བརྗོད་གཞི་དང་པོ། བོད་ཀྱི་འགྲོ་བ་མིའི་བྱུང་དུས་དེ་འཇམ་དཔལ་རྩ་རྒྱུད་ལྟར་ཁས་ལེན་མིན་སྐོར།

བོད་མིའི་ཐོག་མ་བྱུང་ཚུལ་དེ་འཇམ་དཔལ་རྩ་རྒྱུད་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་བཅས་ཀྱི་ལུང་དོན་ལྟར་ཁས་ལེན་བྱེད་པར་འཐད་འོས་སུ་མ་མཐོང་། རྒྱུ་མཚན་ནི་དེ་ཐད་ལ་གཤམ་གསལ་གནོད་སྐྱོན་གསུམ་འབྱུང་བར་འདོད། དེ་དག་ནི་གང་ཡིན་ཞེ་ན།

༡༽  གོང་སྨྲོས་གཉིས་པོའི་ལུང་དོན་ལྟར་གྱི་དབང་དུ་བྱས་ཚེ་བོད་དུ་འགྲོ་བ་མིའི་རིགས་བྱུང་ནས་ད་བར་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལས་ཡོང་མི་ཐུབ་པ་དང་།

༢༽   བོད་མིའི་རིགས་རྒྱུད་ཀྱི་ཐོག་མའི་མཆེད་ཁུངས་དེ་རྒྱ་གར་ལ་འདེད་གཏུགས་བྱེད་དགོས་པར་ངེས་པ།

༣༽  སངས་རྒྱས་རང་ཉིད་ཀྱིས་འདུལ་བ་ལུང་རྣམ་འབྱེད་དང་། དཔལ་དུས་ཀྱི་འཁོར་ལོ་སོགས་སུ་བོད་ཅེས་གསུངས་པ་ཡོད་པས་ལུང་ཚིག་རྣམས་ནང་འགལ་དུ་འགྱུར་བ་བཅས་ཀྱིས་ཡིན།

དེ་ལྟར་ཡང་ལུང་དོན་དེ་དག་ལ་བསམ་གཞིག་བྱེད་རྒྱུ་ཅུང་ཟད་མཆིས་པ་ནི། བོད་ཅེས་པ་དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་གྱི་མིང་ཞིག་ཡིན་པ་ཤུགས་ནས་ཤེས་རྟོགས་འབྱུང་བ་དེ་ཡིས། དེང་རབས་ཀྱི་ལོ་རྒྱུས་སྨྲ་བ་བོ་མང་པོའི་འདོད་ལུགས་ལ། “སྔོན་གཉའ་ཁྲི་བཙན་པོ་ཐོག་མར་རྗེ་རུ་བྱོན་དུས་བོད་ཀ་གཡག་དྲུག་ཅེས་པའི་རྒྱལ་ཕྲན་ནམ་ཚོ་བ་ཆེན་པོ་ཞིག་ཡོད་པའི་རྒྱལ་པོ་བྱས་ནས་དབང་བསྒྱུར་བར་བརྟེན། རིམ་གྱིས་དེའི་གདུང་རྒྱུད་ཀྱིས་བཟུང་བའི་སྤུར་རྒྱལ་བཙན་པོའི་སྲིད་དབང་ཡུལ་གྲུ་གཞན་དུ་རྒྱ་བསྐྱེད་པར་གྱུར་པས། ཡུལ་ཉི་ཚེ་བ་བོད་ཀ་གཡག་དྲུག་གི་བོད་ཅེས་པའི་མིང་དེའང་ཁྱབ་ཇེ་ཆེར་སོང་ནས་མཐར་སྤུར་རྒྱལ་བོད་ཀྱི་ཆབ་འོག་ཏུ་འདུས་པའི་བོད་མི་རིགས་སྤྱིའི་མིང་དུ་འཇགས་པར་མངོན་ནོ།།”ཞེས་<<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>>ནང་འཁོད་དོན་ལྟར་དུ་བོད་དེ་རྗེས་གྲུབ་ཀྱི་མིང་ཞིག་ཏུ་བཞེད་འདུག་པར་ནི་ད་དུང་བརྟག་གཞི་འདུག་སྙམ།

དེ་འབྲེལ་བོད་མིའི་རིགས་རྒྱུད་ཀྱི་ཐོག་མའི་འབྱུང་ཁུངས་ཐད་ནས་<<ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ།>>དུ། “རུ་པ་ཏི་ཞེས་བྱ་བའི་རྒྱལ་པོ་དཔུང་གི་ཚོགས་གཅིག་དང་བཅས་པ་གཡུལ་འགྱེད་པའི་ཚེ། བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་བྲོས་ནས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་ཏེ་གནས་པའི་རིགས་ལས་དེང་སང་ན་ཡང་བོད་ཅེས་བྱ་བར་གྲགས་པ་ཡིན་ནོ།།”ཞེས་རྒྱ་གར་ཡིན་པར་བརྗོད་པ་དེ་ཡང་འཐད་ཕྱོགས་སུ་འཛིན་མི་འོས་པ་ཤེས་སླ། འོན་ཀྱང་། <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།>>ལས། “ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས་བཤད་པའི་རྒྱལ་པོ་རུ་པ་ཏི་དཔུང་བཅས་རི་ཁ་བ་ཅན་གྱི་ཁྲོད་དུ་ཞུགས་པ་ལས་འཕེལ་བའི་རིགས་ཀྱང་ཡོད་སྲིད།” ཅེས་སོགས་འཁོད་པ་ལྟར་དུ་དུས་ཕྱིས་སུ་གཉུག་མར་གནས་པའི་བོད་མིའི་རིགས་རྒྱུད་ཅན་གྱི་སྟེང་དུ་རྒྱ་གར་ནས་མཆེད་པའི་མིའི་རིགས་ཡོད་སྲིད་ཚུལ་བརྗོད་པ་ནི་ཁས་ལེན་རིགས་པར་འདོད།

གཞན་དཔལ་དུས་ཀྱི་འཁོར་ལོ་དང་། འདུལ་བ་ལུང་རྣམ་འབྱེད་སོགས་སུ་བོད་ཅེས་གསུངས་པ་འབྱུང་ལུགས་དེ་དག་གིས་ནི། “བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པས་གནོད་པ་མེད་ཅིང་།”ཞེས་<<དེབ་ཐེར་སྔོན་པོ།>>རུ་འཁོད་པ་དང་ཆ་མཚུངས་པར་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་སྔོན་རོལ་མང་པོ་ནས་བོད་ཡུལ་དུ་འགྲོ་བ་མིའི་རིགས་འཕེལ་རྒྱས་བྱུང་ཡོད་པ་གསལ་སྟོན་གནང་འདུག་པ་མཚོན་ཐུབ།

སྤྱིར་བོད་ཀྱི་སྔ་རབས་མཁས་པ་ཚོའི་ཁྲོད་དུ། བོད་ཡུལ་ལུང་བསྟན་དུ་བཞེད་གཞི་<<འཇམ་དཔལ་རྩ་རྒྱུད།>>ཀྱི་ལུང་ཚིག་ཐད་ལ། “ང་ནི་ས་སྟེང་མྱ་ངན་འདའ། །ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་ནི་ཡང་དག་འབྱུང་།།” ཞེས་དང་། གཞན་ཡང་། “ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར།།”ཞེས་མི་འདྲ་བ་རེ་འགའ་འདྲེན་སྲོལ་མངོན་ཡོང་བ་ལས། སྔ་མ་ནི་སྡེ་དགེ་བཀའ་འགྱུར་གྱི་རྒྱུད་པོད་ན་བའི་ནང་དུ་འབྱུང་བ་དང་། ལུང་ཚིག་ཕྱི་མ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་<<མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག>>དང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་<<ཆོས་འབྱུང་དཔག་བསམ་ལྗོན་བཟང་།>>སོགས་སུ་འབྱུང་བ་ཡིན། མཚམས་རེར་མཁས་པའི་རང་ལུགས་ཀྱི་སྟེང་ལ་འབབ་དུས་ལུང་འདྲེན་གྱི་ཚིག་འབྲུ་དག་ལ་ཅུང་ཙམ་བཅོས་བསྒྱུར་གྱིས་ཚིག་ལྷུག་ཏུ་ཡོད་པའི་ལུང་ཚིག་དངོས་མ་དག་ཚིག་བཅད་དུ་བསྡེབས་པ་དང་། ཁ་བསྒྱུར་ཚིག་སྣེ་བཅོས་པ་སོགས་ནི་བྱུང་མྱོང་ཡོད་གཤིས། ལུང་ཚིག་ཐད་ནས་དོགས་གཞི་འབྱུང་བ་དེ་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་འགྱུར་མ་འདྲ་བའི་དབང་གིས་སམ། ཡང་ན་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་གསུང་གཅིག་ལ་ལུང་ཚིག་མི་འདྲ་བ་མང་ཙམ་མཆིས་པ་དེ་ཚོར་ཡང་བརྟག་དགོས་པར་མངོན།

ལར་སངས་རྒྱས་ཀྱི་གསུང་ལ་དྲང་ངེས་ཀྱི་དབྱེ་ཁྱད་འབྱེད་སྲོལ་སྣང་ན་ཡང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་སྐབས་སུ་ལེགས་ཉེས་དང་དགེ་སྐྱོན་གང་ཡིན་ལ་མ་བལྟོས་པར་དངོས་བྱུང་ལོ་རྒྱུས་ཀྱི་གནས་ཚུལ་དེ་ཉིད་ཇི་མ་ཇི་བཞིན་དུ་གསལ་སྟོན་བྱེད་འོས་པ་ལས། དེ་ལ་གསང་བ་ལྐོག་གྱུར་གྱི་བརྡ་ལུང་དང་དྲང་དོན་བཅས་ཀྱི་སྤྲོས་བཤད་རིགས་སྤྱད་བསྡད་པ་ཡིན་ན་ལོ་རྒྱུས་རང་བཞིན་གྱི་བདེན་དོན་ཞིག་ཏུ་ནམ་ཡང་འགྲོ་དཀའ་བ་ཡིན།

དེས་ན་བོད་ཀྱི་འགྲོ་བ་མིའི་བྱུང་དུས་དེ་ཡ་ཐོག་གདོད་མའི་དུས་ནས་དུས་ད་ལྟ་བར་གྱི་བོད་མིའི་ངག་རྒྱུན་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ཡིག་རིགས་ཕལ་ཆེ་བ་བཅས་སུ་གསལ་བའི་དོན་སྙིང་ལྟར། གནའ་བོའི་སྲོག་ཆགས་སྤྲའམ་སྤྲེལ་སྲིན་གྱི་རྒྱུད་ལས་བོད་ཀྱི་འགྲོ་བ་མིའི་རིགས་ཐོག་མར་མཆེད་འཕེལ་བྱུང་བར་བརྗོད་པ་འདི་ཉིད། ལུང་རིགས་གཉིས་ཐད་ནས་ལོ་རྒྱུས་ཀྱི་བྱུང་བ་དངོས་དང་མཐུན་བབ་འོས་གསུམ་ཆེ་བར་མཐོང་། གང་གིས་ཤེ་ན། ད་ཕན་གྱི་བོད་ཀྱི་ལོ་རྒྱུས་ཀྱི་ཡིག་རིགས་ཁག་རྣམས་ཕན་ཚུན་དཔྱད་བསྡུར་བྱས་པའི་ཚེ། འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་རིགས་བརྒྱ་ཆའི་དགུ་བཅུ་ལྷག་གི་ནང་དུ་འདོད་ཚུལ་འདི་ཚད་མར་བཟུང་ཡོད་པས་མ་ཚད། དེང་གི་སྤྱི་ཚོགས་ཁྲོད་དུ་གོ་གནས་ངེས་ཅན་བཟུང་ཡོད་པའི་ཚན་རིག་རྟོག་ཞིབ་པ་དང་། གནའ་རྫས་རྟོག་ཞིབ་པ་སོགས་ཀྱི་ངོས་ནས་ཀྱང་ཚད་མཐོའི་གདེང་འཇོག་ཐོབ་ཡོད། ལར་ལྟ་ཚུལ་འདི་ལ་(བོད་ཀྱི་གླེང་ལུགས་)ཞེས་པའི་ཐ་སྙད་འཇགས་ཡོད་པ་དང་། བཤད་རྒྱུན་འདི་འམ་འདོད་ཚུལ་འདིའི་རིན་ཐང་ནི་བོད་ཙམ་དུ་མཐོ་བ་གཅིག་པུ་མ་ཡིན་པར་འཛམ་གླིང་ཡུལ་གྲུ་གཞན་དུ་ཡང་མཐོ་བས། དེ་དང་འབྲེལ་ནས་འགྲོ་བ་མིའི་རིགས་སྤྱི་ཡི་ཐོག་མའི་འབྱུང་ཁུངས་ཀྱང་སྤྲ་སྤྲེལ་གྱི་རིགས་ཡིན་པར་བརྗོད་ན་ལོ་རྒྱུས་ཀྱི་བདེན་དོན་ཞིག་ཏུ་འཁུམས།

 

བརྗོད་གཞི་གཉིས་པ། ཞང་ཞུང་དེ་བོད་མིའུ་གདུང་དྲུག་གི་རུས་རྒྱུད་ཡིན་མིན་སྐོར།

སྤྱིར་ན་བོད་མིའུ་གདུང་དྲུག་གི་ཁོངས་སུ་བོད་རིགས་ཐམས་ཅད་འདུས་ཡོད་མེད་ཅི་རིགས་ཡོད་པས་ན། སྐབས་དོན་གྱི་བརྗོད་གཞིའི་ངོ་གདོང་ཙམ་ལ་བལྟོས་ཏེ་འདི་ལ་བོན་ལུགས་ཀྱི་ངོས་ནས་བརྗོད་སྟངས་དང་། བོད་ཀྱི་ལོ་རྒྱུས་སྤྱིའི་ངོས་ནས་བརྗོད་སྟངས་གཉིས་སུ་འབྱེད་པར་འདོད།

༡༽   བོན་ལུགས་ཀྱི་ངོས་ནས་བརྗོད་སྟངས་ལྟར་ན། <<རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ།>>རུ། “འབྱུང་བ་སྣ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་ངར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན།”ཞེས་སོགས་སྲིད་པ་ཀློང་གི་སྒོ་ང་ལས་སྣོད་བཅུད་རྣམས་གྲོལ་ཚུལ་བཀོད་འདུག་པ་དེ་ཡིས། ཞང་ཞུང་དེ་བོད་ཀྱི་མིའུ་གདུང་དྲུག་གི་རུས་རྒྱུད་དུ་བཞེད་ཀྱི་མེད་པ་གསལ་ཡོང་བ་དང་། ཕྱོགས་མཚུངས་སུ་ལོ་རྒྱུས་སྨྲ་བ་བོ་ནམ་མཁའི་ནོར་བུས། “བོན་ལུགས་སུ་འབྱུང་བ་སྣ་ལྔའི་སྙིང་པོ་ལས་སྲིད་པ་ཀློང་གི་སྒོ་ང་གྲུབ་ཚུལ་བཤད་པ་དེ་དང་། དེང་སང་གི་ཚན་རིག་པ་རྣམས་ཀྱིས་འབྱུང་བའི་བྱེད་ལས་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་མི་འདྲ་བ་སྣ་ཚོགས་ཆགས་པའི་ཚུལ་བཤད་པའམ། སྤྱིར་སྟངས་འབྱུང་བའི་ནུས་པ་ཚོགས་པའི་ཕུང་པོ་ལས་སྲིད་པ་ཀློང་གི་སྒོ་ང་ཞེས་པ་སྒོ་ངའི་བཟོ་དབྱིབས་དང་འདྲ་བ་ཞིག་ཏུ་གྲུབ་ཡོད་ཚུལ་དེ་དང་། དེང་དུས་ཀྱི་ཚན་རིག་པ་ཚོས་གཟའ་དང་སྐར་མ་འཇིག་རྟེན་གྱི་ཁམས་རྣམས་རིལ་པོ་བྱའི་སྒོ་ངའི་དབྱིབས་དང་འདྲ་བར་བཤད་པ་དེ་རིགས་ལ་འགལ་བ་ཅི་ཞིག་ཀྱང་མེད།”ཅེས་ཀྱང་བརྗོད་ཡོད།

བཤད་ཚུལ་དེ་དག་དང་འདྲ་མཚུངས་མང་པོ་ལ་བརྟེན་ནས་བོན་གྱི་གནའ་དེང་གི་མཁས་པ་མང་པོས་ཞང་བོད་ཀྱི་མི་ཡི་འགྲོ་བའི་ཐོག་མ་ཙམ་དུ་མ་ཟད། འགྲོ་བ་མིའི་རིགས་སྤྱི་ཡི་ཐོག་མ་དེ་ཡང་སྒོ་ང་ལས་མཆེད་ཚུལ་བརྗོད་ཀྱི་ཡོད་པ་དང་། ཡང་། མཁས་པ་ཉུང་ཤས་ཤིག་གིས་འོད་གསལ་ལྷ་ཡི་རིགས་ལས་ཞང་བོད་ཀྱི་མི་རྒྱུད་ཐོག་མ་མཆེད་ཡོད་ཚུལ་གྱི་དགོངས་ཚུལ་ཡང་བཏོན་ཡོད། གང་ལྟར་བཤད་ཚུལ་དེ་དག་གི་དོན་སྙིང་དེ་ལྟར་ན། ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་རུས་རྒྱུད་མིན་པ་ངེས་ཤེས་འདྲོངས་སླ་བ་ཞིག་རེད།

༢༽  བོད་ཀྱི་ལོ་རྒྱུས་སྤྱིའི་ངོས་ནས་བརྗོད་སྟངས་ལྟར་ན། དེར་ཐོག་མར་བོད་ཀྱི་གདོད་མའི་ལོ་རྒྱུས་འཆད་སྐབས་སུ། <<ཆོས་འབྱུང་མཁས་པའི་དགའ་སྟོན།>>ལས། “དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།།”ཞེས་པ་སོགས་ཀྱིས་བོད་གདོད་མའི་དུས་སུ་མི་མ་ཡིན་གྱི་དབང་མཛད་བཅུའམ་བཅུ་གཉིས་ཟེར་བ་བཅས་བྱུང་ཚུལ་བརྗོད་ན་ཡང་། དོན་དངོས་སུ་དེ་ནི་སྤྲ་མི་རྣམས་བོད་ཀྱི་གནའ་མིར་གྱུར་པའི་བརྒྱུད་རིམ་ཡིན་ཚུལ་མཁས་པ་མང་པོས་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། དེ་རྗེས་རིམ་བཞིན་བོད་ཀྱི་གནའ་མིའི་རུས་ཚན་ཁག་སོ་སོར་གྱེས་འཕེལ་བྱུང་སྐབས་ཀྱང་སེ་དང་། རྨུ། སྟོང་། ལྡོང་ཞེས་རྩ་བའི་རུས་ཚན་བཞི་འམ་ནང་གི་རིགས་བཞིར་གྲགས་པ་དེ་ལས་བོད་མི་ཕལ་ཆེ་བ་གྱེས་པར་བཞེད་པས་འདི་རྣམས་རུས་ཀྱི་ཕྱི་མོར་འབོད་པ་ཡིན། རུས་ཆེན་དེ་བཞིའི་སྟེང་དུ་དབྲ་དང་འབྲུ་གཉིས་བསྣན་པས་མིའུ་གདུང་དྲུག་གམ་མིའུ་རིགས་དྲུག་ཅེས་གྲགས་པ་དང་། དེ་དྲུག་ལས་གྱེས་པའི་རུས་རིགས་རྣམས་སོ་སོར་འཆད་འདྲེན་བྱེད་སྐབས་སུ། བོན་ལུགས་རང་ངོས་ནས་རང་གི་རིགས་རུས་སུ་གཙོ་ཆེ་བར་འབོད་འཛིན་བྱེད་པ་ཁག་ཅིག་ཀྱང་རྩ་བའི་རུས་ཆེན་དེ་བཞིའི་ནང་དུ་རང་བཞིན་གྱིས་འདུས་ཡོད་ཚུལ་གསལ་ཡོང་།

དེ་འབྲེལ་སྔོན་གྱི་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཐད་དུ་<<དུང་དཀར་ཚིག་མཛོད།>>ལས། “སྐབས་དེར་བོད་ཀྱི་ས་གནས་ཡོངས་ལ་ཞང་ཞུང་སྒོ་ཕུག་བར་གསུམ་ཞེས་མདོ་སྨད་ཀྱི་ཕྱོགས་ལ་སྒོ་དང་། དབུས་གཙང་གི་ཕྱོགས་ལ་བར། མངའ་རིས་ལ་དྭགས་ཀྱི་ཕྱོགས་ལ་ཕུག་ཅེས་ཟེར་བ་ཡིན་པར་བཤད་པས།”ཞེས་འཁོད་འདུག་པ་དང་། ཕྱོགས་མཚུངས་སུ་<<གཟི་ཡི་ཕྲེང་བ>>འི་ནང་དུ། “དུས་དེར་ད་ལྟའི་སྟོད་མངའ་རིས་ལ་དྭགས་དང་བཅས་པ་དེ་ཚོ་ལ་ཞང་ཞུང་ཕུག་དང་། དབུས་གཙང་གི་ཕྱོགས་ལ་ཞང་ཞུང་བར། མདོ་ཁམས་ཀྱི་ཕྱོགས་ལ་ཞང་ཞུང་སྒོ་ཞེས་གྲགས་ཀྱི་ཡོད་རེད།”ཅེས་སོགས་མང་པོའི་བརྗོད་བབ་ལ་གཞིགས་དུས་ཀྱང་། སྐབས་དེར་ཞང་བོད་སོ་སོས་ཕན་ཚུན་ལ་མིང་གིས་འབོད་ལུགས་མ་འདྲ་བ་ཙམ་གྱི་ཁྱད་པར་འབྱུང་བ་མ་གཏོགས། བོད་ཀྱི་ལོ་རྒྱུས་སྤྱི་འགྲོས་ལྟར་གྱི་བོད་ཡུལ་ངོས་འཛིན་བྱེད་སྟངས་དང་། བོན་གྱིས་ཞང་ཞུང་སྒོ་ཕུག་བར་གསུམ་ངོས་འཛིན་བྱེད་ཚུལ་གཉིས་ཀྱི་ས་ཁྱོན་དང་ཡུལ་ལུང་བཅས་པ་ནི་ཕལ་ཆེར་འདྲ་མཚུངས་སུ་སྣང་ཡོང་།

གཞན་དུ་ན་དུས་ཕྱིས་སུ་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱེད་དུས་དེར་རྒྱལ་ཕྲན་ཞང་ཞུང་ཡོད་པ་དང་། བསྟན་པ་སྔ་དར་སྐབས་ཀྱི་སྟོད་མངའ་རིས་སྐོར་གསུམ་ཁོངས་སུ་ཡང་ཞང་ཞུང་ཡོད་ལ། ལྷག་པར་དུ་<<རུས་མཛོད་པད་དཀར་སྐྱེད་ཚལ།>>ནང་དུ། “ཞང་ཞུང་ནས་སྦྲ།”ཞེས་པ་དང་། ཡང་དེར། “བསེ་ཁྱུང་སྦྲ།”ཞེས་སོགས་འཁོད་ཅིང་། དེ་མཚུངས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་<<མཛོད་འགྲེལ་འཕྲུལ་གྱི་སྒྲོན་མེ་>>ལས། “དབྲ་ཞང་ཞུང་དང་།”ཞེས་སོགས་འཁོད་ཚུལ་འདུག་ལ། <<ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་གཏམ་གཡུང་དྲུང་ནོར་བུའི་དོ་ཤལ།>>དུའང་། “སྦྲའམ་ཁྱུང་གི་རུས་ཚན་ལས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་མི་རྒྱུད་རྣམས་མཆེད།”ཅེས་དང་། དེ་རྗེས་<<རླངས་ཀྱི་པུ་ཏི་བསེ་རུ>>འི་ལུང་ཚིག་ཁུངས་གཞི་བྱས་འཕྲོས་སུ། “ཆེ་བ་སྤོས་ཆུ་ལྡོང་། ལྡོང་ལ་ང་ཆེ་བཅོ་བརྒྱད། རུས་ཆེན་བཅོ་བརྒྱད། སྨུག་པོ་ལྡོང་གི་ཆེ་དྲུག་བཙན་དྲུག་ཡོད། དེ་འོག་སེ་ཁྱུང་དབྲ། དབྲ་ལ་དཀར་ནག་ཁྲ་གསུམ་ཡོད། དབྲ་དང་པོ་རྒྱུད་ཀྱི་ཆེ་དགུ། ལྷ་དབྲ་སྨུག་པོ་མཆེད་བཅུ། དགུ་འབྲུམ་དབྲ་ཡི་མཆེད་དྲུག་ཡོད།”ཅེས་སོགས་འཁོད་ཡོད།

ཡང་། <<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>>དུ། “ཞང་ཞུང་གི་མི་རྒྱུད་ནང་ནས་མཆེད་པའི་རུས་ཆེན་གྱི་གཙོ་བོ་ནི་བསེ་ཁྱུང་སྦྲ་ཞེས་གྲགས་པ་དེ་ཡིན་ལ།”ཞེས་དང་། ཡང་དེར། “ཞང་ཞུང་ཞེས་པ་རུས་རྒྱུད་ལ་གོ་བའི་སྐབས་མིའུ་གདུང་དྲུག་ནང་གི་གཉིས་པ་སྦྲ་རིགས་ཡིན་པར་ཞང་ཞུང་ལ་ཡུན་རིང་ཞིབ་འཇུག་བྱེད་མཁན་མང་པོས་བཤད་ཅིང་།”ཞེས་སོགས་མང་དུ་འཁོད་འདུག་པ་རྣམས་ཀྱི་དགོངས་དོན་དག་ལ་བསམ་གཞིག་བྱེད་སྐབས། ཞང་ཞུང་ནི་བོད་མིའུ་གདུང་དྲུག་གི་རུས་རྒྱུད་བསྙོན་མེད་ཅིག་ཏུ་ངེས་པ་རྙེད་པས་ན། བོད་ཁུངས་ཞང་ཞུང་མ་ཡིན་པར་ཞང་ཞུང་བོད་ཁུངས་ཡིན་ལུགས་ཀྱི་ངེས་ཤེས་གསལ་པོ་འདྲོངས་ཡོང་བར་འདོད།

 

བརྗོད་གཞི་གསུམ་པ། ས་སྐྱ་བ་ནས་དགའ་ལྡན་ཕོ་བྲང་བར་གྱི་གཞུང་འཛིན་པ་ཁག་གི་ནོར་འཁྲུལ་ཆེ་ཤོས་གང་དག་ཡིན་སྐོར།

སྤྱིར་བོད་ཁོ་ན་ཙམ་དུ་མ་ཡིན་པར་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་འཛིན་པ་རྣམས་ལ་བྱས་ཉེས་ནོར་འཁྲུལ་འབྱུང་སྲིད་པ་ནི་ཆོས་ཉིད་ཅིག་ཏུ་བརྩིས་ཆོག་པ་ཡིན། འོན་ཏང་གཞུང་འཛིན་པ་ཁག་གི་ནོར་འཁྲུལ་ལམ་ལོ་རྒྱུས་ཀྱི་བྱས་ཉེས་དེ་དག་གང་ཡིན་གསལ་རྟོགས་འབྱུང་ཐབས་སྤྱད་དེ་འདས་པའི་ལོ་རྒྱུས་ལས་ཉམས་མྱོང་དང་བསླབ་བྱ་ལེན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་ཡིན།

རང་རེ་བོད་ལ་མཚོན་ན། ད་དུང་རྒྱུ་རྐྱེན་གང་མང་ཞིག་གི་དབང་དུ་གྱུར་ནས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལམ་དུ་ཤར་བསྐྱོད་བྱེད་ཐུབ་ཀྱི་མེད་སྟབས། བོད་རིགས་ལོ་རྒྱུས་སྨྲ་བ་བོ་ཚོས་འདས་པའི་ལོ་རྒྱུས་ཀྱི་བྱས་ཉེས་དང་། ལྷག་པར་དུ་མཐོ་རིམ་གཞུང་འཛིན་པ་ཁག་གི་ནོར་འཁྲུལ་དང་ཉེས་སྐྱོན་རྣམས་ཇི་བཞིན་ཐེར་འདོན་བྱེད་ཐུབ་ཀྱི་མེད་པ་ཡིན། ལོ་རྒྱུས་མཁས་པ་རེ་ཟུང་གིས་འདས་དང་ད་ལྟའི་ལོ་རྒྱུས་ཀྱི་ལེགས་ཆའི་ལྡོག་ཕྱོགས་སམ་ཉེས་སྐྱོན་རིགས་བརྗོད་པའི་སྐབས་སུ་དེ་ལ་སྡང་སེམས་འཁོན་འཛིན་བྱས་ནས་བརྗོད་ཀྱི་ཡོད་པ་མ་ཡིན་པར། ལོ་རྒྱུས་ཀྱི་བྱས་ཉེས་དེ་དག་ལ་ངོས་ཟིན་ཐོབ་ནས་སྔར་བས་ལོ་རྒྱུས་ཀྱི་འཕེལ་རིམ་ལེགས་ཕྱོགས་སུ་བསྒྱུར་འདོད་ཀྱི་དོན་གནད་འབའ་ཞིག་གི་ཕྱིར་དུ་རེད། དེས་ན་ས་སྐྱ་བའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་གཞུང་འཛིན་པ་ཁག་གི་བྱས་ཉེས་གཙོ་བོ་ཁག་ཅིག་ནི།

༡༽  སྲིད་དོན་གྱི་བྱ་གཞག་ལས་ཆོས་ལུགས་ཀྱི་ལས་དོན་གཙོ་གནད་ཆེ་ཤོས་སུ་བཟུང་དྲགས་པའི་རྐྱེན་གྱིས། བོད་ཀྱི་ཆབ་སྲིད་འཛིན་སྐྱོང་དང་། ཁྲིམས་ལུགས། དམག་དོན། དཔལ་འབྱོར། སྤྱི་ཚོགས་ཀྱི་ཐོན་སྐྱེད་སོགས་ཀྱི་ཐད་ལ་གལ་ཆེའི་ནུས་པ་གང་ཡང་འདོན་ཐུབ་མེད་ཅིང་། དེ་དག་གི་ཕྱོགས་ནས་འགན་ཡང་དེ་ཙམ་འཁུར་མེད་པའི་བཟོ་ལྟ་ཞིག་རང་བཞིན་གྱིས་མངོན་ཡོང་། སྤྱིར་ན་ཕྱི་ལོ་ ༨༤༢ ལོར་ཁྲི་དར་མ་འུ་དུམ་བཙན་བཀྲོངས་པ་ནས་བཟུང་སྟེ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་སྲིད་མ་བཟུང་བའི་བར་དུ་མི་ལོ་ཧྲིལ་བོ་ ༤༠༠ ལྷག་སོང་བའི་དུས་ཡུན་དེ་ནི་བོད་སིལ་བུའི་དུས་སྐབས་ཡིན་པས། སྐབས་དེར་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་ངེས་མེད་རྒྱལ་དཔོན་སྣ་ཚོགས་ཀྱིས་ཡུལ་ལུང་བཅད་བགོས་ལྟར་སོ་སོར་དབང་ལུང་སྒྱུར་བཞིན་ཡོད་པ་དང་། དུས་མཚུངས་སུ་ཆོས་ལུགས་ཐད་ནས་སྔ་འགྱུར་རྙིང་མ་ཕུད་པའི་བཀའ་གདམས་པ་དང་། ས་སྐྱ་བ། བཀའ་བརྒྱུད་པ་བཅས་རིམ་བཞིན་དར་ཁྱབ་བྱུང་ཡོད། གསར་དུ་དར་ཁྱབ་བྱུང་བའི་ཆོས་ལུགས་གྲུབ་མཐའ་ཁག་གི་མཐོ་རིམ་མི་སྣ་ཚོས་རང་རང་གི་གྲུབ་མཐའ་བརྟན་གནས་ཡོང་ཕྱིར་དུ་མཆོད་ཡོན་དང་ལྷ་འབངས་སོགས་ཀྱི་མིང་གིས་བསྙད་དེ། ཡུལ་ལུང་བཅད་བགོས་སོ་སོའི་མགོ་དཔོན་དང་དེའི་མི་མང་རྣམས་རང་ཕྱོགས་ཀྱི་རྒྱབ་རྟེན་དུ་བེད་སྤྱོད་བྱས་པའི་བརྒྱུད་རིམ་ཁྲོད་དུ། ཡུལ་ལུང་སོ་སོའི་མཐོ་རིམ་མགོ་དཔོན་ཁག་གི་དབར་ནས་ཆོས་ལུགས་མི་སྣ་ཁག་གི་དབར། མཆོད་གཞིས་དང་ཆབ་འབངས་མི་སེར་ཁག་གི་དབར་དུ་སྟོབས་ཤུགས་འགྲན་སེམས་འཐབ་རྒོལ་གྱི་ཚ་རླབས་གསར་བ་ཞིག་རང་ཤུགས་ཀྱིས་འཕྱུར་དུ་བཅུག་ཡོད།

ཚུལ་དེ་ནི་<<བོད་སིལ་བུའི་དུས་ཚིགས་འགའ་ལ་དཔྱད་པ།>>ཞེས་པར། “ཆོས་ལུགས་ཚོགས་པ་ཁག་གིས་སོ་སོའི་ཆོས་ལུགས་སྟོབས་ཤུགས་གོང་འཕེལ་དང་སྲ་བརྟན་གཏོང་དགོས་ན། ངེས་པར་རང་ཉིད་ཀྱི་རྒྱབ་རྟེན་བཅོལ་སའི་ཆབ་སྲིད་ཀྱི་སྟོབས་ཤུགས་དེ་ཡང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་གང་ཅིའི་ཐད་ནས་སྟོབས་འབྱོར་ཆེ་ཞིང་གཅིག་གྱུར་ཆེ་ཙམ་ཡིན་པ་ཞིག་ལ་བརྟེན་དགོས་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་པ་མཐོང་སྟེ། ས་ཕག་ཕྱི་ལོ་༡༢༣༩ ལོ་ནས་བཟུང་ཆོས་ལུགས་གྲུབ་མཐའ་སོ་སོས་སོག་ཡུལ་དུ་མི་སྣ་མངགས་ནས་གོ་དན་རྒྱལ་པོར་མགོ་བཏགས་ཞུས།” ཞེས་འཁོད་པའི་གནས་ཚུལ་ལྟ་བུས་མཚོན་ཐུབ་པ་ཡིན།

དུས་ཕྱིས་སུ་ས་སྐྱ་བའི་གཞུང་འཛིན་ཁག་གིས་བོད་ཡོངས་རྫོགས་ལྟ་བུའི་སྲིད་དབང་འཛིན་སྐྱོང་བྱས་ཡོད་ན་ཡང་། ས་སྐྱ་བས་གཙོ་ཆེ་བར་ཕ་ཤུལ་བུས་འཛིན་གྱི་ཚུལ་དུ་རང་གི་གདུང་རྒྱུད་དང་། གྲུབ་མཐའ། དབང་ཤུགས་སོགས་མུ་མཐུད་བརྟན་གནས་ཡོང་ཕྱིར་དུ་ཧོར་སོག་གི་དཔོན་རིགས་ཀྱི་ངོ་སྲུང་ཕྱོགས་འཐེན་བྱེད་ཞོར་དེ་དག་གི་ཁྲིམས་ལུགས་ཀྱིས་མཚོན་པའི་སྲོལ་ལུགས་སྣ་མང་བོད་དུ་ནང་འདྲེན་བྱས་ཡོད། དེར་བརྟེན་ས་སྐྱ་བའི་དུས་སྐབས་སུ་བོད་དུ་ཧོར་སོག་གི་ཤུགས་རྐྱེན་གཏིང་ཟབ་མོ་ཞིག་ཐེབས་ཏེ་རང་རྐྱ་འཕེར་བའི་བོད་སྲིད་འཐུས་ཚང་ཞིག་འཛུགས་ཐུབ་མེད།

ཕྱོགས་མཚུངས་སུ་དེ་སྔོན་ནས་བོད་དུ་གྲུབ་མཐའི་འཐེན་འཁྱེར་གྱི་སྦྱོར་ངན་འགའ་རེ་ལྷགས་ཡོད་པ་རྣམས་ཞི་འཇགས་ཡོང་ཐབས་བྱེད་རྒྱུའི་ཚབ་དུ། བོད་རིགས་ནང་ཁུལ་ལ་བདེ་གཟར་གྱི་དུས་ཟིང་དང་རྩོད་རྙོག་བསྟུད་མར་དྲངས་པས་དགོས་ངེས་བོད་ཆིག་སྒྲིལ་གྱི་གོང་བུ་ཞིག་བསྐྲུན་རྒྱུའི་བར་ཐག་ཇེ་རིང་དུ་བཏང་ཡོད། དེ་ཡང་ཤིང་བྱ་༡༢༨༥ ལོར་འབྲི་གུང་བའི་དམག་གིས་བྱ་ཡུལ་དགོན་མེར་བསྲེགས་བཏང་བའི་ཁར། བླ་མ་གཙང་སྟོན་ཞུ་བ་བཀྲོངས་པ་དང་། མེ་ཕག་ ༡༢༨༧ ལོར་ས་འབྲིའི་དོན་རྐྱེན་ནམ་འབྲི་གུང་གླིང་ལོག་ཏུ་གྲགས་པ་དེ་བྱུང་ཞིང་། ཤིང་ཕག་ ༡༣༣༥ ལོ་ཙམ་ནས་ཐོག་མར་མགོ་འབུས་པའི་ས་སྐྱའི་ནང་འཁྲུག་ཅེས་པའི་རྙོག་འཛིང་ཆེན་པོ་རྒྱུན་རིང་བྱུང་མུར། ལྕགས་འབྲུག་ ༡༣༤༠ ལོ་ནས་གཡའ་ཕག་དང་ས་ཕག་བཅས་ཀྱི་འཁྲུག་རྩོད་དག་ཀྱང་རིམ་བཞིན་བྱུང་ཡོད།

དེ་བཞིན་རབ་བྱུང་བདུན་པའི་ཆུ་བྱི་ ༡༤༣༢ ལོར་ཕག་གྲུའི་ཁྲི་དཔོན་ལྔ་པ་མི་དབང་གྲགས་པ་རྒྱལ་མཚན་སྐུ་གཤེགས་རྗེས་ཕག་གྲུའི་ཁྲི་དཔོན་བསྐོ་འཇོག་ཐད་ལ་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་དང་། སྲས་གྲགས་པ་འབྱུང་གནས་སོགས་ཡབ་སྲས་དཔོན་བློན་བར་ལ་འགལ་ཟླའི་རྩོད་རྙོག་བྱུང་བར་བརྟེན། ཤིང་སྟག་ ༡༤༣༤ ལོར་ཡར་ཀླུང་དུ་ཚུལ་མིན་གྱི་བདེ་གཟར་བསླངས་པས་ཕག་གྲུ་ནང་འཁྲུག་གམ་སྟག་ལོའི་བདེ་གཟར་དུ་གྲགས་པ་དེ་བྱུང་ཡོད། གོང་གསལ་དེ་བཞིན་ཕག་གྲུའི་ཁྲི་དཔོན་རིམ་པའི་དུས་སྐབས་སུ་བོད་ནང་འཁྲུག་གི་བདེ་གཟར་ལན་ཁ་ཤས་སུ་བྱུང་ཡོད་པ་རྣམས་ཕལ་ཆེ་བ་ནི་ཆབ་སྲིད་ཀྱི་དབང་ཤུགས་འཕྲོག་རྩོད་དང་བབ་འབྲེལ་ཆེ་བ་ལྟར་སྣང་ན་ཡང་། ཕག་གྲུའི་སྲིད་དབང་གི་མིང་དང་རྗེས་འབྲེལ་ཐོག་ནས་རིན་སྤུངས་རྡོ་རྗེས་ས་རྟ་ཕྱི་ལོ་༡༤༩༨ ནས་ས་སྟག་ ༡༥༡༨ ལོ་བར་གྱི་ལོ་ངོ་ཉི་ཤུ་རིང་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་སེ་འབྲས་དགའ་གསུམ་འཚོགས་མི་ཆོག་པ་བཟོས་མུར། དགེ་ལུགས་པའི་སྟེང་ལ་ཚུལ་མིན་བྱ་སྤྱོད་སྣ་ཚོགས་རིམ་པར་སྤེལ་བ་དེ་དག་ནི་གྲུབ་མཐའི་ཕྱོགས་ཞེན་ཤུགས་ཆེན་ལས་བྱུང་ཡོད་པ་མངོན་གསལ་ཡིན།

དེ་ལྟར་ཆོས་ལུགས་གྲུབ་མཐའི་སྟོབས་ཤུགས་འོག་ནས་ཆབ་སྲིད་ཐད་དབང་ཐོབ་རྩོད་རེས་དང་ཆོས་ལུགས་ཐད་མཆོད་འབངས་འཕྲོག་རེས་བྱེད་པའི་ཡུན་རིང་དུས་ཟིང་ཁྲོད་ནས། ས་སྤྲེལ་ ༡༥༤༨ ལོར་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རིན་སྤུངས་པའི་སྲས་པད་མ་དཀར་པོ་བཀྲོངས་པ་སོགས་རིན་སྤུངས་པར་འཐབ་རྒོལ་མང་དུ་བྱས་པས་རིན་སྤུངས་དམེ་ཁྲག་གི་ལོ་ཞེས་འབོད་པ་དེ་བྱུང་ཞིང་། དེ་རྗེས་གཙང་བ་སྡེ་སྲིད་ཀྱི་སྐབས་སུ་ཕུན་ཚོགས་རྣམ་རྒྱལ་གྱིས་ཆུ་བྱི་ ༡༦༡༢ ལོ་དང་། ཆུ་གླང་ ༡༦༡༣ ལོ་གཉིས་ལ་བོད་རིགས་ནང་ཁུལ་དུ་དམག་འཁྲུག་མང་དུ་བརྒྱབ་པར་བརྟེན། བྱི་གླང་བདེ་གཟར་དུ་གྲགས་པའི་དུས་ངན་དེ་ཆེད་དུ་བསླངས་ཡོད། དུས་མཚུངས་སུ་གྲུབ་མཐའི་ཕྱོགས་ཞེན་གྱི་སྦྱོར་ངན་མུ་མཐུད་དུ་སྤེལ་མུར་ས་རྟ་ ༡༦༡༨ ལོ་ལ་བོད་དབུས་ལྷ་ས་སོགས་སུ་དམག་དཔུང་དྲངས་ཏེ་བོད་ཁམས་མི་བདེ་བའི་དུས་ཟིང་ཆེད་བཟོས་ཀྱིས་དགེ་ལུགས་པའི་ཕྱོགས་གཏོགས་ཀྱི་དགོན་སྡེ་དང་སྦྱིན་བདག་ཁག་ལ་གནོད་འཚེ་མི་ཉུང་བ་རྒྱུན་རིང་བཟོས་ཡོད།

དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་ཡང་ཆོས་ལུགས་གྲུབ་མཐའི་སྟོབས་ཤུགས་ཀྱི་འོག་ནས་ཅུང་ཟད་རིས་སུ་བཅད་དེ་ཀར་གཙང་དང་ཇོ་ནང་གི་དགོན་སྡེ་ཁག་ཅིག་རང་ཕྱོགས་དགེ་ལུགས་པར་བསྒྱུར་བ་སོགས་བྱུང་མྱོང་ཡོད་པ་དང་། དེ་འབྲེལ་གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དང་། སྲིད་ཀྱི་མིང་གནས་འཛིན་པའི་མཐོ་རིམ་མགོ་དཔོན་མང་ཆེ་ཤོས་སེར་མོ་བ་ཆགས་ཡོད་རྐྱེན། ཁོ་ཚོས་མངའ་འབངས་མི་སེར་ལ་དབང་བསྒྱུར་གྱི་ཐོག་ནས་ཆོས་ཁྲིམས་བསྡམས་ཏེ་དགོན་སྡེ་ཁག་དང་། བླ་བྲང་ཁག་སོགས་ཀྱི་སྲིད་འབྱོར་རྒྱས་ཐབས་གཙོ་བོར་སྤྱད་ཡོད་ཅིང་། ལྷག་པར་དུ་གཞུང་སྒེར་ཆོས་གསུམ་ཞེས་པར་ཁྲལ་འུལ་སྐུལ་འདེད་ལམ་ལུགས་རྒྱ་ཁྱབ་ཏུ་བྱུང་བཅུག་པ་དེ་ཡིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཆེན་པོ་བཟོས་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྷ་བཟང་ཧན་བར་གྱི་གྱོད་གཞིའི་ངོ་གདོང་ཙམ་ལ་བལྟས་ན། སྲིད་དབང་འཕྲོག་རྩོད་ཀྱི་འགལ་ཟླ་ཞེ་གཅིག་ཡིན་པ་ལྟར་སྣང་ན་ཡང་། དུས་སྐབས་དེར་རང་ཕྱོགས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་ཕམ་ཉེས་དང་། གཞན་ཕྱོགས་ལྷ་བཟང་ཧན་ལ་རྒྱལ་ཁ་ཐོབ་འཇུག་མཁན་ནི་གདན་སའི་མཁན་པོའི་གཙོས་པའི་བླ་དཔོན་ཁག་ཅིག་ཡིན། ཁོ་ཚོས་བོད་རང་གི་སྲིད་དོན་ལ་བསམ་ཤེས་བྱེད་མ་ཐུབ་པར་ཆོས་ལུགས་དང་འབྲེལ་བའི་ལས་དོན་འབའ་ཞིག་གཉེར་བའི་རྗེས་འབྲས་ལྟ་བུར། ཤིང་བྱ་ ༡༧༠༥ ལོར་བོད་ལ་ཆོས་སྲིད་གཉིས་ཐད་ནས་བྱས་རྗེས་ཆེ་བའི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མགུལ་བ་དམར་པོ་གསོན་བཅད་དང་། དེའི་ཕྱི་ལོར་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཁྲི་ཐོག་ལས་ཕབ་སྟེ་མཐར་སྤྱུགས་བཏང་བའི་གནས་ཚུལ་སོགས་བྱུང་ཞིང་། མེ་སྤྲེལ་ ༡༧༡༦ ལོར་སོག་རིགས་ཇུན་གར་པའི་དཔུང་དམག་དབུས་སུ་ཡོང་སྟེ་བོད་ཀྱི་སྲིད་དབང་བཙན་འཕྲོག་གིས་རྡོ་རྗེ་བྲག་དང་སྨིན་གླིང་དགོན་པ་སོགས་ནང་གཏོར་བཅོམ་ཐོག་བོད་ཀྱི་སྐྱེས་ཆེན་ཁག་ཅིག་དོན་མེད་དུ་བཀྲོངས་པ་བཅས་བྱུང་ཡོད།

ལར་བོད་ཀྱི་ལོ་རྒྱུས་སྨྲ་མཁན་རེ་འགས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བྱས་ཉེས་མང་དུ་བགྲང་ཁུལ་བྱེད་མོད་ཀྱང་། དོན་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གི་སྐྱོན་ཡོན་གཉིས་ལས་ཡོན་ཏན་གཙོ་ཆེར་ཡོད་པར་ནི་བསྙོན་འདིང་མི་ནུས་ཤིང་། བོད་ཀྱི་གཞུང་འཛིན་པའི་ཁྲོད་ནས་ཁོང་ནི་ཆབ་སྲིད་ཀྱི་ལྟ་བ་ཅུང་མཐོན་པོ་འཛིན་ཐུབ་པའི་མཐོ་རིམ་མི་སྣ་ཞིག་ཀྱང་ཡིན། རྒྱུ་མཚན་ནི་སྡེ་སྲིད་ཀྱིས་གཞུང་འཛིན་སྐབས་སུ་མན་སོག་གཉིས་ལ་ཧ་ཅང་བསྟུན་ཤེད་ཆེ་བའི་སྤྲེལ་ལད་འཁྲབ་ཚུལ་དེ་ཙམ་མི་སྣང་།  གནས་ཚུལ་དེ་ནི་<<བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།>>ནང་དུ། “ཨོ་རོད་ཅུང་གར་གྱི་རྒྱལ་བོ་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་ཀྱི་བྱ་སྤྱོད་ལ་ངན་སྨྲས་དང་སྐྱོན་བརྗོད་མང་བ་དང་། ཚངས་དབྱངས་རྒྱ་མཚོའི་མཛད་སྤྱོད་ལ་མ་དགའ་བའི་གཏམ་མང་དུ་བྱུང་བ་སོགས་ཚངས་དབྱངས་རྒྱ་མཚོ་ཁྲི་འདོན་སྐབས། མན་ཆིན་གོང་མའི་སྐུ་ཚབ་ལ་ལྕང་སྐྱ་ངག་དབང་མཆོག་ལྡན་གཏོང་གནང་མཛད་དེ། ཁྱེད་གོང་མའི་སྐུ་ཚབ་ཡིན་པས་སྡེ་སྲིད་ལ་ཕྱག་འཚལ་མི་ཆོག་ཅེས་བཀའ་གནང་ནའང་། ལྷ་སར་སླེབས་སྐབས་སྡེ་སྲིད་ཀྱིས་མི་མངགས་ནས་ཁྱོད་ཀྱིས་ང་ལ་ཕྱག་མ་འཚལ་ན་ངེད་དང་བོད་ཀྱི་སྲིད་དོན་རྒྱལ་དབང་རིན་པོ་ཆེའི་སྐུ་དོན་ཡང་འགྲུབ་དཀའ་ཟེར་བ་བྱུང་བས། ཁོང་གིས་རྒྱལ་དབང་རིན་པོ་ཆེའི་སྐུ་དོན་དུ་སོང་ན་ང་ལ་ཅི་བྱུང་ཡང་རུང་ཐུགས་ལ་དགོངས་ནས་སྡེ་སྲིད་ལ་ཕྱག་འཚལ།”ཞེས་སོགས་འཁོད་པའི་བརྗོད་དོན་གྱིས་ཕྱོགས་ཙམ་གསལ་རྟོགས་ཡོང་བ་ཡིན།

ཤིང་འབྲུག་ ༡༧༢༤ ལོ་ནས་བཀའ་བློན་ནང་འཁྲུག་གི་བདེ་གཟར་བྱུང་བའི་དུས་ཟིང་སྐབས་སུ། ཁང་ཆེན་ནས་དང་ཕོ་ལྷ་བ་གཉིས་ཀྱིས་དགེ་ལུགས་པ་དར་ཐབས་དང་། ང་ལུམ་སྦྱར་གསུམ་གྱིས་རྙིང་མ་པ་དར་ཐབས་གཙོར་དམིགས་ཐོག་ནས་ཕན་ཚུན་འགལ་ཟླར་གྱུར་པའི་བཀའ་བློན་ནང་ཁུལ་གྱི་རྩོད་རྙོག་དེ་སྲིད་དབང་འཕྲོག་རྩོད་ཀྱི་ངོ་བོར་གྱུར་ཡོད། ཕོ་ལྷ་བར་མཚོན་ན་གྲུབ་མཐའི་ཕྱོགས་ཞེན་ལྟ་བུའི་གཡོ་ཐབས་སྤྱད་ནས་ལྷ་སའི་གཙུག་ལག་ཁང་གིས་མཚོན་པའི་གདན་ས་གསུམ་སོགས་ཀྱི་ལྷ་ཁང་འདུ་ཁང་ཁག་ཅིག་ཉམས་གསོ་དང་འབྲེལ་ཏེ་རྟེན་གསུམ་གསར་བཞེངས་བཅས་བྱས་པ་དང་། སྲིད་དོན་ཐད་ནས་མན་ཇུ་གོང་མ་ལ་སྤྲེལ་ལད་འཁྲབ་བཞིན་རྒྱབ་རྟེན་བཅོལ་བ་སོགས་བྱས་པའི་དབང་གིས་རང་ཉིད་ཀྱི་ཁ་གཏད་ང་ལུམ་སྦྱར་གསུམ་གྱིས་གཙོས་པའི་བོད་རིགས་མཐོ་རིམ་མི་སྣ་བཅུ་དགུ་མན་ཆིན་དཔུང་དམག་ལ་དམར་གསོད་བྱེད་དུ་བཅུག་ཡོད་ལ། དུས་མཚུངས་སུ་རང་ཉིད་ཀྱི་དབང་ཐོབ་འབའ་ཞིག་བརྟན་གནས་ཀྱི་ཕྱིར་དུ་ཨམ་བན་གྱིས་གཙོས་པའི་མན་ཇུའི་དཔུང་དམག་མང་པོ་བོད་དབུས་ལྷ་སར་གཏན་སྡོད་བྱེད་དུ་བཅུག་ཡོད། གནས་ཚུལ་དེའི་མཐའ་འབྲས་སུ་ཕྱིས་ཀྱི་རྩོད་རྙོག་མང་པོ་ཞིག་གི་གཞི་སྣ་ཡང་དྲངས་ཡོད།

གཞན་ད་དུང་གོར་བོད་དམག་འཁྲུག་དང་། སིང་བོད་དམག་འཁྲུག དབྱིན་བོད་དམག་འཁྲུག ལུང་ཤར་གྱི་དོན་རྐྱེན། ར་སྟག་གི་དོན་རྐྱེན་ཟེར་བ་སོགས་ཀྱི་ཐད་ནས་བརྗོད་རྒྱུ་མང་པོ་མཆིས་ན་ཡང་རེ་ཞིག་དེ་ཙམ་ལས་མ་སྤྲོས། མདོར་ན་གོང་གསལ་ལོ་རྒྱུས་ཀྱི་སྐྱོ་གར་རམ་བྱས་ཉེས་དེ་དག་ནི་ཆོས་ལུགས་གྲུབ་མཐའི་སྟོབས་ཤུགས་ཀྱིས་སྲིད་དོན་ལ་ཁ་ལོ་བསྒྱུར་བའི་གནས་ཚུལ་ཞེ་གཅིག་ཡིན་པ་ལས། སྲིད་དོན་སྟོབས་ཤུགས་ཀྱིས་ཆོས་ལུགས་གྲུབ་མཐའི་ཁ་ལོ་བསྒྱུར་བའི་གནས་སྟངས་ཤིག་གཏན་ནས་ཆགས་མེད།

༢༽ བོད་རང་གི་སྲིད་གཞུང་གི་མཚན་མཐོང་གོང་མཐོར་འདེགས་རྒྱུའི་ཚབ་ཏུ་སྲིད་གཞུང་གཞན་གྱི་འཇའ་ས་དང་ལུང་ལས་མཚན་བསྟོད་རིགས་ལ་གཙིགས་ཆེན་བྱས་དྲགས་པའི་རྐྱེན་གྱིས། བོད་རང་ལ་ཡོད་པའི་སྲིད་གཞུང་གི་གོ་བབ་རང་ཤུགས་ཀྱིས་ཉམས་དམའ་བར་ཕྱིན་ཏེ་བོད་ཀྱི་སྲིད་དབང་གིས་གཞན་ལ་སྟངས་འཛིན་ཤུགས་རྐྱེན་ཐེབས་ཐུབ་རྒྱུ་ཕར་ཞོག བོད་རིགས་ནང་ཁུལ་ལ་ཡང་སྟངས་འཛིན་ཤུགས་རྐྱེན་གཙང་མ་ཞིག་ཐེབས་ཐུབ་མེད། དེ་ཡང་ཏཱ་དབེན་ཏི་ཤྲི་སྟེ་(མིང་བསྡུས་ན་ཏཱ་དབེན།)ཧོར་རྒྱལ་པོའི་དབུ་བླའི་མིང་ཐོག་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་སྲིད་བཟུང་བ་ནས་བཟུང་། ས་སྐྱའི་དཔོན་ཆེན་རྣམས་ཀྱིས་ཧོར་སོག་གི་དཔོན་ཁག་གི་ངོ་སྲུང་ལ་བརྟེན་ནས་བོད་བཙན་པོའི་དུས་སྐབས་ལྟར་གྱི་བོད་ས་ཡོངས་རྫོགས་གཅིག་སྡུད་བྱེད་ཐུབ་མེད་པའི་ཁར། བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་མང་བོ་དོར་ཏེ་ཧོར་ཁྲིམས་གཙོ་བོར་སྤེལ་བཞིན་སྲིད་དབང་བསྐྱངས་ཡོད། ཕག་གྲུ་པས་ནི་བོད་ཡུལ་གྱི་གནས་ཚུལ་དང་བསྟུན་ཏེ་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་ཞེས་པ་གཏན་འབེབས་གནང་ཡོད་མོད་ཀྱང་། ཁྲི་དཔོན་སོ་སོས་རང་ཉིད་ཀྱི་ཆེ་རྟགས་སུ་སོག་དཔོན་ཁག་གིས་གནང་བའི་ལུང་ལས་དང་འཇའ་སའི་མཚན་བསྟོད་ཏཱ་སི་ཏུའམ་ཏའི་སི་ཏུ་དང་། གུ་ཤྲཱི། ཏི་ཤྲཱི། ཝང་ཟེར་བ་སོགས་ཀྱི་མཚན་གནས་རྒྱུན་འཛིན་ངང་བོད་སྲིད་བསྐྱངས་ཡོད།

གཙང་པ་སྡེ་སྲིད་ཀྱི་དུས་སུ་ཧན་དང་སི་ཏུ་ཞེས་པའི་མིང་གནས་རྒྱུན་འཛིན་བྱེད་མཁན་མང་ཙམ་བྱུང་ཡོད་པ་དང་། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་བོད་ཀྱི་སྲིད་དབང་གི་ས་ཁྱོན་དེ་ས་སྐྱ་བ་དང་ཕག་གྲུའི་སྐབས་ལས་ཀྱང་ཉམས་རྒུད་དུ་ཕྱིན་མུར། བོད་ཀྱི་གཞུང་འཛིན་པ་དང་བླ་དཔོན་ཕལ་ཆེར་གྱིས་ཧོར་དང་མན་ཆིན་སྲིད་གཞུང་གི་མཚན་བསྟོད་འཇའ་སའི་རིགས་ལ་ཧབ་ཐོབ་བརྒྱབ་སྟེ་རང་ཉིད་ཀྱི་སྲིད་གཞུང་གི་མཚན་མཐོང་ལ་སྣང་ཆུང་བཏང་ཡོད། ཚུལ་དེ་ཡང་དགའ་ལྡན་ཕོ་བྲང་གི་ལས་ཀྱི་སྣེ་མོ་བ་ཁོ་ན་ཙམ་མ་ཡིན་པར། བོད་ཀྱི་མཐོ་རིམ་མི་སྣར་ཁས་འཆེ་བའི་བླ་དཔོན་གང་མང་ཞིག་གིས་མན་སོག་གི་རྒྱལ་དཔོན་ཁག་གི་ལུང་ལས་མཚན་བསྟོད་རིགས་ལ་གཙིགས་རྔམས་ཆེན་པོ་བྱས་ཐལ་དྲགས་པའི་དབང་གིས། བོད་ཀྱི་བླ་དཔོན་མང་པོ་ཞིག་གི་མཚན་གྱི་མགོ་རུ་མན་སོག་གི་མིང་ཚིག་ཏཱ་བླ་མ་དང་། ཏཱ་ཀོ་ཤྲཱི། ཝང་གུང་ངམ་གུང་། ཛ་སག ནོ་མོ་ཧན་ནམ་ནོམ་ཆི། དཱ་ཧན་ནམ་དར་ཧན། པ་ཐུར། པཀྵི ། ནོ་ཡོན། ཧོ་ཐོག་ཐུ་སོགས་ཀྱི་མིང་གནས་རྒྱ་ཁྱབ་ཏུ་བེད་སྤྱོད་རྒྱུན་འཛིན་བྱས་ཡོད།

གནས་ཚུལ་དེས་ནི་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་མཚན་གནས་མང་པོ་ཞིག་མི་མངོན་བག་ལ་ཞ་བར་གྱུར་པས། བོད་ཀྱི་ཆོས་སྲིད་གཉིས་ཐད་ཀྱི་ལས་དོན་འགངས་ཆེན་མང་དག་ཅིག་མན་སོག་ལ་ཕར་བསྟུན་ཤེད་ཅི་ཆེའི་ངང་བསྒྲུབ་དགོས་པ་ལྟ་བུའི་གནས་བབ་སྐྱོ་བོ་དེ་ཞོར་དུ་བྱུང་བར་མངོན།

རྒྱལ་དབང་ལྔ་བ་མཆོག་ལ་མཚོན་ན་ཡང་། མན་སོག་གི་རྒྱལ་དཔོན་རིགས་ལ་ཕར་བསྟུན་ཤེད་ཅི་ཆེའི་ཁར། མན་ཆིན་རྒྱལ་རྒྱུད་རྣམས་འཇམ་པའི་དབྱངས་དངོས་ཀྱི་རྣམ་འཕྲུལ་དུ་བསྒྲགས་པ་དང་ལྷན་དུ་རང་ལས་གཞན་གཅེས་སམ་གཞན་བསྟོད་རང་སྨད་ཀྱི་ལྟ་གྲུབ་དེ་བོད་ཀྱི་སྲིད་དོན་གྱི་ཐོག་མཐའ་བར་གསུམ་དུ་ཡོངས་ཁྱབ་ངང་སྤྱད་ཡོད། དཔེར་མཚོན་ཞིག་དྲངས་ན། <<དུ་ཀུ་ལའི་གོས་བཟང་།>>སོགས་སུ། “གནམ་བསྐོས་འཇམ་དབྱངས་གོང་མའི་ལུང་གིས་བསྔགས་པའི་ཏཱ་ལའི་བླ་མ་བཛྲ་དྷ་རར་འབོད་པའི་གཏམ།” ཞེས་པ་དང་། “རྒྱལ་པོ་བཞུགས་ཁྲི་མིའི་སྐེད་པ་དང་མཉམ་པའི་སྟེང་ཁྲིའུ་ཤིང་གི་ཁར་བཞུགས། དེ་དང་འདོམ་པ་གང་ལས་མི་རིང་བའི་སར་ངེད་ལ་རྒྱལ་པོའི་བཞུགས་ཁྲི་ལས་ཅུང་དམའ་བ་ཞིག་འདུག་པའི་སྟེང་དུ་བསྡད། གསོལ་ཇ་བྱུང་བའི་དུས་སྔོན་ལ་འཐུང་གསུངས་ཀྱང་དེ་འདྲ་མི་འགབ་ཞུས་པས་དུས་མཉམ་དུ་འཐུང་གནང་བ་སོགས་མཐོང་གཟོས་ཤིན་ཏུ་ཆེ་བ་མཛད།” ཞེས་སོགས་གསུངས་པ་ལྟ་བུ་མང་ཞིང་། ཕྱོགས་མཚུངས་བོད་ཀྱི་བླ་སྤྲུལ་གཞན་མང་པོས་ཀྱང་མན་སོག་གི་མཐོ་རིམ་དཔོན་རིགས་ཁག་ལ་བོད་རང་གི་རྒྱལ་དཔོན་ལས་ཀྱང་ཆེ་བསྟོད་བསྔགས་བརྗོད་བཅས་བླ་ན་མེད་པ་གང་ཡོང་བྱས་ཡོད་ཚུལ་ནི་སོ་སོའི་རྣམ་ཐར་ཁག་ཏུ་ཡང་ཡང་འབྱུང་བ་ལྟར་ཡིན། གནས་ཚུལ་འདི་དག་གིས་དོན་དུ་ཅི་ཞིག་སྟོན་ནམ་ཞེ་ན། མན་སོག་གི་རྒྱལ་དཔོན་ཚོས་བོད་ཀྱི་མཐོ་རིམ་ཆོས་ལུགས་མི་སྣ་བེད་སྤྱོད་བྱས་ནས་རང་རང་གི་ཆབ་སྲིད་ཀྱི་དམིགས་ཡུལ་བདེ་བླག་ངང་འགྲུབ་པར་བྱས་ཡོད་པ་དེ་ཡིན།

༣༽  བོད་ཀྱི་གཞུང་འཛིན་པ་ཕལ་ཆེར་གྱིས་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་ཡོད་ཀྱི་གོ་གནས་ཙམ་བརྟན་ལྷིང་ཡོང་ཐབས་གཙོར་འཛིན་བྱས་ཡོད་པ་ལས། བོད་རྒྱ་བསྐྱེད་དང་བོད་ཁམས་གཅིག་གྱུར་ཡོང་བའི་ལས་དོན་ཐད་ལ་ཤུགས་སྣོན་ཆེན་པོ་བརྒྱབ་མི་འདུག་པ་དེ་ལྟར། ས་སྐྱ་བའི་སྐབས་ནས་དགའ་ལྡན་ཕོ་བྲང་བར་གྱི་དུས་སྐབས་གང་དུ་ཡིན་ཡང་། བོད་ནང་ཁུལ་དུ་སྲིད་དབང་འཕྲོག་རྩོད་ཀྱི་བདེ་གཟར་སྣ་མང་བསྟུད་མར་བྱུང་ཡོད་པ་དང་། བོད་དང་བོད་མི་རིགས་ཀྱི་ལས་དོན་ལ་གཅིག་ཏུ་བརྩོན་པའི་འགན་ཁུར་གྱི་བསམ་བློའི་ཐོག་ནས་བོད་ཀྱི་གཞུང་འཛིན་པ་ཚད་ལྡན་ནི་ཆེས་ཤིན་ཏུ་ཉུང་ཉུང་རེད། དེའི་རྐྱེན་གྱིས་བོད་ཀྱི་སྲིད་དོན་གྱི་ཕྱོགས་ལ་བརྟན་ལྷིང་ཡོང་གཞི་བྲལ་བ་དང་། དེ་མ་བྱུང་བས་བོད་རྒྱ་བསྐྱེད་དང་བོད་རིགས་ཆིག་སྒྲིལ་སོགས་ཀྱི་ལས་དོན་ཆེན་པོ་ལྟ་བུ་ནི་དེ་བས་ཀྱང་ཡོང་རེ་བྲལ་བ་ཞིག་ཆགས་ཡོད་ཚུལ་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དག་གིས་གསལ་སྟོན་བསྟུད་མར་བྱས་ཡོད་སྟབས་འདིར་དེ་ཕྱོགས་ནས་མང་དུ་བརྗོད་མ་དགོས་པར་ཡོད།

མཐར་བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་སྐབས་ཀྱི་བརྗོད་གཞི་གསུམ་ཐད་ནས་ཕྱོགས་ཙམ་རེ་རང་ཉིད་ཀྱི་ལྟ་ཚུལ་དང་འབྲེལ་ཏེ་ཡིག་ཚོགས་ཀྱི་ལམ་ནས་མཚོན་པར་བྱས་ཡོད་ཁུལ་ལགས་ན་ཡང་། བརྗོད་དོན་ཐད་ནས་འགལ་འཁྲུལ་དང་ལོག་བཤད་དུ་སོང་བའི་ནོར་སྐྱོན་ཡོད་ངེས་གཤིས། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལེགས་ཕྱོགས་སུ་བསྒྱུར་འདོད་པ་རྣམས་ལ་དགོངས་སེལ་དང་སྦྲགས་ཡོ་བསྲང་གནང་བར་ཞུའོ།།