སྦ་བཞེད་ལ་དབའ་བཞེད་དམ་སྦ་བཞེད་ཞབས་བཏགས་མ་སོགས་རིགས་མང་པོ་སྣང་ཞིང་། སྔོན་གྱི་ཆོས་འབྱུང་ལོ་རྒྱུས་ཏེ།《རྒྱལ་རབས་གསལ་བའི་མེ་ལོང》དང《དེབ་ཐེར་སྔོན་པོ》《ཆོས་འབྱུང་མཁས་པའི་དགའ་སྟོན》《དེབ་ཐེར་རྫོགས་ལྡན་གཞོོན་ནུའི་དགའ་སྟོན》སོགས་སུ་དེ་ནས་ལུང་དྲངས་པ་མང་ཞིང་། དེ་ཡང་དཔའ་བོ་གཙུག་ལག་པས་སྦ་བཞེད་ལ་ཆེ་འབྲིང་ཆུང་གསུམ་ཡོད་པར་གསུངས་ལ། རྒྱལ་དབང་ལྔ་བས་སྦ་བཞེད་ལ་ཡང་དོན་འགལ་ཡོད་པར་གསུངས་ཡོད་དོ། ཁོང་ཅག་གིས་གཟིགས་པའི་ཕྱག་དཔེ་དག་རིགས་གཅིག་མིན་ནི་མི་གསལ། དཔའ་བོ་གཙུག་ལག་པས་དྲངས་པ་ནི་སྦ་བཞེད་དུ་གྲགས་པ་དེ་ཡིན་པ་ཕྱག་དཔེ་དངོས་སུ་བསྡུར་བས་ཤེས། འགོས་ལོ་ཡིད་བཟང་རྩེ་བས་སྦ་བཞེད་གཙང་མ་ཞེས་གསུངས་པར་དཔགས་ན་སྦ་བཞེད་ལ་དེ་དུས་ནས་ལྷད་ཞུགས་པ་དང་མ་ཞུགས་པའི་དཔེ་མི་འདྲ་བ་ཡོད་པ་ཤེས་ནུས། ཁོ་བོས་སྦ་བཞེད་དང་སྦ་བཞེད་ཞབས་བཏགས་མ། དབའ་བཞེད་བཅས་ལ་བལྟས་ཤིང་། སྔ་མ་གཉིས་ནི་ཞབས་བཏགས་མ་བཏགས་ཙམ་གྱི་ཁྱད་པར་མ་གཏོགས་ནང་དོན་སོགས་ཧ་ལམ་འདྲ། འོན་ཀྱང་དབའ་བཞེད་ནི་བརྡའི་ཁྱད་ཆོས་དང་ནང་དོན་སོགས་སྔ་མ་དག་དང་ཧ་ཅང་མི་འདྲ་བར་ཆེས་སྔ་བའི་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་སོགས་ཀྱི་ནང་དོན་དང་འདྲ་བས་འདིར་དེའི་ཁྱད་ཆོས་ཐད་ཅུང་ཟད་གླེང་བར་བྱ།

དང་པོ། བརྡའི་ཁྱད་ཆོས།

དབའ་བཞེད་དུ་རྒྱལ་བོ་སྲོང་བཙན་སྒམ་པོའི་མཚན་ལ་ཁྲི་སྲོང་བཙན་ཞེས་བྱུང་ལ། ཆོས་འབྱུང་གཞན་དག་ཏུ་མིང་དེ་ཡེ་མ་གྲགས་པར་ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེ་ཙམ་ཞིག་ཏུ་བརྡ་དེ་གྲགས་སོ། རྒྱ་བཟའ་ཀོང་ཇོའི་མཚན་ལ་མུན་ཤང་ཨོང་ཅོ་ཞེས་བྱུང་། དེ་ལྟར་གྲགས་དགོས་པའི་རྒྱུ་མཚན་ཡང་གནའ་དུས་ཀྱི་རྒྱའི་ཀློག་ལ 文成公主ཞེས་པར་མུན་ཤང་ཨོང་ཅོ་དང་ཉེ་བའི་སྒྲ་ཐོན་པར་ངེས་ཏེ། ད་ལྟའི་ལྷོ་ཕྱོགས་ཀྱི་རྒྱའི་སྐད་དུ文成ལ་མུན་ཆང་སོགས་སུ་ཀློག་གོ འདི་ཉིད་ཙམ་མ་གཏོགས་ཆོས་འབྱུང་ལོ་རྒྱུས་གཞན་དུ་དེ་ལྟའི་བརྡ་ཡེ་མ་གྲགས། ཏུན་ཧོང་གཏེར་ཡིག་ཏུ་དེ་ལ་མུན་ཆང་ཀོང་ཇོ་ཞེས་བྱུང་ཞིང་། ལྷ་སའི་རྡོ་རིང་དུ་མུན་ཤེང་ཀོང་ཇོ་ཞེས་བྱུང་བ་དང་ཞལ་མཐུན།

མཆི་ཞེས་པ་ཟེར་བ་དང་འགྲོ་བའི་དོན་ཏེ། འདི་རུ་མི་རྣམས་ནི་བཙན་པོ་ཁྲི་སྲོང་བཙན་ཨརྱ་པ་ལོ་ལགས་སོ་ཞེས་མཆི་སྟེ་ཞེས་མཆི་ཞེས་པ་ཟེར་བའི་དོན་དུ་འགྲེལ་ཅིང་། ཏུན་ཧོང་གཏེར་ཡིག་ཏུ་ཡང་ལ་ལས་མཆིད་ནས་རྒྱལ་ཕྲན་བཅུ་གཉིས་སུ་མི་གཏོགས་ཤེས་མཆི་སྟེ་ཞེས་སོགས་སུ་གསུངས་པ་དང་མཐུན། གཞན་དེ་འགྲོ་བའི་དོན་དུ་ཡང་འཇུག་སྟེ། རྨང་ལམ་དང་འཐུན་པར་བྲག་ལ་ལྷའི་གཟུགས་འོལ་བྱི་ཙམ་གདའ་ནས་ཤིན་ཏུ་དགྱེས་ཏེ་བལ་བོའི་ལྡེ་མཁན་འགུགས་པ་བཏང་ནས། མཆིས་མ་ཐག་ཏུ་སྐུ་གཟུགས་དེ་ཉིད་དུ་བགྱིས་ཏེ་ཞེས་གསུངས་ཤིང་། ཏུན་ཧོང་གཏེར་ཡིག་ཏུ་མཆི་ལ་འདི་དང་འདྲ་བའི་ནང་དོན་འདུག་པ་མང་དུ་མཐོང་ཐུབ་པོ། ནམ་ཞར་ཞེས་པ་ནམ་ཡང་གི་དོན་ཡིན་པར་སྐྱོགས་སྟོན་ལོ་ཙཱ་བ་གསུངས་ཤིང་། འདི་རུ་–ལྷ་ཆོས་འདི་ནམ་ཞར་ཡང་བརྟན་པར་འགྱུར་ཏེ་ཞེས་ནམ་ཞར་ཞེས་པ་བྱུང་། འདི་ཙམ་མ་གཏོགས་ཆོས་འབྱུང་རྙིང་བ་གཞན་དག་ཏུ་བརྡ་འདི་མཐོང་དཀོན་ཞིང་། ཏུན་ཧོང་གཏེར་ཡིག་དང་རྡོ་རིང་ཡི་གེར་བརྡ་དེ་བྱུང་། མཁས་དབང་དགེ་ཆོས་ཀྱིས་ཤེས་རབ་བརྒྱ་བ་ལས་ཀྱང་བརྡ་དེ་བྱུང་བར་གསུངས་པ་ལྟར་དེ་ན་སྣང་ཞིང་། གཞན་འབྲུག་པའི་ཕལ་སྐད་དུ་འདུག་གསུངས་མོད། ཁོ་བོས་འབྲུག་པའི་མི་ལ་དྲིས་ན་བརྡ་དེ་གོ་མཁན་མི་འདུག་ཅིང་། ཁོང་ཚོའི་སྐད་དུ་བརྡ་དེ་འདྲ་མེད་ཟེར་བས་ལུང་པ་ཆུང་ཆུང་ཞིག་གི་སྐད་ཡིན་ན་མ་གཏོགས་མི་ཤེས་སོ།

རེད་ཅེས་པ་གྲུབ་པའི་དོན་ཡིན་པར་སྐྱོགས་སྟོན་ལོ་ཙཱ་བ་གསུངས་ཤིང་། བཀའ་ཆེམས་ཀ་ཁོལ་མ་སོགས་ཆོས་འབྱུང་རྙིང་བ་དག་ཏུ་མ་གཏོགས་བརྡ་དེ་འདྲ་མཐོང་དཀོན་པའི་ཚོད་དུ་འདུག་གོ གཞན། ཆོས་འཇིག་འཇིག་པའི་ཞང་བློན་རྣམས་ཀྱང་ཚེ་འདི་ལ་ཡང་སྡུག་བསྔལ་མི་བཟད་པས་གུམ་ཞིང་བཀྲ་མི་ཤེས་པ་ཡང་མང་དུ་བྱུང་ཞེས་དང་། –རྒྱའི་མུ་སྟེགས་ཀྱིས་ཕྲག་དོག་བགྱིས་བགྱིས་པ་ལས་ཞེས་འཇིག་འཇིག་པ་དང་བགྱིས་བགྱིས་པ་ཞེས་ལས་ཚིག་གཉིས་མཉམ་དུ་བྱུང་བ་འདི་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་བརྐོས་ཡི་གེ་རུ་མི་རབས་བདུན་ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས་ཞེས་བྱུང་བ་དང་འདྲ་ཞིང་། མདོ་མཛངས་བླུན་དུ་ཡང་དེ་འདྲ་འབའ་ཞིག་བྱུང་ངོ་།

 

གཉིས་པ། རྒྱ་སྐད་ཀྱི་སྒྲ་རང་སོར་གནས་པ་མང་བ།

བཙན་པོའི་དུས་སུ་ནང་བསྟན་བོད་ཡུལ་དུ་ཐོག་མར་དག་ཞིང་། སྐབས་དེར་ཆོས་དང་འབྲེལ་བའི་མིང་མང་པོ་ཞིག་རྒྱ་སྐད་སྒྲ་སྒྱུར་བྱས་ཡོད་ཅིང་། འདི་རུ་ཡང་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཨརྱ་པ་ལོ་དང་། ཆོས་ལ་དར་མ། པད་མ་འབྱུང་གནས་ལ་པད་མ་སམ་བྷ་བ། དཔལ་ན་ལེནྡྲ་ལ་ཤི་ལི་ན་ལེན་དྲ། ར་ས་གཙུག་ལག་ཁང་ལ་ར་ས་བེ་ཧར། འཕགས་པ་ཀླུ་སྒྲུབ་ལ་ནཱ་ག་རྫུ་ན།རིང་བསྲིལ་ལ་སི་ར་རད་ཅེས་བྱུང་ཡོད་དོ།

 

གསུམ་པ། ནང་དོན་ཐད་ཀྱི་ཐུན་མིན་གྱི་ཁྱད་ཆོས།

ནང་དོན་གྱི་ཐད་དུ་ནང་བསྟན་དར་ཤིང་རྒྱས་པའི་དུས་ནི་ཁྲི་གཙུག་ལྡེ་བཙན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་ཤིན་ཏུ་གཏན་ལ་ཕབ་པ་ཞེས་ཆོས་འབྱུང་དཀྱུས་མའི་བཤད་སྟངས་དང་ཅུང་ཟད་མི་འདྲ་བ་བྱུང་། འདིར་གཉན་པོ་གསང་བ་ཡན་བུ་གླ་སྒང་གི་གཉན་མཛོད་དུ་བཞག་པར་གསུངས་ཤིང་། སྦ་བཞེད་དུ་མཆོད་རྟེན་དཀར་པོའི་ནང་རྫོངས་སུ་བཞུགས་པར་གསུངས། འདི་རུ་ཐོན་མིའི་མཚན་ལ་འཐོན་མི་གསམ་པོ་ར་ཞེས་བྱུང་བ་ལྡེའུ་ཆོས་འབྱུང་བསྡུས་པར་” གསུམ་དུ་འཛངས་པ་མཐོན་མི་བསམ་པོ་ཊ་” ཞེས་བྱུང་བ་དང་ཕྱོགས་མཐུན་ཞིང་། མིང་འདི་སྔོན་གྱི་བརྡ་སྤྲོད་མཁན་པོ་དག་གིས་རྒྱ་སྐད་ཡིན་པར་གསུངས་ན་ཡང་མིང་འདི་དག་ལ་བསམ་ན་ད་དུང་དཔྱད་འོས་པའི་གནས་སོ་སྙམ། དེ་རུ་ཞང་བློན་གྱིས་བུ་ཚ་ལ་སོགས་པ་ཀུན་འཐོན་མི་གསམ་པོ་ར་དང་། རྒྱ་གར་གྱི་ལི་བྱིན་ལ་ཡི་གེ་སློབ་ཏུ་སྩལ་ཏེ་ཡི་གེ་ནི་དེ་ཚུན་ཆད་བོད་ལ་གདའ་བ་ལགས་སོ་ཞེས་གསུངས་པ་ནི་ཏུན་ཧོང་གཏེར་ཡིག་ཏུ་བོད་ལ་ཡི་གེ་མེད་པ་ཡང་རྒྱལ་བོ་འདིའི་དུས་སུ་བྱུང་ཞེས་གསུངས་པ་དང་ཞལ་མཐུན།

དིང་གི་དུས་སུ་རྒྱལ་བོ་སྲོང་བཙན་སྒམ་པོའི་དུས་སུ་གཙུག་ལག་ཁང་གཉིས་ལས་རུ་བཞིའི་གཙུག་ལག་ཁང་སོགས་བཞེངས་མེད་པར་གསུངས་ཤིང་། ཁོ་ཚོས་དེ་ལྟར་གསུངས་པ་ནི་སྐར་ཅུང་རྡོ་རིང་སུ་རུ་བཞིའི་གཙུག་ལག་ཁང་དང་མཐའ་འདུལ་ཡང་འདུལ་སོགས་མ་བྱུང་བས་ཨེ་ཡིན་སྙམ། ཡིན་ཡང་འདི་རུ་ཁྲི་སྲོང་བཙན་གྱི་དུས་སུ་གཙུག་ལག་ཁང་གཉིས་ཙམ་དུ་མ་ཟད་རུ་བཞིའི་གཙུག་ལག་ཁང་ཡང་བཞེངས་ཡོད་པ་གསུངས་པས། བཀའ་ཆེམས་སོགས་སུ་རུ་བཞི་མཐའ་འདུལ་ཡང་འདུལ་མང་པོ་བཞེངས་པར་གསུངས་པ་ཡང་མཐའ་གཅིག་ཏུ་མི་བདེན་པ་གང་ནས་ཡིན། དེར་འདས་སྲོང་གི་སྐབས་གླིང་རི་ཁྲི་རྩེ་བཞེངས་པར་གསུངས་པ་དེ་སྐར་ཅུང་རྡོ་རིང་དུ་འདས་སྲོང་མང་པོའི་རྗེའི་དུས་སུ་གླིང་གི་ཁྲི་རྩེ་བཞེངས་ཞེས་གསུངས་པ་དང་མཐུན། སྦ་བཞེད་དུ་གྱིམ་ཤང་ཀོང་ཇོ་མེས་ཨག་ཚོམ་གྱི་བཙུན་མོར་བསུས་པ་མིན་ཚུལ་སོགས་སྒྲུང་མང་པོ་རབ་བཏགས་ཏེ་གསུངས་མོད། འདི་དང་རྡོ་རིང་ཡི་གེར་གྱིང་ཤང་ཀོང་ཇོ་མེས་ཨག་ཚོམ་གྱི་བཙུན་མོར་བསུས་ཚུལ་གསུངས་སོ།། འདིར་ཁྲི་སྲོང་གི་སྐབས་སུ་གསེར་གྱི་ཤཱཀྱ་མུ་ནེ་ར་མོ་ཆེར་བཞུགས་པར་གསུངས་ཤིང་། སྦ་བཞེད་དུ་སྐབས་དེར་ཇོ་བོ་ཤཱཀྱ་མུ་ནེ་ར་སར་བཞུགས་པར་གསུངས་ཡོད་དོ།

གཞན་དབའ་བཞེད་རྫོགས་པའི་རྗེས་སུ་ཟས་གཏད་ཀྱི་ལོ་རྒྱུས་ཞེས་པ་ཞིག་བྱུང་། དེ་རུ་ཁྲི་སྲོང་ལྡེ་བཙན་ཀྱི་འདད་བཏང་བའི་སྐོར་བྱུང་་ཞིང་། དེ་ལས་འདད་ནི་ཤིད་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རྟོགས་ནུས་ཏེ། དེ་ནས་བན་དེ་རྣམས་ཀྱིས་ལྷའི་བུ་དྲི་མ་མེད་པའི་མདོ་ཀྱི་གཟུངས་ལ་བརྟེན་ནས་འདད་ཤུད་དཀར་ཆོས་སུ་མཛད་དོ། དེའི་དུས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས་ཏེ་ལྷ་སྲས་ཁྲི་སྲོང་གི་འདད་བཏང་ཞེས་བྱུང་བས། དེབ་སྔོན་དུ་བྱུང་བའི་འདད་ཀྱི་སྐོར་ཀྱང་དེ་དང་འདྲ་བ་ཚིག་རིས་ལས་དཔགས་ནུས་པས་འདད་བྱ་བ་ནི་དེབ་དཀར་དུ་གསུངས་པ་དེ་འདྲ་མིན་པར ། ཤིད་ཡིན་ལ་ཆོ་ག་སོགས་ཀྱང་ད་ལྟའི་བདུན་འདོན་པ་དང་འདྲ་བ་ཤེས་ནུས་སོ།

གཞན་དེ་རུ་ཤིང་སྡོང་པོ་ནི་སྐུ་དུད་དུད། གོར་ཕ་བོང་ནི་འཕར་ཐང་ཐང་། ཞེས་ཏུན་ཧོང་དང་ལྡེའུ་ཆོས་འབྱུང་དུ་བྱུང་བའི་གཉའ་ཁྲི་རྒྱལ་པོར་བྱོན་སྐབས་ཀྱི་གནས་ཚུལ་མཚོན་པའི་ཚིག་རིས་དེ་འདྲ་ཡང་བྱུང་ངོ་།