དེ་རིང་དྲ་ལམ་དུ་སྤེལ་བཞིན་པའི་རེབ་གོང་གི་ཁྲིད་འགོག་དོན་རྐྱེན་དེ་མཐོང་འཕྲལ། ཧ་ལམ་སློབ་གྲྭ་ག་གེ་མོའི་དོན་རྐྱེན་ཞིག་ཏུ་འཁྲུལ་མེད་སྙམ་མོད། ཞིབ་ཏུ་བཀླགས་ཙང་། དེ་ནི་ངའི་སེམས་སུ་ཤར་བ་ཇི་བཞིན་གྱི་སྣང་ཚུལ་ཙམ་ཡང་མིན་པར་ངེས་པས། རྩོམ་ཡིག་འདི་འདྲ་ཞིག་ཞར་ལ་འབྲི་འདང་སྐྱེས། ཡིན་ཡང་། ཨ་ཁུ་སྒོ་ཤེར་གྱི་རྩོམ་ཡིག་ཀྱང་གནད་ལ་དྲིལ་ན། ཟུར་ལྟ་ལེབ་མཐོང་དུ་རུང་བ་མང་ཙམ་འདུག་པས། ད་ནི་ཡིག་ཚོགས་ཀྱི་ཕུང་པོ་འབའ་ཞིག་ཏུ་འགྱུར་བར་སྙམ་ཡང་། “སློབ་ཆེན་འགའ་རེའི་དགེ་རྒན་ཚོས། ལྟ་ཚུལ་ཐ་དད་པའི་མཁས་པ་གཞན་འཆད་ཁྲིད་དུ་ཡོང་རྒྱུ་བཀག་རབས་ཀྱི་གཏམ་ཐོས་མྱོང་མོད། དེའི་ཕྱོགས་སུ་ཞིབ་རྒྱུས་མེད།”པའི་སྐད་ཆས་སླར་ཡང་ཁྲིད་འགོག་གི་དོན་རྐྱེན་ཐད་ལ་སྐད་ཆ་རེ་ཟུང་ཞིག་ལབ་འདོད་རྨང་ནས་སྨིན་ལ་རྩ་ནས་རྒྱས་སོང་།

དངོས་གནས་བཤད་ན། རེབ་གོང་གི་ཁྲིད་འགོག་དེ་ལ་རྒྱལ་ནང་ནས་འོས་ལངས་དང་། ཁྲོམ་སྐོར་སོགས་ལ་དོན་རྐྱེན་ཞེས་སྦྱོར་བ་ནང་བཞིན། མི་དམངས་ག་གེ་མོའི་བཤད་ཉེས་བྱས་ཉེས་ལ་ཡང་དོན་རྐྱེན་ཞེས་དོན་ཆུང་དོན་ཆེན་རུ་གཏོང་ཅི་ཐུབ་བྱས་པ་ནི། དེའི་བྱས་འབྲས་ཀྱི་མགོ་མཇུག་བར་གསུམ་ལ་གཞུང་སྒེར་གཉིས་ཀས་དང་དོད་དང་དོ་སྣང་ཆེས་ཆེར་ཡོང་དགོས་པའི་རྟགས་སུ་འཁུམས་པས། ད་རེབ་ཀྱི་“ཁྲིད་འགོག་”ལ་ཡང་“དོན་རྐྱེན་”ཞེས་སྦྱར་ཆོག་ཆོག་ཏུ་འདུག ཅིའི་ཕྱིར་ཞེ་ན། ཁོང་ཚོས་གཏམ་མགོ་མཇུག་མེད་པ། གནས་ལུགས་མེད་པ། བདེན་པ་བོར་བའི་བཤད་ཉེས་བྱས་ཉེས་ཀྱི་རྨང་བཏིངས་ཤིང་། ད་དུང་ཁྲིད་འགོག་གི་འགག་སྲུང་འདི་གཏན་པོ་ཞིག་ཏུ་ཡོང་ཆེད། རྒྱབ་རྩ་གཞུང་ཕྱོགས་ལ་འཁེན་ནས་འགོག་ཅི་ཐུབ་དང་། མིན་ན་འཇིགས་སྐུལ་ཏེ་འོས་ལངས་ཀྱི་གཏམ་ཡང་ཁ་ནས་ཤོར་འདུག་པས། འདི་ནི་བོད་ཡུལ་སྟོད་སྨད་བར་གསུམ་ལ་མཚོན་ན། དངོས་གནས་དྲང་གནས་ལོ་འདིའི་དོན་རྐྱེན་ཆེ་ཤོས་སུ་ཧ་ལམ་ངོས་འཛིན་བྱ་ཆོག་སྙམ།

ཡིན་ཡང་། དེ་ཕྱོགས་ཀྱི་སྐད་ཆ་མང་པོ་ཞིག་“རྩོམ་ཡིག་”ཏུ་གསལ་བས། ངེད་ཀྱི་སྐད་ཆས་བསྐྱར་ཟློས་མང་པོ་ཞིག་གི་ངལ་བ་ལྷུར་ལེན་དགོས་དོན་མེད་ཀྱང་། ཁྲིད་འགོག་གི་སྣང་ཚུལ་འདི་ནི་མྱོང་བ་དངོས་བརྒྱུད་པའི་མི་སྒེར་རང་ལྟ་བུ་ལ་མཚོན་ན་ཡང་། རྩིས་པས་མི་ཚར། བགྲངས་གིས་མི་ལོངས་པའི་ཚུལ་དུ་འདུག་རྐྱེན། ནང་སེམས་ཀྱི་སྐད་ཆ་འདི་འདྲ་སྔར་ཡང་རང་དང་འགྲོགས་འདྲིས་ཟབ་པའི་གྲོགས་པོ་ཁ་ཤས་ལ། ཡིག་ཐོག་ནས་བྲིས་པ་དང་ངག་ཐོག་ནས་ལབ་པ་སོགས་ཡོད་ཡོད་ཀྱང་། བྲིས་ཚགས་རྗེས་དང་བཤད་ཚར་རྗེས་ཀྱི་སྨྲེང་སེམས་ནི་གཅིག་རྗེས་གཉིས་མཐུད་ཡིན་ཞིང་དེ་ཡི་ལྟག་རྒྱབ་ཀྱི་སེམས་ཁྲལ་ཡང་། དེ་རིང་གི་གླེང་སློང་འདི་དང་འབྲེལ་འདུག་པ་ནི། སྟབས་ལེགས་སྟེས་འགྲིག་ཅིག་ཏུ་ཁེལ་སོང་བས་དེ་ལས་དཔེ་མཚོན་གཅིག་གཉིས་རེ་གླེང་བར་བྱའོ།།

༢༠༡༤ལོའི་ཟླ་༡༡ཚེས་༠༩ཉིན་གྱི་དགོང་སྲོད་ཅིག་ལ། ང་དང་ན་མཉམ་གྱི་གྲོགས་པོ་འགས་འུ་ཅག་གི་སེམས་གཏམ་ཞེས་པའི་རང་མོས་བགྲོ་གླེང་ཞིག་འཚོགས་ཤིང་། བགྲོ་གླེང་དེ་ནི་གོང་རིམ་སོགས་ལ་སྙན་སེང་ཞུ་ལོང་མ་བྱུང་བར། གློ་བུར་གློ་རྡེག་ཅིག་གི་ཚུལ་དུ་འཛོམས་དགོས་བྱུང་བས། སྐབས་དེའི་བགྲོ་གླེང་ལ་ཟླ་ངོ་ཁ་ཤས་ཀྱི་རྗེས་ནས་ཀྱང་ད་རུང་དཀའ་ལས་རབ་དང་རིམ་པ་བྱུང་བར་འདུག་ལ། སློབ་གྲྭའི་གཞུང་ཕྱོགས་ནས་ཀྱང་ཁྲིད་འགོག་གི་སྣང་ཚུལ་ལྟ་བུའི་རྒྱུ་ཕྲ་མོ་ཕྲ་མོ་ཞིག་ཏུ་གྱུར་སོང་ཞེས་ཀྱང་རུང་།

ཅིའི་ཕྱིར་ཞེ་ན། སྐབས་དེའི་བགྲོ་གླེང་གི་ཡུལ་དངོས་ཀྱི་རྣམ་པ་དང་། ནང་གི་མི་གྲངས། གཏམ་གྱི་བརྗོད་གཞི་སོགས་གཅིག་མ་ལུས། གཉིས་མ་ཆད་པར་གོང་རིམ་གྱི་འགོ་ཁྲིད་ཚོའི་རྣ་བར་ཤུབ་སེར་བཏང་འདུག་པ་མ་ཟད། གཞུང་ཕྱོགས་ནས་ཀྱང་སྟངས་འཛིན་ཀྱི་རྣམ་པ་ཞིག་མངོན་ཡོད་ཚོད་འདུག  དེ་ཡང་ཅི་ལ་སྐྱོན་ཏེ། ལར་སློབ་གྲྭ་ཞིག་ལ་མཚོན་ན་འདི་འདྲའི་རིག་གནས་ཀྱི་ལས་ཀ་དང་རིག་གཞུང་གི་བསམ་བློ། ཤེས་རིག་གི་རྒྱགས་ཕྱེ་ལྟ་བུའི་བསམ་བློའི་བགྲོ་གླེང་དང་། ལྟ་བ་མཉམ་གླེང་གི་རྣམ་པར་ཅིས་ཀྱང་དགའ་འོས་ལ་རྒྱབ་ནས་སྐྱོར་དགོས་པའི་ལས་སུ་མཆིས་མོད། རང་ཅག་གི་རྒྱལ་གཉེར་སློབ་གྲྭ་ཞིག་ལ་མཚོན་ན། འདི་འདྲའི་རིག་གནས་ཀྱི་སྣང་ཚུལ་ཙམ་པོ་ལ་ཆབ་སྲིད་ཀྱི་ངོ་བོ་བསྲེས་ནས་འགོག་ཅི་ཐུབ་བྱས་པ་ནི། སྒེར་གཅོད་ཀྱི་དབང་འོག་ཏུ་གཅུན་པའི་སྤྱི་ཚོགས་ཁྲོད་རྒྱུན་འབྱམས་སུ་འགྲོ་བཞིན་པའི་བཙོག་པ་འཁོག་རྒྱུག་ཅིག་རེད་ཨང་།

དེ་བས་ན་གོང་གི་བགྲོ་གླེང་ཡང་དངོས་གནས་བཤད་ན་གློ་བུར་གློ་རྡེག་གི་རྣམ་པ་ཞིག་ཡོད་ལ། ཅིག་ཐང་ན། འདི་ཡི་ལྟག་རྒྱབ་ཏུའང་དེ་འདྲའི་སྐྱུག་རྫོབ་ཀྱི་སྣང་ཚུལ་ཡོད་ངེས་པ་ནི་རང་བློ་རང་གསལ་ཡིན་པས། འགོ་ཁྲིད་རྒྱགས་པོ་དག་ལ་བཤད་ལོང་ཞུ་ལོང་གི་གོ་རིམ་བརྒྱུད་མ་བསམ་པས་ཡིན་ཡང་སྲིད་དེ། ང་ཚོས་རིག་གཞུང་གི་བགྲོ་གླེང་ལས་རྩོད་ཉོག་དང་ཁ་བྲལ་གྱི་སྐད་ཆ་གཞར་ཡང་ལབ་གི་མེད་པས་ཡིན།

ད་དུང་ཡང་གླེང་སློང་གི་གཏམ་ཅུང་ཟད་མང་པོ་ཞིག་འདུག་མོད། རྩོམ་ཡིག་འདི་ཐུང་ཐུང་ཞིག་གིས་འཐུས་པར་སྙམ་པས། ད་ནི་དྲན་ངོགས་སུ་ཡོད་པའི་ཁྲིད་འགོག་གཅིག་གཉིས་རེ་བཤད་ན། ཉེ་བའི་ལོ་བསྟུད་མར་གཞོན་སྐྱེས་ཤེས་ཡོན་པའི་སྡེ་དང་། ལྷག་པར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སྐྱེས་ཆེན་རྗེས་དྲན་སྐོར་གྱི་བགྲོ་གླེང་ཕལ་མོ་ཆེ་ནི། མཁས་དབང་དགེ་ཆོས་དང་དམ་པ་རང་གྲོལ་གཉིས་ཡིན་ཚོད་འདུག་ལ། ལར་བཤད་ན། བོད་དུའང་སྔོན་བྱོན་གྱི་མཁས་པ་ཧ་ཅང་མང་མོད། ཁོང་ཅག་གིས་མཚན་སྙན་གྲགས་ལ་མི་དགའ་ཟེར་བཞིན་བརྩམས་གྲུབ་ཏུ་ཡོད་པའི་བརྩམས་ཆོས་ལ་མིང་མི་འགོད་པ་ལྟ་བུ་དང་། སྔར་ལུགས་ཀྱི་ལྟ་བ་གཅིག་གིས་གཅིག་ལ་སྤེལ་བ་མ་གཏོགས། ལྟ་གྲུབ་གང་ཐད་ནས་བལྟས་ཀྱང་། མི་རིགས་སྤྱི་ཕྱོགས་ལ་ཕན་ཞིང་ཆོས་སྲིད་གཉིས་ཐད་ལ་སྨན་པ། ནང་སྒོས་སྲིད་ཕྱོགས་ཀྱི་ལྟ་གྲུབ་འདི་མི་རིགས་ཀྱི་སྲོག་དང་བླ་རུ་གཙིགས་མཁན་ནི་ཤིན་ཏུ་ཉུང་ཚོད་འདུག་པས། གོང་གི་དམ་པ་གཉིས་ལ་རྗེས་དྲན་གྱི་འཁོར་ལོ་ལོ་ནས་ལོ་ལ་བསྐོར་གིན་པའི་གནད་ཀྱང་འདི་ལ་ཐུག་མེད་དམ་སྙམ། ཡིན་ཡང་། སློབ་གྲྭ་གཞུང་ཕྱོགས་དང་ལྷག་པར་སྡེ་ཁག་གི་འགོ་ཁྲིད་རྒྱགས་པོ་དག་གི་ངོས་ཐད་ནས། འདི་ཡི་བྱེད་སྒོ་ཙམ་པོ་ལའང་ཤིན་ཏུ་དཀའ་ཁག་གི་སྙན་ཞུའི་བརྒྱུད་རིམ་ཞིག་འབུལ་དགོས་པ་དེ་རེད།

འདི་ལྟར་ཕྱིར་འདང་རེ་བརྒྱབ་ན། མང་པོ་ཞིག་གླེང་བས་ཀྱང་གླེང་ཚོད་མི་འདུག་མོད། ཡང་ལོ་ཞིག་གི་དབྱར་གཞུང་ལ། ངས་བོད་ལྗོངས་རིག་གནས་བརྗེ་རེས་མཐུན་ཚོགས་དང་མཉམ་སྒྲུབ་སྒོས། སློབ་གཙོ་གཞོན་པར་ནང་གྲོས་བྱས་ཏེ་ཁོང་གི་ཆོག་མཆན་ཐོབ་རྗེས་དགེ་རྒན་གང་དེ་གདན་འདྲེན་བྱས་ཚར་བ་མ་ཟད། ཁོང་གིས་གླིང་སྒྲུང་ལས་རྟ་རྒྱུག་རྒྱལ་འཇོག་གི་བརྗོད་གཞི་དང་འབྲེལ་བའི་འཆད་ཁྲིད་ཅིག་གནང་བ་གཏན་དུ་ཁེལ་ཡང་། རྗེས་སུ་ཉིན་གྲངས་གསུམ་བཞི་ལྷག་གི་གྲ་སྒྲིག་དང་དཀའ་ལས་ཚང་མ་རྩིས་མེད་དུ་བཏང་སོང་བ་ནི། སློབ་གྲྭའི་གཞུང་ཕྱོགས་ནས་འཆད་ཁྲིད་དེ་སྤེལ་མི་ཆོག་པ་དང་། སྔར་གྲོས་སུ་ཡོད་པའི་སློབ་གཙོ་ཡང་འགྱུར་བ་བླ་ལྷག་བྱུང་ནས་འཆད་ཁྲིད་དེ་སྤེལ་མི་རུང་བའི་རྣམ་འགྱུར་བསྟན་སོང་བ་དེ་རེད།

ལོ་དེའི་ཕྱི་ལོ་ཡང་། སློབ་ཆེན་གཞན་ནས་མཁས་རྒན་རེ་ཟུང་གིས་འཆད་ཁྲིད་གནང་གི་ཡོད་པ་དྲ་ལམ་བརྒྱུད་ནས་མཐོང་ཐོས་འབྱུང་མོད། ངེད་ཅག་གི་སློབ་གྲྭར་འཆད་ཁྲིད་དམ་ཡང་ན་རིག་གཞུང་གི་བྱ་འགུལ་གཅིག་ཀྱང་མེད། ཡོད་པ་ནི་གླུ་གཞས་དགོང་ཚོགས། རིག་རྩལ་སྤྲོ་ཚོགས། སྐོར་བྲོ་འགྲན་བསྡུར་སོགས་སྒྱུ་རྩལ་སློབ་གྲྭ་ཞིག་ལ་ཡོད་འོས་པ་དག་ལས་གཞན་ཅི་ཡང་མེད་པའི་ཕངས་སེམས་ཁྲོད། རང་གིས་སྡེ་ཁག་རིམ་པར་སྙན་སེང་ཡང་ཡང་ཞུས་པར་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་ཐབས་ལམ་ཞེས་པའི་འཆད་ཁྲིད་གནང་སྟབས་འགྲིག་ལ། དེ་ཡང་ཁོ་བོའི་ཨུ་ཚུགས་མཐའ་འཁྱོངས་དང་ལྷག་ཏུ་རང་དང་འབྲེལ་འདྲིས་ཟབ་པའི་དགེ་རྒན་དེའི་སྙན་སེང་འོག་ཆོག་མཆན་ཐོབ་པ་ཞིག་ལས། སྡེ་ཁག་གི་འགོ་ཁྲིད་རིམ་པར་རིག་གཞུང་གི་བློ་ཡིད་ཡོངས་སུ་ཚིམ་པས་ཡིན་ནམ། འཆད་ཁྲིད་ཀྱི་ཡུལ་དངོས་ནས་དེ་ཚོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མ་བྱུང་།

རྗེས་ནས་སློབ་གྲྭའི་དུས་དེབ་ཀྱི་རྩོམ་སྒྲིག་གི་ལས་ཀ་གཉེར་སྐབས། ཁོ་བོས་རྒན་ཁོང་གིས་འཆད་ཁྲིད་གནང་བ་སོགས་ཀྱི་འདྲ་པར་རེ་དེབ་ཀྱི་རྒྱབ་ཤོག་ནང་མར་ཇུས་འགོད་བྱས་ནས་དཔར་དུ་བསྐྲུན་པ་ལ། རྒན་འདི་ཙམ་པོ་ཅི་ཡང་མ་རེད། འདིར་འཇོག་པའི་དགོས་པ་མེད་ལ། སྔོན་ཆད་ངེད་ཅག་གི་སློབ་གྲྭར་རྒན་འདིའི་དགེ་རྒན་དུ་གྱུར་བ་མང་པོ་ཞིག་གིས་ཀྱང་འཆད་ཁྲིད་བྱས་མྱོང་ཡོད་པ་རེད་ཅེས། ང་ལ་གཞུང་སྒྲུབ་ཁང་ནས་གཤེ་གཤེ་མང་ཙམ་བཏང་སོང་། དུས་དེབ་ནི་དུས་དེབ་རང་རེད་དེ། དུས་དང་སྐབས་སུ་དེ་ཡི་རྩོམ་ཡིག་གི་ནང་དོན་དང་ཕྱི་ནང་གསང་གསུམ་སོགས་ལ་འགྱུར་བ་ཕྲན་བུ་ཙམ་ཡང་མེད་ན། དུས་དེབ་ལ་དུས་དེབ་ཀྱི་ངོ་བོ་མེད་ཐོག དེབ་དེས་ཀློག་པ་པོ་དག་ལ་གནང་འོས་པའི་ཤེས་བྱ་དང་གསར་བྱུང་གི་གནས་ཚུལ་ཙམ་ཡང་བརྒྱུད་སྒྲོག་ཐུབ་གིན་མེད་པས། དེ་ལྟ་བུ་ཞིག་དཔར་དུ་བསྐྲུན་ཡང་བསྐྲུན་པའི་དགོས་པ་ཁྱོན་ནས་མི་འདུག་ཨང་།

ཡང་སློབ་མཐར་ཕྱིན་ལ་ཉེ་ཁར། རང་ངོས་ནས་ལས་མང་པོ་ཞིག་གྲུབ་ཐུབ་མེད་ཀྱང་། སློབ་མཐར་མ་ཕྱིན་གོང་གི་དུས་ཚོད་འདི་ངེས་པར་དམ་འཛིན་བྱས་ཏེ། ཆེད་དུ་སྡེ་ཁག་གི་འགོ་ཁྲིད་གཞོན་པ་ཞིག་གི་གཞུང་ཤག་ཏུ་འཛུལ་ནས། རང་ཅག་ལ་བགྲོ་གླེང་སོགས་ཉུང་བའི་བསམ་ཚུལ་དྲན་ཚུལ་ལབ་ཞོར། རང་ལ་ཆ་རྒྱུས་ཟབ་པའི་དགེ་རྒན་གཉིས་གདན་འདྲེན་བྱ་ཐུབ་ཚུལ་དང་། སྡེ་ཁག་རིམ་པས་འདི་ལ་རྒྱབ་སྐྱོར་དང་ཆོག་མཆན་གནང་རོགས་ཀྱི་སྙན་སེང་དེ་ཐོས་འཕྲལ། འགོ་ཁྲིད་གཞོན་པ་དེའི་དྲན་འཕྲུལ་རྒོད་པོས་ངས་གདན་འདྲེན་འདོད་པའི་དགེ་རྒན་དེ་གཉིས་ཁོང་གིས་སྔར་ནས་གདན་འདྲེན་རྒྱུ་ཡིན་ཚུལ་དགེ་རྒན་དེ་དག་ལ་ལབ་ཚར་བ་མ་ཟད། གླེང་གཞི་སོགས་བཀོད་སྒྲིག་ཡོད་རབས། མི་འགྱངས་པར་འཆད་ཁྲིད་ཀྱི་དུས་ཚོད་སོགས་ཀྱང་གཏན་འཁེལ་ཡོང་ཚུལ་གྱི་གཏམ་མང་པོ་ཞིག་བཤད་བྱུང་བས། ང་ཡང་དགའ་སྣང་ཤིན་ཏུ་རབ་ཏུ་སྐྱེས་སོང་། མ་ཟད། ད་རེབ་ཁྱོད་ཚོས་བྲིས་པའི་དཔྱད་རྩོམ་ཕལ་མོ་ཆེ་ཞིག་ལོ་སྔོན་མ་དང་བསྡུར་ན་གཟེངས་སུ་ཐོན་འདུག་པས། ཁོང་གིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ལ་ཐད་ཀར་འབྲེལ་བ་བྱས་ནས། ཁྱོད་ཚོའི་དཔྱད་རྩོམ་ལེགས་གྲས་སྐོར་ཞིག་དེབ་ཏུ་བསྒྲིག་རྒྱུ་ཡིན་རབས་སོགས་ཧ་ལམ་ཆུ་ཚོད་ཕྱེད་ཙམ་བར་དུ་ལབ་བྱུང་བས། བསམ་ཐོག་ལ་བུད་སོང་བ་འདྲ་བའི་བསམ་ཚུལ་འདིའི་ཁྲོད་ནས། ང་རང་ཡིད་རྟོན་སྒོས་ཕྱིར་འགྲོ་ཁར་དགེ་རྒན་འདི་གཉིས་ཀའི་འཆད་ཁྲིད་དེ། ངེད་ཅག་སློབ་མཐར་མ་ཕྱིན་གོང་ལ་ངེས་པར་སྤེལ་དགོས་པའི་རེ་བ་དང་། སྨྱན་གཟུགས་དང་བརྡ་སྦྱོར་སོགས་ཀྱི་ཐད་ནས་ངས་ཀྱང་རོགས་གང་ཐུབ་ཐུབ་བྱ་ཆོག་པར་ལབ་པ་ཡིན། ཡིན་ཡང་། ཕངས་སེམས་རྫོགས་མེད་རེ་སྐྱེས་ཡོང་བ་ཞིག་ལ། དེ་དུས་ཀྱི་གཟའ་འཁོར་གསུམ་བཞིའི་རྗེས་ནས་ངེད་ཅག་གི་སློབ་རིམ་གཞི་ནས་སློབ་མཐར་ཕྱིན་མོད། ཡག་ཡག རྒྱན་རྒྱན། སྙན་སྙན་གྱི་གཏམ་དེ་དག་མཐོང་ཐོས་ཀྱི་ཡུལ་དུ་ཁྱོན་ནས་མ་གྱུར་བས། རེ་འབྲས་ཀྱི་ལྗོན་པ་སྣུམ་པོ་དེ་སྟོན་ཟླའི་ལྷགས་རླུང་རྩུབ་མོ་ཞིག་གིས་སྨག་ནག་ཁྲོད་ཡོངས་སུ་གཞོམ་པར་བཏང་སོང་།

ད་ནི་སློབ་མཐར་ཕྱིན་ནས་ཏག་ཏག་ལོ་ཡི་འཁོར་མོ་གཅིག་ཙམ་འདས་ཀྱང་། སློབ་གྲྭ་ནང་ཁུལ་ནས་འགོ་ཁྲིད་དེ་དག་གིས་འཆད་ཁྲིད་གནང་ངེས་པའི་ཁས་ལེན་ཁས་འཆེས་ཚང་མ་སྐྱག་རྫུན་རྐྱང་རྐྱང་དུ་འདུག་པས། སློབ་གྲྭ་ཆེན་མོའི་ནང་གི་ལྷག་བསམ་མེད་པར་རང་གི་གོ་གནས་ཁོ་ན་སྲུང་བ། ལྟ་རྒྱ་དོག་པས་རང་གི་ཅ་ནེ་གཅིག་པུ་སྐྱོར་བ། བསམ་བློ་མེད་པས་ཁྲིད་འགོག་གི་ལས་ལ་གཞོལ་བའི་ནག་ཉེས་གནམ་སར་མི་ཤོང་བ་དག་ནི། གཞོན་སྐྱེས་སློབ་བུ་ཚོའི་སེམས་ཁོང་གི་སྐྲངས་འབུར་དང་། མིག་ཀོང་གི་ཚེར་མ་ལྟ་བུ་གྱུར་འདུག་ལ། དེ་དག་གི་སྣང་ངོར། འདི་འདྲའི་རིག་གཞུང་གི་བྱ་འགུལ་སྤེལ་མཁན། རྩོམ་ཡིག་འབྲི་མཁན་ནི་ཁོ་ཚོའི་སྣང་ངོས་ཀྱི་སྐྲངས་འབུར་དང་ཚེར་མ་ལྟ་བུའང་གྱུར་ཡོད་ཚོད་འདུག་སྟེ། རང་མོས་བགྲོ་གླེང་ལྟ་བུ་ཞིག་སྤེལ་སོང་བ་ཡིན་ན། མང་མང་འཛོམས་པར་སྐད་ཆ་ཡང་ལྕི་གཉིས་ཀ་འབྱུང་ངེས་པར་དོགས་ནས། གཞུང་གིས་དེ་ལ་ཆབ་སྲིད་ཅེས་པར་གོ་བ་ལོག་ལེན་སྒོས་ཁོ་ཚོའི་དཔོན་ས་གཡུགས་པར་སྐྲག་པ་དང་། གཉིས་ན་རྩོམ་ཡིག་འབྲི་མཁན་ཚོའི་སྐད་ཆ་དྲང་མོས་དཔོན་ཉམས་རྒྱགས་པོ་ཚོའི་གདོང་འབག་དམར་བཤུ་བཏང་འགྲོ་བས་ལོས་ཡིན་འདོད་ཡོད། དེ་བས་ན། རང་དོན་སྦུག་འདྲེན་མཁན་གྱི་སློབ་གྲྭ་ཆེན་མོའི་དགེ་རྒན་དེ་ཚོས། རང་ཉིད་དགེ་རྒན་ཞིག་ཡིན་ཡང་། རང་གི་དཔོན་ས་བདེ་ན་སློབ་མའི་སློབ་གཉེར་གྱི་མཐུན་རྐྱེན། བསམ་བློའི་བགྲོ་གླེང་། རིག་གཞུང་འཆད་ཁྲིད་སོགས་ཤེས་རིག་གི་བྱ་འགུལ་ཡོད་ཚད་འབྲེལ་མེད་དོན་གཞན་དུ་བལྟ་བའི་དགེ་རྒན་ཆེན་མོ་དག་ནི། དངོས་གནས་རིག་གཞུང་ལ་ཁྲམ་རྟགས་རྒྱག་མཁན་གྱི་རིག་གཞུང་གི་ཁྲམ་པ་ལས་གཞན་ཅི།

༢༠༡༨ལོའི་ཟླ་༠༧ཚེས་༠༨ཉིན་སྤོས་ལྡན་གྲོང་ནས་ཤར་མར།