ཁྱིམ་བདག་འགན་འཁུར་ཅན་ཞིག་ཡིན་ན། བུ་ཕྲུག་གི་དགེ་རྒན་ཐོག་མ་བྱེད་དགོས་ལ། ཚེ་གང་གི་དགེ་རྒན་ཡང་ཡིན་དགོས། བུ་ཕྲུག་གི་སློབ་གསོར་སེམས་ཁུར་མི་བྱེད་པའི་ཕ་མ་མེད་དེ། ཁག་ཅིག་གིས་བུ་ཕྲུག་སྔ་མོ་ནས་བྱིས་གཉོར་ཁང་ལ་བསྐྱལ་ནས་རིམ་གྱིས་སློབ་གྲྭ་མིང་གྲགས་ཅན་དུ་བསྐྱལ་ཐབས་བྱེད། ཡང་ཁྱིམ་དུ་དགེ་རྒན་ཕུལ་བྱུང་ཅན་གདན་དྲངས་ནས་བྱིས་པའི་ལས་ཀ་རང་ཉིད་ཀྱིས་འགན་དུ་ལེན། འོན་ཀྱང་དོན་དག་ལ་ལ་བསམ་ཐོག་ཏུ་མི་འགྲོ་སྟེ། སློབ་གྲྭ་རྩེ་གྲ་དང་དགེ་རྒན་ཕུལ་བྱུང་ཡིན་རུང་ཕ་མ་ལས་གལ་ཆེ་བ་མེད། ཁྱོད་ཚོ་ནི་བྱིས་པའི་ཆེས་ཐོག་མའི་དགེ་རྒན་དང་ཁྱོད་ཚོའི་ཚིག་རེ་རེས་བྱིས་པར་བག་ཆགས་ཟབ་མོ་འཇོག་གིན་ཡོད།
སློབ་གསོའི་རྩ་བ་གང་ན་གནས་ཞེ་ན་ཁྱིམ་ན་གནས།

གཅིག སློབ་གསོ་གླེང་མ་ཐག་འུ་ཅག་གི་བློ་ངོར་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་བཅས་དབང་མེད་དུ་འཁོར་ཡོང་། ཡིན་པ་ནི་བྱིས་པ་གོག་མ་ནུར་གྱི་དུས་ནས་སློབ་གྲྭར་ཐོན་ཞིང་། ཁོ་ཚོའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་འདི་རུ་བསླེབས། དེའི་དབང་གིས་བྱིས་པའི་སློབ་གསོར་རྨང་རྡོ་བརྟན་པོ་ཞིག་འཛུགས་དགོས། གང་ལྟར་སློབ་གསོའི་རྩ་བ་ནི་སློབ་གྲྭ་མིན་ལ་གསབ་སྦྱོང་འཛིན་གྲྭའང་མིན། ཡིན་པ་ནི་འཚར་ལོངས་འབྱུང་སའི་ཁྱིམ་ཡིན་ནོ། །

གཉིས། ང་ཚོས་བྱིས་པ་བཙའ་སླ་མོད་གཉོར་དཀའ་ཞེས་འཁང་ར་བྱེད་དུས་དེ་ལས་ཀྱང་འགངས་ཅན་ནི་ཁྱིམ་གྱི་སློབ་གསོ་ལས་མ་འདས། བྱིས་པའི་འཚར་ལོངས་ནི་ཁྱིམ་ནས་མགོ་བརྩམས་ཤིང་འདྲ་མཉམ་གྱི་ཐོག་ནས་ཡོང་མོད། ལ་ལ་ཕྱིས་སུ་ཕུལ་བྱུང་ཅན་དང་ལ་ལ་ཆེས་སྤྱིར་བཏང་ཅན་ལས་མ་ཆགས། འདི་ནི་གང་ལ་ཐུག་སོང་བ་རེད། ཕ་མས་ཁྱིམ་ཚང་ནི་བུ་ཕྲུག་འཚར་ལོངས་འབྱུང་ཡུལ་གཙོ་བོར་བཟུང་ནས་བྱ་བ་ཙག་ཙིག་གི་ཁྲོད་ནས་ཁོ་ཚོའི་བློ་རིག་གི་སྒོ་མོ་འབྱེད་དགོས། འདི་ནི་ད་གཟོད་ཕྲུ་གུའི་སློབ་གསོའི་མན་ངག་མཆོག་གོ །

གསུམ། ཁྱིམ་ནི་ཕྲུ་གུ་འཚར་ལོངས་ཀྱི་གཤིན་ས་དེའོ། ། ཕ་མ་རིག་པ་ཅན་ཞིག་ཡིན་ཚེ་འདི་ལྟར་སློབ་གསོ་གཏོང་ངེས་ཏེ།

ཚིག་དང་པོ། ཕ་མ་ངེད་གཉིས་ལ་ནུས་པ་མེད་པས་ཁྱོད་ལ་ཐུག་ཡོད་ཟེར་ངེས། འདི་ནི་ཕྲུ་གུར་འགན་འཁུར་གྱི་ངོས་ཟིན་སྟེར་བའི་ཐབས་ཡིན།

ཚིག་གཉིས་པ། མི་བསམ་སྤྱོད་བཟང་པོ་ཞིག་བྱ་དགོས་པས་གཞན་ལ་གནོད་པའི་ལས་མ་བསྒྲུབ་ཟེར་ངེས། འདི་ནི་ཕྲུ་གུར་མི་ཚད་ལྡན་ཞིག་བྱ་དགོས་པའི་ཐབས་ཡིན།

ཚིག་གསུམ་པ། རང་གི་ནུས་པར་བརྟེན་ནས་དོན་དག་རེ་ཨེ་འགྲུབ་ལྟོས་དང་། མ་འགྲུབ་ན་ཕ་མ་ངེད་གཉིས་ད་རུང་ཡོད་ཟེར། འདི་ནི་བླ་མེད་ཀྱི་བརྩེ་དུང་གི་ཐབས་ཡིན།
གནད་དོན་གཅིག་ཡིན་མོད་ལ་ལས་གཤམ་ལྟར་བཤད་དེ།

ཚིག་དང་པོ། གཅེས་ཕྲུག ཁྱོད་ཀྱིས་སློབ་སྦྱོང་ལ་འབད་པ་བྱོས་དང་། བྱ་བ་གཞན་ཚང་མ་ངེད་གཉིས་ཀྱིས་ཐག་གཅོད་ཟེར། འདི་ནི་ཕྲུ་གུའི་འགན་འཁུར་གྱི་བསམ་པ་བཅོམ་བརླག་བྱས་པའི་ཚུལ་རེད།

ཚིག་གཉིས་པ། སྒོར་སོང་ན་གྱོང་འཁུར་མི་ཉན། གཞན་གྱིས་ལག་འགུལ་ན་སྐྱིན་པ་ལེན་དགོས་ཟེར། འདི་ནི་མི་ཞིག་གི་རྩ་བའི་ཚད་གཞི་མེད་པར་བཏང་བའི་གཏམ་ཡིན།

ཚིག་གསུམ་པ། ཉོན་ཨ། སློབ་སྦྱོང་བཟང་པོ་མ་བྱས་ན་རྗེས་སུ་ལྟོ་རྒྱབ་ཀྱང་གསོ་མི་ཐུབ། དེའི་སྐབས་ངེད་གཉིས་ལ་མ་རེ་ཟེར། འདི་ནི་ཆ་རྐྱེན་ཅན་གྱི་བརྩེ་བ་ཡིན་པས་བརྩེ་དུང་རྫུས་མ་ཡིན།

བཞི། ཁྱིམ་བདག་ནི་ལས་རིགས་ཤིག་ཡིན།

སློབ་གསོའི་རྩ་བ་ནི་ཁྱིམ་ནས་བྱུང་ཞིང་འཕེལ་བ་ཡིན་ལ། ཁྱིམ་སྐྱོང་བའི་གཙོ་བོ་ནི་ཁྱིམ་བདག་ཡིན། ནམ་རྒྱུན་ཁྱིམ་བདག་ཅེས་པའི་ཐོབ་ཐང་འདི་ཉིད་མིང་བརྡ་གང་ཞིག་གིས་ཡང་དག་པར་གསོན་ཉམས་དང་ལྡན་པའི་སྒོ་ནས་མཚོན་པ་ལ་བསམ་གཞིག་བཏང་བ་ཡིན། སྟེས་དབང་གིས་དྲ་གྲོགས་ཤིག་གི་སྐད་འཕྲིན་ལས་ཁྱིམ་བདག་ནི་ལས་རིགས་ཤིག་ཡིན་ཞེས་བཀོད་འདུག་པ་མཐོང་ལ། འདི་ནི་ངས་བརྗོད་པར་འདོད་པ་དེ་མ་ཡིན་ནམ། ཁྱིམ་བདག་ཅེས་པའི་ལྗིད་ཏིག་ཏིག་གི་ཐོབ་ཐང་རླབས་པོ་ཆེ་འདི་ཐེག་པ་ལ། ལས་རིགས་ཤིག་ལ་གུས་བཀུར་དང་འགན་འཁུར་བ་ཇི་བཞིན་ཡིན་དགོས། དྲོད་ཁོལ་དང་། འགྲིག་མཐུན། བརྩེ་སེམས་བཅས་ནི་བྱིས་པ་འཚར་ལོངས་འབྱུང་བའི་འཚོ་བཅུད་ཆེས་རྩ་ཆེ་བ་དག་ཡིན་ལ། ཕ་མ་གཉིས་འགྲིག་ཅིང་མཐུན་པར་གནས་ཤིང་། མཉམ་དུ་འགན་འཁུར་ཏེ་སློབ་གསོ་གཏོང་ཚུལ་གཅིག་འདྲ་ཡིན་ན། དེ་ནི་བྱིས་པ་འཚར་ལོངས་འབྱུང་བའི་ཁོར་ཡུག་ཆེས་ལེགས་ཤོས་དེ་ཡིན། གལ་ཏེ་དེ་ལྟར་ཡིན་ན། “བྱ་བཞག་ལེགས་པར་འགྲུབ་ཡང་། ཁྱིམ་ཚང་རྩ་བརླག་བྱུང་བའི་”བཤད་སྲོལ་དེ་རིགས་འབྱུང་མི་སྲིད་ལ། མ་མཐའ་ཡང་ཇེ་ཉུང་དུ་འགྲོ་ངེས་རེད་སྙམ།

ལྔ། ཕ་མ་གཉིས་བྱིས་པའི་ཚེ་གང་གི་དགེ་རྒན་བྱེད་དགོས།

མི་རྣམས་ཀྱིས་རྒྱུན་པར་ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་ཡིན་ཞེས་བཤད་ལ། ངས་བརྗོད་འདོད་པ་ནི། ཕ་མ་གཉིས་བྱིས་པའི་ཚེ་གང་གི་དགེ་རྒན་བྱེད་དགོས་ཞེས་པ་དེ་ཡིན།
ནུབ་ཕྱོགས་སུ་གནས་ལུགས་ཀྱིས་ཕྱུག་པའི་གཏམ་རྒྱུད་ཅིག་ཡོད་ཅིང་། དེས་མི་ལ་བློ་སྒོ་འབྱེད་ཐུབ། དེ་ལས་བྱིས་པ་ཞིག་གི་མཐོང་སྣང་གི་ཨ་ཕ་བྲིས་འདུག
ལོ་བདུན་གྱི་ཚེ་ན། ཨ་ཕ་ནི་དངོས་གནས་རང་ག་བ་ཞིག་མ་རེད། མི་ཤེས་པ་གཅིག་ཀྱང་མི་འདུག
ལོ་བཅུ་བཞིའི་ཚེ་ན། མཚམས་ལན་རེར་བཤད་ནོར་བྱས་པའང་ཡོད་པ་འདྲ།
ལོ་ཉི་ཤུའི་ཚེ་ན། ཨ་ཕ་ཅུང་ཟད་རྗེས་སུ་ལུས་འདུག ཁོའི་ལྟ་ཚུལ་དུས་རབས་དང་མཐུན་གྱིན་མི་འདུག
ལོ་ཉེར་ལྔའི་ཚེ་ན། ཕ་རྒན་གྱིས་ཅི་ཡང་མི་ཤེས། ཁོང་རྙིང་ཞེན་འབའ་ཞིག་རེད།
ལོ་སོ་ལྔའི་ཚེ་ན། སྐབས་དེར་ཨ་ཕ་ལ་ང་དང་འདྲ་བའི་འཇོན་ཐང་ཡོད་ན། ད་ལྟ་ཁོ་རང་གདོན་མི་ཟ་བར་སྒོར་ས་ཡའི་བདག་ཉིད་ཅན་གྱི་ཕྱུག་པོ་ཆེན་པོར་འགྱུར་ངེས།
ལོ་ཞེ་ལྔའི་ཚེ་ན། ངས་ཕ་རྒན་ལ་གྲོས་བྱེད་དགོས་མིན་མི་ཤེས། ཁོས་ང་ལ་ཐབས་ཤིག་འཐེན་ཐུབ་ཀྱང་སྲིད།
ལོ་ང་ལྔའི་ཚེ་ན། ངོ་མ་ཕངས་པ་ལ། ཨ་ཕ་ཚེ་ལས་འདས་སོང་། དྲང་མོར་བཤད་ན། ཁོའི་ལྟ་ཚུལ་ནི་ཁྱད་དུ་འཕགས་པ་ཞིག་རེད།
ལོ་དྲུག་ཅུའི་ཚེ་ན། སྙིང་རྗེ་བའི་ཨ་ཕ། ཁྱེད་ནི་དངོས་གནས་ཐམས་ཅད་མཁྱེན་པའི་མཁས་པ་ཞིག་རེད། ཡིད་སྐྱོ་བ་ཞིག་ལ་ངས་ཁྱེད་ལ་རྒྱུས་ལོན་པ་འཕྱི་དྲགས་སོང་།
འཚོ་བ་ནི་དུས་ཡུན་རིང་བོར་ཀློག་རིན་ཡོད་པའི་གླེགས་བམ་ཞིག་དང་འདྲ། བྱིས་པ་དག་དར་མ་དང་རྒན་པོར་ཆགས་དུས། རང་གི་ཕ་མ་གཉིས་སྔར་ལས་ལྷག་པར་དྲན་ལ། ཕ་མས་རང་གི་མི་ཚེ་ལ་ཤུགས་རྐྱེན་ཐེབས་པའི་དྲིན་དྲན་ངེས་ཤིང་། རང་གིས་ཀྱང་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་ཕ་མའི་རང་ལ་སློབ་གསོ་གཏོང་ཚུལ་གྱིས་རང་གི་བྱིས་པར་སློབ་གསོ་གཏོང་ངེས།
མཐར་བརྗོད་པར་འདོད་པ་ནི། ཁྱིམ་བདག་འགན་འཁུར་བ་ཞིག་གིས་བྱིས་པའི་དགེ་རྒན་ཐོག་མའི་ལས་ཀ་ལེགས་པར་སྒྲུབ་དགོས་པ་མ་ཟད། བྱིས་པའི་ཚེ་གང་གི་དགེ་རྒན་བྱེད་པའི་ལས་ཀའང་ལེགས་པར་བསྒྲུབ་དགོས་སོ། །

རྩོམ་ཁུངས། ཀྲུང་ཧོ་སློབ་གསོ་ཚན་རྩལ་ཞིབ་འཇུག་ཁང་། ཟླ་༡ཚེས་༡༥ཉིན།