ངས་མཆིམས་མཛོད་དམ་“ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མངོན་པའི་རྒྱན་”ཞེས་པ་འདིའི་རྩོམ་པ་པོའི་ལོ་རྒྱུས་འཚོལ་གྱིན་ཡོད། ངས་འཚོལ་སའི་དཀར་ཆག་རྣམས་སུ་འདིའི་རྩོམ་པ་པོ་མཆིམས་འཇམ་པའི་དབྱངས་དང་མཆིམས་ནམ་མཁའ་གྲགས་གཉིས་སྐྱེ་བོ་གཅིག་ཡིན་མིན་གྱི་ཁ་ཚོན་མ་ཆོད་ཅེས་རྟགས་བཏབ་འདུག  དེའི་གྲས་སུ་ “བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་པོད་གྱ་གསུམ་པ་”ཡི་ནང་དུ་འཁོད་པའི་རྩོམ་པ་པོའི་ངོ་སྤྲོད་དང་། དེ་མཚུངས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་རྒྱར་ཡང་འདི་དང་མཆིམས་ནམ་མཁའ་གྲགས་གཉིས་གང་ཟག་གཅིག་ཡིན་མིན་གྱི་དྭོགས་པ་མ་ཆོད་པར་ལྷག་ཡོད་ཅེས་མཆན་བཏབ་འདུག(དཔེར་ན། “The dating of Mchims ‘Jam-pa’i-dbyangs and his identification with Mchims Nam-mkha’-grags-pa are still in question.”ཞེས་བྲིས་པ་ལྟ་བུའོ།།) དེ་ལྟ་བུའི་དྭོགས་པ་ནི་ད་ལྟའི་བོད་ནང་དང་བོད་ཕྱིའི་བོད་རིག་པ་བ་རྣམས་ཀྱི་ཁྲོད་དུ་ཡོད་འདུག་ལ། ད་དུང་པར་སྐྲུན་ཟིན་པའི་དེབ་དང་རྩོམ་རེ་ཟུང་གི་ནང་དུ་མཆིམས་མཛོད་རྩོམ་པ་པོ་ནི་མཆིམས་ནམ་མཁའ་གྲགས་ཡིན་ཤག་གིས་བཀོད་འདུག  འོན་ཀྱང་དེ་དག་ལ་རྗེས་འདེད་ཞུ་རྒྱུ་མིན་པས་ལུང་དུ་མ་དྲངས།

ངས་མཆིམས་ནམ་མཁའ་གྲགས་ཀྱི་སློབ་མ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་(1219-1299)ཀྱིས་བརྩམས་པའི་“མཆིམས་ནམ་མཁའ་གྲགས་ཀྱི་རྣམ་ཐར་བཞུགས།” ཞེས་པ་དེ་བཀླགས་པ་ཡིན།  རྣམ་ཐར་དུ་གསལ་བ་ལྟར་ན། མཆིམས་ནམ་མཁའ་གྲགས་(1210-1285)ནི་ས་པཎ་དང་འཕགས་པ་གཉིས་ཀའི་སློབ་མ་ཡིན་པ་དང་། ལོ་ངོ་སོ་དྲུག་རིང་སྣར་ཐང་གི་གདན་ས་བསྐྱངས་པར་བཤད། དེ་ཡང་རྣམ་ཐར་ལས་“གདན་ས་རིན་ཆེན་ཉིད་ཀྱི་ཕྱག་ཏུ་བཞེས།།  དྲུག་དང་བཅུ་ཕྲག་གསུམ་གྱི་བར་དུ་བསྐྱངས།།” (ཤོག་གྲངས་ ༣༦ ན་ ༢)  ཞེས་གསུངས། བོད་ཀྱི་ཡིག་ཆ་རྣམས་སུ་མཆིམས་ནམ་མཁའ་གྲགས་ལ་མཆིམས་ཐམས་ཅད་མཁྱེན་པ་ཞེས་ཀྱང་མཚན་གྱི་རྣམ་གྲངས་སུ་འབྱུང་ངོ་།། དེ་ལྟར་ན་མཆིམས་ནམ་མཁའ་གྲགས་པ་འདི་ཉིད་སྣར་ཐང་གི་མཁན་རབས་བདུན་པ་ཡིན་པ་དང་། ཁོང་གི་སློབ་མ་རྣམ་ཐར་རྩོམ་པ་པོ་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་ནི་མཁན་རབས་དགུ་པ་ཡིན་ཞེས་ཡིག་ཆ་རྣམས་སུ་འཁོད་འདུག་གོ།   མཆིམས་ནམ་མཁའ་གྲགས་པའི་རྣམ་ཐར་དུ། འདིའི་གསུང་ན་ཡང་མཛོད་ཀྱི་སྐོར་ལ་ “ཆོས་མངོན་མཛོད་གཞུང་གསལ་བྱེད་ཚངས་པ་”ཞེས་པ་ཞིག་ཡོད་པ་གསལ་འདུག

འོ་ན་མཆིམས་མཛོད་རྩོམ་པ་པོ་འཇམ་པའི་དབྱངས་དེ་སུ་རེད་ཅེ་ན།  དེ་ནི་དཔལ་རྡོར་གྱིས་རྩོམ་སྒྲིག་བྱས་པའི་ “བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག་ཆེན་མོར་”སྣར་ཐང་གི་བསྟན་འགྱུར་ངོ་སྤྲོད་སྐབས་ “བོད་ཀྱི་རབ་བྱུང་ལྔ་པའི་ཆུ་བྱི་སྤྱི་ལོ་ ༡༣༡༢ ལོ་ནས་ ༡༣༢༠ ལོའི་བར་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་བཟུང་སྐབས་བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་སྣར་ཐང་གི་དགེ་བཤེས་མཁས་པ་མཆིམས་འཇམ་དབྱངས་གྲགས་པ་སྟེ་ཟུར་ཆག་ལ་འཇམ་དགག་པཀྴི་ཞེས་གྲགས་པ་བླ་མར་གདན་དྲངས། ་་་”ཞེས་སོགས་ཀྱི་ལོ་རྒྱུས་དང་བཅས་མཆིམས་འཇམ་པའི་དབྱངས་འདི་ནི་འཇམ་སྒེག་པ་ཡིན་པ་གསུང་འདུག(ཤོག་གྲངས་ ༡༠)

དེ་ལས་ཀྱང་ཁ་གསལ་བ་ཞིག་ནི་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་(1764-1853)གྱིས་བརྩམས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་དུ་འབྱུང་། དེ་ཡང་འདི་ལྟར། “མཆིམས་ནམ་མཁའ་གྲགས་ཀྱིས་ཆོས་མངོན་པ་མཛོད་ཀྱི་ཊཱིཀ་ཆེན་མཛད་པ་ཡོད་ལ་ད་ལྟའི་མཆིམས་མཛོད་དུ་གྲགས་པ་མཛད་པ་བོ་དང་མི་གཅིག་སྟེ། མཆིམས་ནམ་མཁའ་གྲགས་ནི་བཅོམ་ལྡན་རིགས་རལ་གྱི་བླ་མ་ལམ་མཆོག་རིན་པོ་ཆེ་རྩོམ་མཁན་དེ་ཉིད་ཡིན་ལ། མཆིམས་མཛོད་དམ་འགྲེལ་བ་མངོན་པའི་རྒྱན་རྩོམ་པ་བོ་ནི་བཅོམ་ལྡན་རིགས་རལ་གྱི་སློབ་མ་མཆིམས་འཇམ་པའི་དབྱངས་སམ་བཙུན་པ་འཇམ་དབྱངས་ཞེས་གྲགས་པ་རིགས་རལ་གྱིས་བཀའ་བཀྱོན་ཡང་ཡང་མཛད་པ་ལ་འཇིགས་ནས་ས་སྐྱར་བཞུགས་པ་ལས་ཧོར་གྱིས་གདན་དྲངས་ནས་བུ་ཡན་ཐུ་རྒྱལ་པོའི་མཆོད་གནས་མཛད་པ་དེ་ཉིད་ཡིན་པར་མཆིམས་མཛོད་རང་གི་མཛད་བྱང་དུ་ཡང་དགེ་སློང་འཇམ་པའི་དབྱངས་ཀྱིས་ཕོ་བྲང་ཙོང་དུའི་མཁར་དུ་གྲུབ་པར་བགྱིས་སོ་ཞེས་གསུངས་པས་ཀྱང་ཤེས་སོ།། འདིས་ཡོ་བྱད་ཚན་ཆེན་པོ་བསྐུར་བའི་སྟེང་ནས་བཅོམ་ལྡན་རིགས་རལ་དང་དབུས་པ་བློ་གསལ་སོགས་ཀྱིས་སྣར་ཐང་དུ་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་ཐོག་མར་བཞེངས་པ་གྲགས་ཆེ་ཞིང་མཚན་ལ་འཇམ་སྒེག་པཀྵི་ཞེས་ཀྱང་ཟེར་རོ།།” ཞེས་འབྱུང་། (ཤོག་གྲངས་ ༡༧༡)

དེ་ལས་ཀྱང་དུས་ཚོད་ཀྱི་ཆ་ནས་ཁུངས་འཕེར་བ་ཞིག་ནི་བུ་སྟོན་རིན་ཆེན་གྲུབ་(1290–1364)ཀྱིས་མཛད་པའི་“ཆོས་མངོན་པ་ཀུན་ལས་བཏུས་ཀྱི་ཊཱིཀ་རྣམ་བཤད་ཉི་མའི་འོད་ཟེར”ཞེས་བྱ་བ་ལས་དཔེར་ན་ “འཇམ་སྒེག་ན་རེ། འདི་ཡང་ཐེག་པ་ཐུན་མོང་བའི་དབང་དུ་བྱས་ཀྱི། ཐེག་ཆེན་ལྟར་ན། མཚམས་མེད་བྱས་པས་ཀྱང་འབྲས་བུ་ཐོབ་སྟེ། མ་སྐྱེས་དགྲའི་འགྱོད་བསལ་གྱི་མདོ་ལས། མ་བསད་པའི་མཚམས་མེད་བྱས་པས་དགྲ་བཅོམ་ཐོབ་པར་གསུངས་པའི་ཕྱིར་རོ། །ཞེས་ཟེར་རོ།།” ཞེས་འབྱུང་ལ།  འདིར་ “འཇམ་སྒེག་ན་རེ་”ཞེས་མཚན་སྨྲོས་ཏེ་ལུང་དྲངས་པ་རྣམས་མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་དུ་འབྱུང་ངོ་།།

དེས་ན་མཆིམས་འཇམ་པའི་དབྱངས་དང་འཇམ་སྒེག་པཀྵི། འཇམ་དགག་པཀྵི། འཇམ་དགག་པ་ཤི་སོགས་ནི་མཚན་གྱི་རྣམ་གྲངས་ཙམ་ཡིན་ལ། དེ་ལྟར་ན།  མཆིམས་ནམ་མཁའ་གྲགས་(1210-1285)གྱི་སློབ་མ་ནི་སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས་(1219-1299)དང་།  དེའི་སློབ་མ་བཅོམ་ལྡན་རིག་རལ་(1227-1305)། དེའི་སློབ་མ་མཆིམས་འཇམ་པའི་དབྱངས་ཡིན་ནོ།། འོན་ཀྱང་མཆིམས་འཇམ་པའི་དབྱངས་ཀྱིས་མཆིམས་ནམ་མཁའ་གྲགས་སམ་མཆིམས་ཐམས་ཅད་མཁྱེན་པའི་ཞབས་ཟིན་ཡོད་པ་ནི་མཛོད་འགྲེལ་གྱི་སྦྱར་བྱང་དུ་གསལ་བ་ལྟར་རོ།།

མཆིམས་མཛོད་ཀྱི་སྦྱར་བྱང་།

(མཆན།  མཆིམས་འཇམ་པའི་དབྱངས་ཀྱི་སྐོར་ལ་ཡིག་ཚགས་རྣམ་ཐར་གཟིགས་རིགས་ཀྱིས་འདིར་མཆན་བུ་རེ་འདེབས་རྒྱུར་རེ་སྐུལ་ཞུ།)