞིན་སྐྱ་སེང་ནི་སྐྱ་ཐལ་ལེར་སྐྱེས་པ་སྟེ། ཁོའི་ཨ་མ་ཨམྦི་ཀ་དྲང་སྲོང་རྒྱས་པ་ནང་ལ་ཐོན་མ་ཐག་འཇིགས་པ་དང་བཅས་ཏེ་ངོ་མདོག་སྐྱ་བོར་གྱུར་བས་བྱིས་པའང་སྐྱ་སེང་བ་ཞིག་སྐྱེས་པས་སྐྱ་སེང་ཞེས་ཐོགས།

དགོད་བྲོ་བ་ཞིག་ནི་གདོལ་བའི་རིགས་ཀྱི་བྲན་མོ་དེར་རིག་བྱེད་རྒྱས་པས་བཤོས་པ་ལས་སྐྱེས་པའི་བི་དུ་ར་ནི་མཁས་ཤིང་མཛངས་པ་སྟེ། དྷརྨ་སྟེ་ཆོས་ཀྱི་བུ་ཡུལ་འཁོར་སྐྱོང་ལས་ཀྱང་ཆོས་དང་མཐུན་པར་སྤྱོད་པ་ཞིག་བྱུང་ངོ་།།

བུ་རྒན་ཤོས་ཡུལ་འཁོར་སྐྱོང་ནི་དམུས་ལོང་ཡིན་པས། དེའི་ཆུང་བ་རྒྱལ་བུ་སྐྱ་སེང་རྒྱལ་ཁྲིར་མངའ་གསོལ་མཛད། དེ་ཡང་ཉིན་ཞིག་སྐྱ་སེང་འཁོར་དང་བཅས་ནགས་སུ་རི་དྭགས་རྔོན་དུ་ཕྱིན་པར། ཤྭ་བའི་གཟུགས་སུ་སྤྲུལ་བའི་དྲང་སྲོང་ངན་འདུལ་ཞེས་བྱ་བ་ཞིག་རི་དྭགས་མོ་དང་ལྷན་ཅིག་དགའ་མགུར་རོལ་གྱིན་ཡོད་པ་སྐྱ་སེང་གིས་ངོ་མ་ཤེས་ཏེ་མདས་བསྣུན་པ་དང་དེས་རང་གཟུགས་བསྟན་ཏེ།  ཤིན་ཏུ་ཁྲོས་ཏེ་ན་རེ།  ཇི་ལྟར་ཁྱོད་ཀྱིས་ང་དགའ་མགུར་སྤྱོད་པ་ན།  དགའ་བ་ཉམས་སུ་མྱོང་མ་མྱོང་བ་ཉིད་དུ་ལྔ་བའི་ལམ་དུ་འགྲོ་བར་འགྱུར་བར་བྱས་པས་ཁྱོད་ཀྱང་མ་འོངས་པ་ན་དེ་བཞིན་དུ་འཆི་བར་གྱུར་ཅིག་ཅེས་དམོད་པ་བོར་རོ། །  དྲང་སྲོང་གི་ཆུང་མས་ཀྱང་ཡམ་ཤིང་གི་ཕུང་བོའི་བརྩེགས་པའི་སྟེང་དུ་འཛེགས་ཏེ།  ཁྱོད་ཀྱི་ཆུང་མ་ཡང་ཁྱོད་ཤི་ནས་བསྲེག་པའི་ཤིང་ལ་འཛེགས་པར་གྱུར་ཅིག་ཅེས་དམོད་པའི་ཚིག་བཏབ་བོ།།

དེ་བས་སྐྱ་སེང་དམོད་པའི་འཇིགས་པས་རང་གི་ཆུང་མ་ཀུན་ཏི་དང་མ་དྲི་གཉིས་དང་ལྷན་ཅིག་སྤྱོད་པར་བྱེད་མ་ནུས་པར།   ནོར་ལོངས་སྤྱོད་ཡོངས་རྫོགས་བློས་བཏང་སྟེ་དབེན་པའི་ནགས་སུ་ཚངས་སྤྱོད་ཁོ་ནར་བསྟེན་ཏེ་གནས་སོ།།

སྐྱ་སེང་གིས་རང་གི་ཆུང་མར་རང་ཉིད་དང་མཚུངས་པའི་སྐྱེས་བུ་ཞིག་བསྟེན་ནས་བུ་ཞིག་བཙའ་དགོས་པར་བཤད་པས། ཀུན་ཏིས་ཀྱང་རང་ཉིད་ལ་དྲང་སྲོང་གནས་ངན་ལ་འོ་མ་ཕུལ་བའི་ལྷག་པའི་བསམ་པ་ལས་སྐྱེས་པ་སུ་བཀུག་ཀྱང་ཁུག་པའི་རིག་སྔགས་གནང་ཡོད་པ་དེ་སྤྱད་དེ་ཉི་མ་བཀུག་ནས་དེ་དང་ལྷན་ཅིག་ཏུ་བསྡད་པ་ལས་བུ་གཅིག་བྱུང་ཞིང་། དེའི་མཚན་ལ་རྣ་ཅན་ཞེས་བྱ་སྟེ་མ་ངོ་ཚ་ནས་ཟངས་ཀྱི་སྒྲོམ་དུ་བཅུག་སྟེ་རྒྱ་མཚོར་བསྐྱོད་པ་དག་ལ་བསྐུར་ནས་བཏང་བས་སྲིན་པོ་རྟ་གཟུགས་ཞེས་པས་སྒྲོམ་བརྙེས་ཏེ་ཁ་ཕྱེ་ནས་བལྟས་པས་བུ་གཅིག་བྱུང་བ་ལ་ངའི་བུ་བྱེད་ཟེར་ནས་ཁྱེར་ཏེ་ཆེར་གསོས་སོ།།  དེ་ནས་ཆོས་དང་མཉམ་དུ་སྤྱད་པས་བུ་གཡུལ་ངོར་བརྟན་པ་སྐྱེས་ཤིང་། རླུང་དང་སྤྱད་པས་འཇིགས་སྡེ། ཚངས་པ་ལས་བུ་སྲིད་སྒྲུབ་སྐྱེས།   སྐྱེས་པ་འགུག་པའི་རིག་སྔགས་ལྔ་ལས་ལྷག་མ་གཉིས་བཙུན་མོ་མ་དྲི་ལ་བསླབས་སོ།།  དེ་ནས་མ་དྲིས་ལྷའི་སྨན་པ་ཐ་སྐར་སྤུན་གཉིས་ལ་གསོལ་བ་བཏབ་པས་རིགས་མེད་དང་ལྷར་བཅས་ཞེས་བྱུང་བའི་སྔ་མ་ལ་མིག་གི་རྣམ་པར་ཤེས་པ་བརྟན་པོར་ཡོད་པ་དང་ཕྱི་མ་ལ་གཟུགས་མཛེས་པའི་ཡོན་ཏན་ལྡན་ནོ།།  དེ་ལྔ་ལ་སྐྱ་སེང་བུ་ལྔ་ཞེས་འཇིག་རྟེན་ན་གྲགས་སོ།།

དེ་ཡང་སྐྱ་སེང་གིས་ཡུན་རིང་བོར་ཚངས་པར་སྤྱོད་པ་སྤྱད་པ་དང་།  ཆུང་མ་མ་དྲིའི་གཟུགས་ཤིན་ཏུ་སྡུག་པ་མཐོང་བས་འདོད་པའི་འདོད་ཆགས་ལྷག་ཏུ་སྐྱེས་ཏེ།  ཁོ་བོ་ཤི་བ་ནི་བླ་ཡི་འདི་དང་ལྷན་ཅིག་དགའ་བ་ཉེ་བར་ལོངས་མི་སྤྱོད་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས།  མེ་ལྕེབས་མེ་ལ་ལྕེབས་པ་བཞིན་ཆུང་མ་མ་དྲི་དང་ལྷན་དུ་དགའ་མགུར་སྤྱོད་པར་བརྩམས་པ་དང་། དེ་མ་ཉིད་དུ་ཚེའི་དུས་བྱས་སོ།། མ་དྲི་ཡང་སྐྱ་སེང་གི་ཕུང་བོ་བསྲེགས་པ་དང་ལྷན་དུ་གཤེགས་པས།  ཤུལ་དུ་ལྷག་པའི་ཀུན་ཏི་ཁོ་ནས་བུ་ལྔ་བོ་ཆེར་བསྐྱེད་དོ།།

སྤུན་ཆེ་བ་ནགས་སུ་སོང་བ་ནས་ཡུལ་འཁོར་སྐྱོང་གིས་རྒྱལ་སྲིད་བསྐྱངས་ཤིང་། ཁོང་ལ་བུ་མེད་པས་ཡབ་དྲང་སྲོང་རྒྱས་པ་ལ་བསྙེན་བཀུར་མཆོག་ཏུ་བྱས་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་པས་ཡབ་ན་རེ།  ཁྱོད་ཀྱི་བཙུན་མོ་དམ་པ་དྲི་ཟ་མོ་ལ་བུ་བརྒྱ་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་བཙུན་མོ་དམ་པ་དྲི་ཟ་མོ་ལ་སེམས་ཅན་ཞུགས་ནའང་། དེ་ནས་ཟླ་བ་བཅུ་ཙ་ན།  བཙུན་མོས་དཀའ་ཐུབ་ཀྱི་ནགས་སུ་གཡུལ་ངོར་བརྟན་པ་བྱ་བ་འཁྲུངས་སོ་ཞེས་པ་ཐོས་པས་ཤིན་ཏུ་རྔམ་སྟེ་བསྒུག་མ་བཟོད་པར་གྲོད་པར་གཞུས་པ་ལས་ཤའི་གྲོད་ཐུམ་ལྟ་བུ་ཞིག་བཙས་པ་ཡབ་ལ་བསྙད་དེ།  བུ་བརྒྱ་བས་གཅིག་ཀྱང་མ་བྱུང་ངོ་བྱས་པས།  ཡབ་ན་རེ།  ཤའི་གྲོད་ཐུམ་དེ་ག་ལ་བུ་བརྒྱ་ཡོད་པ་ཡིན་གྱི་དེ་དུམ་བུར་བརྒྱར་གཏུབས་ལ་གོས་ཀྱིས་དྲིལ་ལ་སྦོས།   ཞག་བདུན་ལོན་པ་ན་སྟེང་ན་གང་འདུག་པ་དེ་ཕུ་བོ་ཡིན་པས་དེ་ལ་དགེ་སྡིག་གི་མཚན་མ་གང་འབྱུང་བར་འགྱུར་བ་བལྟའོ་ཞེས་ཟེར་རོ།།    བཙུན་མོ་དྲི་ཟ་མོས་ཀྱང་དེ་ལྟར་བྱས་ཏེ་ཞག་བདུན་ནས་བལྟས་པས་བྱིང་པ་ཆུང་ངུ་བརྒྱ་ཐམ་པར་གྱུར་ནས་འདུག་པའི་སྟེང་མ་མེས་པོར་བསྟན་ནས་མཚན་མ་བརྟགས་པས་མཚན་མ་ཤིན་ཏུ་ངན་པས་དེ་མྱུར་དུ་མ་བསད་ན་བུ་བརྒྱ་ཡོད་ཀྱང་མཐར་རབས་ཆད་པར་འགྱུར་བར་སོད་ཅིག་ཅེས་གསུངས་ཀྱང་ཡུམ་གྱིས་གསོད་མི་ཕོད་ཅེས་མ་ཉན་པར་གསོས་ཤིང་མཚན་ལ་སྒྲ་ངན་ཞེས་བཏགས་པར་བྱས།   ཡང་དེའི་རྩིབ་ན་འདུག་པའི་བྱིས་པ་དེ་ཁྱེར་ཏེ་བསྟན་པས་མེས་པོ་ན་རེ།   འདིའི་རྐང་ལག་གི་མཐིལ་གཉིས།  ལྐོག་མ་དང་སྤྱི་བོ་གཉིས་ཏེ་གནས་དྲུག་ན་སྨེ་བ་དྲུག་ཡོད་པ་སྨིན་དྲུག་ལ་སྐྱེས་པ་ཡིན་ཏེ།   སྨེ་བ་དྲུག་པོ་འདི་དུས་མཉམ་དུ་མ་ཕུག་གི་བར་དུ་མགོ་བཅད་ཀྱང་མི་འཆི་བར་བྱིན་གྱིས་བརླབས།   དེ་ལ་ཚུར་མི་འབིགས་ཤིང་ཕར་ལ་འཐབ་པར་དཔའ་བས་ན་འཐབ་དཀའ་ཞེས་བཏགས་སོ།།

དེ་ཡང་འཐབ་དཀས་འཇིགས་སྡེ་བསོད་པར་བརྩམས་ནའང་གསོད་མ་ཐུབ། འཇིགས་བྱེད་ཀྱིས་སློབ་དཔོན་དྲོ་ཎ་བོས་ཏེ་བུ་རྣམས་ལ་སྒྱུ་རྩལ་བསླབ་པར་སྲིད་སྒྲུབ་ལ་དགྱེས་གཟིགས་གནང་ཞིང་། གཡུལ་ལས་ལ་བྱང་ཆུབ་པར་ལེགས་པར་བསླབ། རྣ་ཅན་ཡང་དཔའ་རྒོད་ཅིག་ཏུ་གྱུར་ལ་འཐབ་དཀའི་མཛའ་གཅུགས་སུ་གྱུར། སློབ་དཔོན་དྲོ་ཎ་ལགས་ཀྱི་ཡོན་དུ་རྣ་ཅན་དང་འཐབ་དཀའ། དེའི་སྤུན་མཆེད་དག་གིས་སློབ་དཔོན་གྱི་འདོད་པ་བཞིན་རྒྱལ་བོ་དྲུ་པ་ད་བྱ་བ་བཟུང་སྟེ་སློབ་དཔོན་ལ་སྤྲད། ཡུལ་འཁོར་སྐྱོང་གིས་རང་གི་རྒྱལ་བོའི་ཁྲི་ལ་བུ་ཆེས་རྒན་པ་དང་ཡིད་གཞུངས་པའི་གཡུལ་ངོར་བརྟན་པ་བཀོད་དོ།།

དེ་ནས་འཐབ་དཀའ་དང་ཁོང་གི་སྤུན་མཆེད་དག་གིས་གཡོ་ཐབས་ཀྱིས་ཀུན་ཏི་དང་མོའི་བུ་ལྔ་བོ་མཉམ་དུ་རྒྱ་སྐྱེགས་ཁང་བར་བཅུག་སྟེ་བསྲེག་པར་བརྩམས་ནའང་། སྐྱ་སེང་བུ་ལྔས་ངན་ཇུས་སྔོན་ཚུད་དུ་རྟོགས་ཏེ་བསྲེག་བྱའི་ཁང་བ་ལས་སྔར་ནས་བརྐོས་པའི་ས་ཁུང་བརྒྱུད་དེ་བྲོས་པས་སྲོག་ཉེན་ལས་ཐར་རོ།།

དེ་ཡང་ལྔ་ལེན་གྱི་ཡུལ་དུ་རྒྱལ་བོ་རྣམས་བུད་མེད་གདམ་པའི་སྐབས་ཤིག  སྲིད་སྒྲུབ་ལ་དྲོོ་པ་དི་བྱ་བའི་ཆུང་མ་ཐོབ་པར་གྱུར་བས། ཕྱིར་ནང་ལ་འོངས་ནས་ཨ་མ་ལ་ན་རེ། ཨ མ། ཁྱོད་ལ་འབུལ་བར་བྱ་བའི་སྐྱེས་ཤིག་ཡོད་དོ་བྱས་པར། ཨ་མས་ལྟ་ཙམ་ཡང་མ་བྱས་པར་སྐྱེས་ཅི་ཞིག་ཡོད་ཀྱང་རུང་སྤུན་མཆེད་དག་དང་ལྷན་དུ་བགོ་བཤའ་བྱོས་ཤིག་བྱས་པས། རིག་བྱེད་ཀྱི་ལུགས་དང་འགལ་ནའང་། (མེ་ལོང་མར།  སྐྱ་བསེང་བུ་ལྔ་དག་གི་ནི།།  ཆུང་མ་ལྔ་ལེན་བུ་མོ་སྟེ།།  དག་པ་རྣམས་ཀྱི་མཆོག་ཏུ་གྱུར།།  འདི་འདྲ་ལྷ་ཡི་སྒྲུབ་བྱེད་དོ།།  ཞེས་པ་ལུང་དང་འགལ་བའི་དམིགས་བསལ་ཞེས་པར་གཟིགས་པར་འཚལ)  དྲཽ་པ་དི་སྤུན་ལྔ་བོའི་ཐུན་མོང་གི་ཆུང་མ་མི་བྱེད་ཐབས་མེད་དུ་གྱུར།

འཇིགས་བྱེད་དང་དྲོ་ཎ་གཉིས་ཀས་ཡུལ་འཁོར་སྐྱོང་ལ་སྐྱ་སེང་བུ་ལྔར་རྒྱལ་སྲིད་བགོ་བཤའ་རྒྱག་དགོས་ཚུལ་གྱི་སྐུལ་མ་བྱས་པར། དབང་བོའི་གནས་ཞེས་པའི་ས་དེ་སྐྱ་སེང་བུ་ལྔར་སྤྲད་ཅིང་། དེ་ནས་བཟུང་སྟེ་སྐྱ་སེང་བུ་ལྔས་རྒྱལ་སྲིད་ཀྱི་ཕྱེད་ཀ་ཡུལ་འཁོར་དེ་ཉིད་དབང་སྒྱུར་ཞིང་གནས་སོ།།

དེའི་ཚེ་གཡུལ་ངོར་བརྟན་པ་སྤུན་ལྔས་སྲིན་པོའི་བུ་མོ་གཅིག་ཁྱིམ་ཐབ་ཏུ་བླངས་ཏེ་ཁྱིམ་ཐབ་ཏུ་སུ་ཉལ་དུ་འགྲོ་བ་དེས་ང་ཡོད་ཅེས་པ་སྟོན་པའི་བརྡར་སྒོའི་ཐོད་དུ་མཆིལ་ལྷམ་བཀལ་ཏེ་འགྲོ་དགོས་པར་བྱས། སྟབས་མ་ལེགས་པ་ཞིག་ལ། ཉིན་ཞིག་གཡུལ་ངོར་བརྟན་པས་ལྷམ་སྒོ་སྟེང་དུ་བཀལ་ཏེ་ཁྱིམ་ཐབ་དང་ཉལ་དུ་སོང་བའི་ཚེ་བྱི་བས་ལྷམ་གྱི་འདོགས་ཐག་བཅད་དེ་ས་ལ་ལྷུང་བ་ཁྱིས་རྙེད་དེ་ཟོས་པས།  དེའི་མཇུག་ཐོགས་སུ་སྲིད་སྒྲུབ་ཀྱིས་ལྷམ་བཀལ་བ་མི་འདུག་སྟབས་ཁང་བའི་ནང་དུ་བརྟོལ་བའི་ཚེ།   གཡུལ་ངོར་བརྟན་པ་ཁྱིམ་ཐབ་དང་ཉལ་ཡོད་པ་ངོ་ཚ་བར་བྱས་པའི་བྱས་ཉེས་ལ་བརྟེན་ནས་མི་ལོ་བཅུ་གཉིས་ལ་ཡུལ་བྱོལ་དུ་སོང་ནས་ཚངས་སྤྱོད་ལ་གནས་དགོས་པར་གྱུར། དེར་བྲན་མོ་ཨུ་ལུ་པི་བྱ་བས་སྲིད་སྒྲུབ་ལ་ཁོང་དྲཽ་པ་དི་ཁོ་ན་ལ་ཚངས་སྤྱོད་བསྟེན་དགོས་ཚུལ་ལས། གཞན་དང་མཉམ་དུ་ཚངས་སྤྱོད་ལ་གནས་མི་དགོས་པའི་བཞམས་པ་བྱས་པའི་མཐར། ཁྱུབ་འཇུག་གི་སྤུན་མཆེད་ལེགས་བཟང་མ་དང་གཉེན་བསྒྲིགས་ཏེ་ཨ་བྷི་མ་ནྱུ་བྱ་བའི་བུ་ཞིག་བཙས་ཤིང་། དེ་བཞིན་དུ་དྲཽ་པ་དིས་ཀྱང་སྤུན་རེར་བུ་རེ་བཙས་སོ།།

མི་རྣམས་ཀྱིས་མཐའ་མར་ལྷ་རུ་བཀུར་བའི་ཁྱུབ་འཇུག་གམ་ནག་པོ་གྲགས་པ་དེས་གཡུལ་ངོར་བརྟན་པ་དང་ཁོའི་སྤུན་མཆེད་རྣམས་ལ་ཛ་ར་སནྡྷ་ཡིས་རྒྱལ་བོ་འགའ་བཙོན་དུ་བཟུང་བས་ངེས་པར་རྒོལ་དགོས་པའི་ནན་སྐུལ་བྱས་པས། འཇིགས་སྡེས་གཡུལ་བཤམས་ཐེངས་ཤིག་ལས་ཛ་ར་སནྡྷར་ཆམ་ལ་ཕབ་ཅིང་། བཙོན་དུ་བཙུད་པའི་རྒྱལ་བོ་དེ་རྣམས་གློད་བཏུབ། དེའི་རྗེས་སུ་གཡུལ་ངོར་བརྟན་པས་འཕགས་པའི་ཡུལ་ཐ་དག་དབང་དུ་བསྡུ་བའི་ཕྱིར། རང་གི་སྤུན་མཆེད་བཞི་བོ་འཕགས་ཡུལ་གྱི་ཕྱོགས་བཞི་རུ་བརྫངས་སོ།།

གཞོན་ནུ་སྐྱོང་གིས་ཁྱབ་འཇུག་ལ་བུད་མེད་བསད་པ་དང་བ་ཕྱུག་མང་བོའི་སྲོག་བཅད་པར་བསྙད་དེ་དྲག་ཏུ་སྤྱོས་པར། ཁྱབ་འཇུག་རབ་ཏུ་ཁྲོས་ཏེ་འཁོར་ལོ་གཡུགས་ཏེ་གཞོན་ནུ་སྐྱོང་གི་མགོ་བོ་དུམ་སེ་བཅད་དོ།།  གཏམ་རྒྱུད་འདི་དང་འབྲེལ་ཏེ་སྙན་དངགས་མཁན་གྲགས་ཅན་མཱ་གྷ་བྱ་བས་མཛད་པའི་གཞོན་ནུ་སྐྱོང་བསྒྲལ་བ་ཞེས་པའི་སྙན་ངག་ཆེན་པོ་ཡང་མཛད་དོ།།

དེ་ཡང་སྐྱ་སེང་བུ་ལྔ་ལས་མངའ་ཐང་འཕྲོག་པའི་ཕྱིར་དུ་འཐབ་དཀས་གཡུལ་ངོར་བརྟན་པ་ཕོ་བྲང་དུ་བོས་ཏེ་རྒྱན་པོ་ལ་ཤིན་ཏུ་མཁས་པའི་ཤ་ཀུ་ནི་དང་ལྷན་དུ་ཤོ་རྩེ་རུ་བཅུག    གཡུལ་ངོར་བརྟན་པ་ཤོ་ལ་ཤིན་ཏུ་མི་མཁས་པས་ཁོང་ལ་བདག་པའི་ནོར་ལོངས་སྤྱོད་ཐ་དག་ཤོར་བར་མ་ཟད། ཐ་ན་རང་གི་སྤུན་མཆེད་བཞི་དང་ཁོ་རང་ཉིད། མཐའ་མར་ཁོ་ཚོའི་ཆུང་མའང་སྐུགས་སུ་ཤོར་བར་གྱུར། དུས་དེ་ལ་ཁོ་ཚོའི་ཆུང་མ་དྲཽ་པ་དི་མཆོག་ལ་ཟླ་མཚན་འབབ་པའི་དུས་དང་ཁེལ་བས་མཚམས་ལ་བསྡད་ཡོད་ཅིང་། ལུས་ལ་ཁྲག་འགོས་པའི་གོས་སྲབ་བུ་ཞིག་མ་གཏོགས་གྱོན་མེད་ཀྱང་། འཐབ་དཀས་མོའི་སྐྲ་ནས་འཇུས་ཏེ་ཚོགས་ཁང་དུ་དྲུད་ནས་ཐོན། དྲཽ་པ་དིས་མོའི་བདག་པོ་གཡུལ་ངོར་བརྟན་པར་ཁོ་རང་ཉིད་ཀྱང་སྐུགས་སུ་ཤོར་ཟིན་པས། མོ་རྒྱན་དུ་འཇོག་པའི་གནས་སྐབས་ཇི་ལྟར་ཡོད་ཚུལ་གྱི་གཏམ་དྲིས་ནའང་། འཐབ་དཀའ་དང་ཁོའི་སྤུན་མཆེད་ཚོས་མོར་ཇི་མི་སྙམ་པར་བརྙས་བཅོས་བྱེད་ཅིང་འཛེམ་དོགས་སྤུ་ཙམ་མེད་པར་མོའི་གོས་བཤུ་བར་བརྩམས་པའི་ཚེ། ཁྱབ་འཇུག་གིས་རྫུ་འཕྲུལ་བསྟན་ཏེ་མོའི་གོས་ཇི་ཙམ་ཕུད་པ་དེ་ཙམ་གྱིས་བཤུས་མི་ཚར་བ་ཞིག་ཏུ་བྱས་ཏེ་དེ་དག་ངོ་མཚར་བར་བྱས་སོ།། (སྔོན་མར་མོས་ཁྱབ་འཇུག་ལ་རྨས་ཕོག་དུས་རྨ་བཅོས་བྱས་མྱོང)

བརྙས་བཅོས་ཚད་མེད་པ་འདི་ལས་ཐར་བས། རྒྱལ་བོ་ཡུལ་འཁོར་སྐྱོང་གིས་དྲཽ་པ་དི་ལ་བཟོད་གསོལ་གྱི་ཚུལ་དུ་མཆོག་གསུམ་གནང་བར། མོས་གཡུལ་ངོར་བརྟན་པ་དང་ཁོའི་སྤུན་མཆེད་བཞི་ཁོ་ན་བསླངས།

མཐར། ཁོ་ཚོས་ཆེས་མཐའ་མའི་རྒྱན་པོ་འགྱེད་པར་བློ་མཐུན་པ་སྟེ། སུ་ཕམ་ན་དེ་དག་དབེན་པའི་ནགས་སུ་ལོ་བཅུ་གཉིས་ལ་ཡུལ་བྱོལ་དུ་འགྲོ་དགོས་པ་དང་དེའི་རྗེས་ཀྱི་ལོ་གཅིག་ལ་སུ་ལའང་ཤེས་སུ་མ་བཅུག་པར་བསྐུངས་ནས་འདུག་དགོས་ཚུལ་བཤད་དེ། རྒྱན་པོ་འགྱེད་ཙ་ན།  གཡུལ་ངོར་བརྟན་པ་བསྐྱར་དུ་ཕམ་པས། སྐྱ་སེང་བུ་ལྔ་རི་བོ་གངས་ཅན་ཕྱོགས་ཀྱི་དབེན་པའི་ནགས་སུ་རྡོག་པ་སྤོས་སོ།།

དབེན་པའི་ནགས་སུ།  གཡུལ་ངོར་བརྟན་པས་བཟོད་པའི་དགེ་མཚན་རྟོགས།  དྲཽ་པ་དི་ནི་ཆུང་མ་མཛངས་ཤིང་བློས་གཏོང་ཤིན་ཏུ་ཆེ་བ་ཅན་ཞིག་ཡིན་ཞིང་།  ནགས་སུ་དོན་དུ་མ་ཞིག་བྱུང་བ་ལས་གཅིག་ནི་སྤུན་རྣམ་པས་ཆུ་བོ་ཞིག་གི་འགྲམ་དུ་ཆུ་འཐུང་བ་དང་དྲི་བ་དྲིས་པར་ལན་ལྡོན་མ་བཏུབ་པས་རེ་རེ་བཞིན་ཤི   འོན་ཀྱང་།  གཡུལ་ངོར་བརྟན་པས་དྲི་བ་ཚང་མར་བློ་གྲོས་དང་ལྡན་པས་ལན་བཏབ་པས་སྤུན་རྣམས་རེ་རེ་བཞིན་སྔ་མཁོ་བཞིན་དུ་སོས་སོ།།

དབེན་པའི་ནགས་སུ་བསྡད་པའི་ལོ་བཅུ་གསུམ་པར་ཁོ་ཚོས་རྫུ་ཆས་སྤྲས་ཏེ་བི་ར་ཊའི་རྒྱལ་ཁམས་སུ་འཚོ་ཞིང་རོལ་བའི་ཚེ།  དམག་དཔོན་ཞིག་གིས་ཁོང་ཅག་གི་ཆུང་མ་དྲཽ་པ་དི་ལ་བརྙས་བཅོས་བྱེད་པར་བརྩམས་པ་ན་འཇིགས་སྡེས་དེ་བསྒྲལ་ལོ།།
ཆེས་འཇིགས་སུ་རུང་བའི་ལོ་དེ་ཡོངས་སུ་རྫོགས་པ་ན།  ཁྱབ་འཇུག་གིས་ཕོ་ཉ་བརྫངས་ཏེ་སྐྱ་སེང་ལས་རྒྱལ་སྲིད་ཀྱི་ཕྱེད་ཀ་བསླངས་མོད།   སྐྱ་སེང་བུ་ལྔས་མ་སྤྲད་པས།   ཕྱོགས་གཉིས་ཀ་ནས་གཡུལ་འགྱེད་པའི་སྟ་གོན་བྱས།  ཁྱབ་འཇུག་ན་རེ་ཁོས་ཕྱོགས་གཅིག་ལ་ཁོང་གི་དམག་དང་ཕྱོགས་གཞན་པར་ཁོ་རང་ཉིད་ཀྱིས་རམ་འདེགས་བྱེད་པར་འགྱུར་ནའང་ཁོ་རང་ཉིད་ཀྱིས་གཡུལ་འགྱེད་པར་མི་བྱའོ་ཅེས་སྨྲས་ཤིང་།  མཐའ་མར་ཁོང་གི་དམག་འཐབ་དཀའི་ཕྱོགས་དང་།  ཁྱབ་འཇུག་ཁོ་རང་ཉིད་སྲིད་སྒྲུབ་ཀྱི་ཤིང་རྟའི་ཁ་ལོ་བ་བྱེད་པར་ཐག་ཆོད།

ནམ་ཞིག་གཡུལ་འགྱེད་པར་བརྩམས་པའི་ཚེ།  སྲིད་སྒྲུབ་ཀྱིས་རང་ཉིད་ཀྱི་དགྲ་ཟླ་ནི་རང་གི་སྤུན་མཆེད་དག་ཡིན་པས་ནང་དམེ་བྱེད་མ་འདོད་པར་ཡིད་ཁོང་དུ་ཆུད་དེ་གཡུལ་འགྱེད་པ་ལས་ལྡོག་པར་བསམ་པའི་ཚེ།  ནག་པོས་ལེགས་ལྡན་ནག་པོའི་གླུ་ཞེས་པ་ལས་ཁོ་ལ་འཐབ་མོ་བ་ཞིག་གི་ཚུལ་གྱིས་འཐབ་དགོས་ཚུལ་དང་སྲིད་སྒྲུབ་ལ་རྣལ་འབྱོར་དང་ལས་ཀྱི་འབྲས་བུར་ཆགས་པ་དང་བྲལ་དགོས་ཚུལ་གྱི་ཐབས་སྣ་ཚོགས་པས་སེམས་ཀྱི་གཟེངས་བསྟད།  སྒྱུ་མ་མཁན་བཞིན་དུ་མགོ་བོ་རྨོངས་པར་བྱས་ཤིང་དེའི་དཔུང་གི་ཁ་ལོ་བ་ཁྱབ་འཇུག་ཉིད་ཀྱིས་བྱས་པས།  སྲིད་སྒྲུབ་གཡུལ་འགྱེད་པར་སེམས་ཐག་བཅད་ཅིང་།  གཡུལ་ངོར་བརྟན་པའང་འཇིགས་སྡེ་དང་དྲོ་ཎ་གཉིས་ཀ་ཁོའི་ཁ་གཏད་ཡིན་བཞིན་དུའང་གན་དུ་བཅར་ཏེ་དེ་དག་གི་གནང་བ་ཞུས་ཏེ།  དེ་ལྟར་ཉིན་ཞག་བཅོ་བརྒྱད་ལ་སྒྲ་ངན་ཞིང་ཞེས་བྱ་བ་དེང་རྒྱལ་ས་ལྡི་ལིའི་ནུབ་བྱང་གི་ཕྱོགས་སུ་ཡོད་པ་དེར་གཡུལ་ལས་བྱས་ཏེ་སྐྱ་སེང་བུ་ལྔ་ཡོངས་སུ་རྒྱལ་ལོ།།

(རིག་བྱེད་ཀྱི་གཞུང་དང་བསྟོད་འགྲེལ་གཉིས་སོགས་དང་བསྡུར་ཞིང་། མ་ཧཱ་བྷཱ་ར་ཏའི་གཞུང་བཀླགས་པའི་བརྗེད་བྱང་ལས་དོན་གྱི་བྱུང་བ་མཐར་ཆགས་སུ་བྲིས་པ་དགེའོ།།)