བོད་ཀྱི་ལོ་པཎ་ཆོས་འབྱུང་ཁག་ཏུ་ཆག་ལོ་ཙཱ་བ་གསུམ་གྱི་མཚན་མཇལ་མྱོང་སྟེ། ཆག་ལོ་ཙཱ་བ་དགྲ་བཅོམ་དང་། ཆག་ཕྱི་མ་ཆོས་རྗེ་དཔལ་དང་། ཆག་ལོ་གསུམ་པ་རིན་ཆེན་ཆོས་རྒྱལ་(1447-?)བཅས་སོ། །

ཡར་ཀླུང་ཕྱོགས་སུ་ཆག་ལོ་ཙཱ་བ་ལ་གདན་ས་གཉིས་མཆིས་ཏེ། གཅིག་ནི་ཁོང་རྣམས་ཀྱི་འཁྲུངས་ཡུལ་ལྟེའུ་ར་དང་། གཞན་ཞིག་ནི་སོལ་ནག་ཐང་པོ་ཆེའོ། །

སོལ་ནག་ཐང་པོ་ཆེ། སྔ་མོའི་ཆར་ནགས་ཚལ་ཆེན་པོ་ཞིག་མེས་ཚིག་པའི་སོལ་བ་ཐང་དུ་ཁྱབ་པས་ན་འབྲེལ་བ་རྒྱུ་མཚན་གྱིས་དེ་ལྟར་ཐོགས་སོ། །

ཡུལ་གྲུ་དེ་ནི་དེང་གི་ཡར་ཀླུང་ལྷོ་ཁ་འཕྱོངས་རྒྱས་རྫོང་གི་མངའ་ཁོངས་ཏེ། རྫོང་མཁར་ནས་ཤར་དུ་སྤྱི་ལེ་དགུ་ཙམ་གྱི་སར་ཆགས་ཤིང་། སྤྱི་ལོ་1017ལོར་བསྟན་པ་ཕྱི་དར་གྱི་མེ་རོ་སློང་མཁན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་ཐུགས་སྲས་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་ཀྱིས་གནས་དེར་གཙུག་ལག་ཁང་བཏབ།

ཕྱིས་སུ་གྲུ་མེར་གྱི་མཁན་བུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་(1011-1075)གིས་དར་རྒྱས་མཛད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་(982-1054)ཡང་གནས་འདིར་ཞབས་ཀྱིས་བཅགས། བྱིན་གྱིས་བརླབས་པས། དེང་གི་དུས་སུ་ཡང་ཁོང་གི་གཟིམས་ཁང་སྟེ་ཇོ་ཁང་མཇལ་རྒྱུ་དང་སྒྲུབ་ཆུ་འཐུང་རྒྱུ་འདུག 《དེབ་ཐེར་སྔོན་པོ་》རུ་ཆག་ལོ་ཙཱ་བ་དགྲ་བཅོམ་(1153-1216)རྒྱ་གར་ནས་ཕྱིར་བོད་དུ་ལོག་རྗེས། “ཆུ་མིག་དང་རྒྱལ་ལྷ་ཁང་དང་ཐང་པོ་ཆེ་ལ་སོགས་པ་རྣམས་འབུལ་དུ་བྱུང་བས་ཐོགས་རེ་བཞུགས་པ་”དང་། དེ་དུས་ཙམ་ལ་ཁོང་གིས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་(1127-1225)ཐང་པོ་ཆེར་གདན་དྲངས་ཤིང་། 《ཁ་ཆེ་པཎ་ཆེན་གྱི་བསྟན་རྩིས་》ཀྱང་གནས་འདི་ག་ནས་སྤྱི་ལོ་1207ལོར་མཛད་པ་དེ་ཉིད་ཀྱི་སྦྱར་བྱང་དུ་གསལ་ལོ། །

དེ་ནས་ཆག་ལོ་དགྲ་བཅོམ་གྱི་དབོན་པོ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་(1197-1264)སྐུ་ན་བགྲེས་དུས་གདན་ས་འདིར་ཕེབས་ནས་ཆོས་འཆད་ཉན་གནང་མྱོང་སྟེ། 《ཆག་ལོའི་ལམ་ཡིག་》ལྟར་ན་ཁོང་གིས་འདི་ནས་“དཔྱིད་ཆོས་ལ་ཏིང་ངེ་འཛིན་རྒྱལ་པོའི་འགྲེལ་པ་དང་སེམས་བསྐྱེད་ཆེན་མོ་ལ་སོགས་པ་གསུངས། དབྱར་ཆོས་ལ་སྐྱེས་རབས་དང་།  སྤྱོད་འཇུག་དང་། བཤེས་པའི་སྤྲིང་ཡིག་དང་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་གསུམ་དང་། རྟ་དབྱངས་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་སྒོམ་པ་རྣམས་གསུངས། སྟོན་ཆོས་ལ་འཕགས་སྐོར་གྱི་ཆོས་ཕྲན་སྣ་གཅིག་ཀྱང་མ་ལུས་པར་བྱོན། གཞན་ཡང་བླ་མ་ཉིད་ཀྱིས་མཛད་པའི་མཎྜལ་གྱི་ཆོ་ག་གསུམ་དང་། ཆོས་སྤྱོད་ནོར་བུའི་ཕྲེང་བ་དང་། བསྔོ་བའི་མན་ངག་རིན་པོ་ཆེའི་གཏེར་དང་། ངན་སོང་སྦྱོང་བའི་རྒྱུད་ཆ་ལག་དང་བཅས་པ།  ཀླུ་སྒྲུབ་ཀྱི་སྨོན་ལམ་ཚིགས་སུ་བཅད་པ་དགུ་པ་འགྱུར་བཅོས་ནས་གསུངས་པ། གཞན་ཡང་ཆོས་བཀའ་མང་དུ་གསུངས་ནས་་་་་་་་་་། དགུན་ཐང་པོ་ཆེར་བྱོན། ཤུད་ཀེའི་ཁང་པ་ནས་དགུན་ཆོས་ལ་སྒྲོན་གསལ་དང་། རིན་ཆེན་ཕྲེང་བ་གསུངས་”ཞེས་གསལ་ལ། འཆད་ཉན་འདི་དག་ནི་ཆག་ལོ་ཙཱ་བ་དགུང་ལོ་དྲུག་ཅུ་རེ་གཅིག་པ་སྤྱི་ལོ་1258ལོ་ལ་གནང་བ་རེད། དེ་ཡང་“ཆག་ཆོས་རྗེ་དཔལ་གྱིས་ཐང་པོ་ཆེ་འཛིན་པའི་རྒྱུ་མཚན་ཡང་། ཐང་པོ་ཆེ་ལོ་མང་རབས་ཀྱི་སྔ་གོང་དུ་ཆག་དགྲ་བཅོམ་ལ་ཕུལ། ཁོང་གིས་ཐོགས་ཤིག་བཞུགས་པའི་རྗེས་བསྙེགས་”པ་རེད་ཅེས་འགོས་ལོ་ཆེན་པོས་གསུངས།

《ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་》ལས་“མདོ་སྡེ་ལས་རྣམ་འབྱེད་དང་། དཔེ་བརྒྱད་པ་ཞེས་གྲགས་པ་ཞིབ་པར་འཐག་པའི་དཔེ་བྱུང་ནས་ཆོས་རྗེས་དཔེ་སྒྲོམ་དུ་ཕྱག་ཚགས་མཛད། ཕྱིས་སོལ་ནག་ཐང་(པོ་)ཆེར་བམ་པོ་གཉིས་བསྒྱུར་ནས་ལྷག་མ་ལུས།”ཞེས་དང་། 《བསྟན་འགྱུར་དཔེ་བསྡུར་མའི་དཀར་ཆག་》ཏུ་《བྱ་རོག་གི་སྐད་བརྟག་པར་བྱ་བ་བཞུགས།》ཞེས་པ་“པཎྜི་ཏ་ཆེན་པོ་དཱ་ན་ཤི་ལས་(སྦྱིན་པ་ཚུལ་ཁྲིམས་)ཡུལ་དབུས་ཀྱི་ཡར་ཀླུངས་ཐང་པོ་ཆེའི་གཙུག་ལག་ཁང་དུ་བསྒྱུར།”ཞེས་དང་། གཞན་ཡང་དགེ་རྒན་དགེ་འདུན་རབ་གསལ་གྱི་《རིག་པའི་ཁྱེའུ་》རུ་ཆོས་ཚན་འདི་མ་ཟད་《དཔལ་འཇམ་པའི་རྡོ་རྗེ་ལ་སོགས་པའི་མངོན་པ་རྟོགས་པ་ཀུན་ལས་བཏུས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་བསྒྲུབ་པའི་ཐབས་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ།》རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཨ་བྷྱ་ཀ་རའམ་འཇིགས་མེད་འབྱུང་གནས་སྦས་པས(1004-1125)མཛད་པ་ཞིག་ཀྱང་“ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་ཏྲ་ལ། རྒྱ་གར་ཤར་ཕྱོགས་ཀྱི་མཁས་པ་ད་ན་ཤི་ལས། ཡུལ་དབུས་ཀྱི་སོལ་ནག་ཐང་པོ་ཆེའི་གཙུག་ལག་ཁང་དུ་དབང་ཡོངས་སུ་རྫོགས་པར་ཞུས་ཏེ། སཾ་ཊི་ཏའི་ལེགས་པར་སྦྱར་བའི་སྐད་ལས། བོད་ཀྱི་སྐད་དུ་གཞན་ལ་ཕན་པའི་ཕྱིར་དག་པར་བསྒྱུར་བའོ། ། ”ཞེས་ཀྱང་གསལ་བས་སྔོན་གྱི་དུས་སུ་བོད་བྱོན་པཎ་ཆེན་དང་ལོ་ཙཱ་བ་རྣམས་ཀྱིས་གནས་འདི་ནས་ཆོས་འཆད་ཉན་སྤེལ་བ་དང་། གཙུག་ལག་བསྒྱུར་བའི་ལས་གཉེར་མྱོང་བའང་རྗེས་སུ་དཔགས་ཐུབ་བོ། །

རྒྱུ་མཚན་དེ་འདྲ་ཞིག་གི་དབང་གིས་དགོན་པ་འདི་ཉིད་འགོས་ལོ་ཡིད་བཟང་རྩེ་པའམ་རྩེད་ཐང་ལོ་ཙཱ་བ་གཞོན་ནུ་དཔལ་(1392-1481)གྱིས་“སངས་རྒྱས་ཀྱི་བསྟན་པའི་རྩ་བར་གྱུར་པ་རྣམས་ལས་ཁྱད་པར་དུ་འཕགས་པའི་གནས་ཆེན་པོ་བཞི་”ཡི་ཡ་གྱལ་དུ་བགྲངས་པ་ཡང་དོན་ལ་གནས་སོ་སྙམ།

སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་7ཉིན། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་ཆག་ཆོས་རྗེ་དཔལ་མཆོག་ལ་མོས་པ་ཐོབ་པའི་གནས་མཇལ་བ་ཕྲན་རང་འཕྱོངས་རྒྱས་རྫོང་ཐོག་ནས་ཐང་པོ་ཆེའི་ཕྱོགས་སུ་རྐང་ཐང་ལ་བསྐྱོད་པ་ཡིན། ཉིན་དེར་ཚ་བ་རབ་ཏུ་ཆེ་ཡང་ཕྲན་ཆུང་ང་ཞུམ་པ་མེད་པར་དེར་འབྱོར་བ་ཡང་ལམ་ཡིག་ལས་གསལ་བའི་ཁོང་གི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཀྱི་རྣམ་འགྱུར་ཞིག་སྟོན་ཆེད་ལགས། གཙུག་ལག་ཁང་དེ་ནི་ཐང་པོ་ཆེའི་གྲོང་བརྡལ་དུ་མཆིས་ཤིང་། བོད་ཀྱི་གཙུག་ལག་ཁང་རྙིང་མ་ར་ས་འཕྲུལ་སྣང་གཙུག་ལག་ཁང་དང་། ཁྲ་འབྲུག བསམ་ཡས། གྲ་ཐང་སོགས་ཀྱི་འཛུགས་སྐྲུན་དང་ཆ་འདྲ་སྟེ། གཙུག་ལག་ཁང་འདིར་ཡང་འོག་ཁང་དུ་དྲི་གཙང་ཁང་དང་མགོན་ཁང་། འདུ་ཁང་གསུམ་གྱིས་གྲུབ་ཅིང་། སྟེང་ཁང་དུ་སྨན་བླ་ལྷ་ཁང་དང་གནས་བརྟན་ལྷ་ཁང་སོགས་ཀྱང་མཆིས་སོ།།

སྤྱི་ལོ་1919ལོ་ཡས་མས་ལ་དབུས་གཙང་ཁམས་གསུམ་རིགས་པས་བསྐོར་བའི་ཀ༔ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་(1880-1924)གནས་འདིར་ཕེབས་དུས་ཁོང་གིས་དགོན་འདི་ནས་སྤྱན་གྱིས་གཟིགས་པ་འདི་ལྟ་སྟེ། “ཕྱི་རོལ་དུ་འདུ་ཁང་ཆེ་ཙམ་ཨར་པོ་ཁང་བཟོ་གསར་རྒྱགས་དང་ཁེལ། ནང་དུ་མགོན་ཁང་གཅིག དབུས་སུ་དྲི་གཙང་ཁང་ན་ཐུབ་ཆེན་རྒྱ་གར་ལི་མ་མི་ཚད་ཆེན་པོ་བཞི། ཕག་མོ་གྲུ་པའི་གདུང་རྟེན་ཡིན་པའི་བཀའ་བདམས་མཆོད་རྟེན་མི་ཚད། ཁུ་སྟོན་འདྲ་སྐུ་མི་ཚད་འཇིམ་སྐུ། བཀའ་ཆོས་སོགས། གྲོང་པའི་ལྟག་ངོས་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤཱའི་གཟིམས་ཁང་ན་ཇོ་བོའི་སྐུ་དང་། གཞན་འདམ་སྐུ་མི་ཚད་ཅུང་མེད་པ་མང་ཙམ་ཡོད།”ཅེས་གསུངས།

སྤྱི་ལོ་1999ཙམ་ལ་ཆོས་འཕེལ་(1945-)ཞུ་བ་ཞིག་གིས་ཡར་ཀླུང་གི་དགོན་ཆེ་ཕྲ་རྣམས་ལ་ཞིབ་ཏུ་མཇལ་རྗེས་《ལྷོ་ཁའི་ལམ་ཡིག་གསར་མ་》ཞེས་པ་ཞིག་བརྩམས་ཤིང་། དེར་ཁོང་གིས་ཐང་པོ་ཆེ་ནས་མཇལ་བའི་རྟེན་ཐོ་ནི་འདི་ལྟ་སྟེ། “ད་ལྟ་ཉམས་གསོ་ཞུས་པའི་འདུ་ཁང་ནང་གསར་བཞེངས་ཐུབ་དབང་གཙོ་འཁོར་དང་། རྗེ་ཡབ་སྲས། གཞན་ཡང་ལྡེབས་རིས་རྙིང་མ་མང་པོ་སོགས་མཇལ་རྒྱུ་ཡོད་ལ། ཡང་དེ་དང་ཉེ་བའི་ས་ན་ཇོ་བོ་བཞུགས་མྱོང་བའི་སྒྲུབ་ཕུག་གཅིག་ཀྱང་མཇལ་རྒྱུ་ཡོད།”ཅེས་སྨྲས་སོ། །

ཕྲན་ཆུང་ཐང་པོ་ཆེ་དགོན་ནས་མཇལ་བའི་རྟེན་གསུམ་གྱི་ཐོ་གཤམ་གསལ་ལྟར་ཏེ།

དང་པོ།

གཙང་ཁང་ནང་མར་གཡས་ནས་དང་པོ་ནཱ་རོ་མཁའ་སྤྱོད་མི་ཚད་མ། སྟོན་པ་གཙོ་འཁོར་གསུམ་པ། རྗེ་ཡབ་སྲས་གསུམ། ཞོལ་གཡས་སུ་ཁང་བཟང་གཅིག་ཏུ་རྡུལ་མཚོན་གྱི་དཀྱིལ་འཁོར་གཅིག་དང་། གཡོན་དུ་གུ་རུ་མི་ཚད་མ་གཅིག་བཞུགས། སྒོ་འགྲམ་གྱི་ལྡེབས་རིས་ལ་ཉེ་བའི་སྲས་ཆེན་བརྒྱད་བཞེངས་སྟངས་ཅན་དང་། དེ་དག་གི་ཀླད་དུ་ཚེ་ལྷ་རྣམ་གསུམ་བཞི་ལྷག་བཞུགས། གཞན་ཡང་འཇིགས་བྱེད་དང་སྒྲོལ་མ། རྗེ་ཡབ་སྲས་གསུམ། བླ་མའི་ཚོགས་ཞིང་གི་ཐང་ག་འགའ་ཡང་ཀ་བར་བཀལ་འདུག

གཉིས་པ།

གཡས་ཀྱི་མགོན་ཁང་གི་ཀུན་དགའ་ར་བར་ཞལ་ཁེབས་ཅན་གྱི་ལྷ་སྐུ་ཞིག་བཞེངས་འདུག་ཀྱང་གང་ཡིན་ངོས་མ་ཟིན། འདུ་ཁང་གི་གཡས་ཀྱི་ཀུན་དགའ་ར་བ་ནང་། ཐུབ་དབང་དང་། ཚེ་དཔག་མེད། རྗེ་ཡབ་སྲས་གསུམ། བཀའ་གདམས་མཆོད་རྟེན་ཆེ་ཆུང་མི་གཅིག་པ་ལྔ། འཇིགས་བྱེད་དཔའ་གཅིག་གི་སཱ་ཙྪ་གཉིས། ཀ་པཱ་ལ། རགས་དུང་གཅིག་བཅས། གཡོན་གྱི་ཀུན་དགའ་ར་བ་ནང་ཐུབ་དབང་ཡིན་པ་འདྲ་ཡང་ན་བཟས་བཏུམས་པས་བརྟག་ཐབས་བྲལ། གྱང་གཡོན་གྱི་མཆོད་སྟེགས་སུ་ཐུབ་དབང་དང་། རྗེ་ཡབ་སྲས་གསུམ། སྒྲོལ་མ་ཁྲུ་གང་མ་བཅས་བཞུགས།

ལྡེབས་རིས་ལ་དཔལ་ལྡན་ལྷ་མོ་དང་། རྣམ་ཐོས་སྲས། འཇམ་དབྱངས། ཕྱག་རྡོར། རྡོར་སེམས། དུས་འཁོར། འཇིགས་བྱེད། ཐུབ་དབང་། ཇོ་བོ་རྗེ། གུ་རུ། སྨན་བླ་བདེ་བཤེགས་བརྒྱད། འཇམ་དབྱངས་སྨྲ་བའི་སེང་གེ། སྒྲོལ་ལྗང་། མགོན་པོ་བར་ཆད་ཀུན་སེལ། འཇིགས་བྱེད།  ཕྱིའི་འཁྱམས་རར་ཕྱོགས་སྐྱོང་གི་རྒྱལ་ཆེན་བཞི་དང་། སེང་གདོང་མ་དང་སྲིད་པའི་འཁོར་ལོ་བཞེངས་འདུག (ལྡེབས་རིས་འདི་དག་རིག་གསར་སོགས་ཀྱི་གཏོར་བརླགས་མ་ཐེབས་པར་གྲགས།) གཞན་ཡང་ཕྱིའི་ཀ་བ་གཉིས་ཀྱི་མདུན་རྒྱབ་དུ་དུང་ཆེན་གཉིས་བསྲིངས་འདུག་པ་དགོན་གཞན་གང་ལས་ཀྱང་མཐོང་མ་མྱོང་བའི་སྣང་ཚུལ་ཞིག་རེད།

གསུམ་པ།

སྟེང་ཁང་གི་ཁང་མིག་དང་པོའི་ཀུན་དགའ་ར་བར་རྡོ་རྗེ་སེམས་དཔའ་དང་། ཐུགས་རྗེ་ཆེན་པོ་ཕྱག་བཞི་པ། ཐུབ་དབང་། གུ་རུ། སྒྲོལ་མ་ཁྲུ་གང་མ། འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་དཔར་མ་ཅན་བཞུགས། ཁང་མིག་གཉིས་པར་འཇམ་དབྱངས་མི་ཚད་མ་གཅིག་བཞུགས། ཁང་མིག་གསུམ་པ་སྨན་བླ་ལྷ་ཁང་དུ་སྨན་བླ་བདེ་བཤེགས་བརྒྱད་དང་། ཁང་མིག་གསུམ་པ་གནས་བརྟན་ལྷ་ཁང་གི་ཀུན་དགའ་ར་བར་ཐུབ་དབང་དང་གནས་བརྟན་བཅོ་བརྒྱད། རྒྱལ་ཆེན་བཞི་བཅས་ཀྱི་མདའ་ཚད་མ་བཞུགས། འདི་གཉིས་ཀྱི་ཕྱི་རོལ་གྱི་ཀུན་དགའ་ར་བ་རིང་མོ་ཞིག་ཏུ་བཀའ་བསྟན་བཞུགས་པ་འདྲ། ཁང་མིག་བཞི་པར་གུ་རུ་དང་། རིགས་གསུམ་མགོན་པོ། སྤྱན་རས་གཟིགས་ཕྱག་བཞི་པ། ཕྱག་ན་རྡོ་རྗེ། དཔལ་ལྡན་ལྷ་མོ་སོགས་ཀྱི་ཞལ་ཐང་གསར་བཞེངས་ཅན་ཤ་སྟག་འདུག

བཞི་པ།

ཇོ་ཁང་ངམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གཟིམས་ཁང་ནི་ཐང་པོ་ཆེ་གཙུག་ལག་ཁང་གི་ཁ་གཏད་ཀྱི་གོམ་པ་ལྔ་བཅུའི་མཚམས་སུ་མཆིས་ཤིང་། རྒྱབ་ཀྱི་གཡས་ཟུར་ན་མཆོད་རྟེན་དཀར་པོ་ཞིག་དང་། དེའི་མདུན་གྱི་ཁང་མིག་ཅིག་ཇོ་བོའི་སྒྲུབ་ཆུ་ཡིན་ཟེར་བའི་རང་འབབ་ཆུ་ཞིག་ཀྱང་འདུག  ཇོ་ཁང་གི་ཀུན་དགའ་ར་བར་གཡས་ནས་སྒྲོལ་ལྗང་རང་བྱོན།  ཐུབ་དབང་། དེའི་གཉིས་བར་གྱི་ཞོལ་དུ་འཇིགས་བྱེད་དཔའ་གཅིག་གི་སཱ་ཙྪ་གཅིག འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། གུ་རུ། ཐུབ་དབང་བཅས་བཞུགས། ལྡེབས་རིས་ལ་གཡས་ཀྱི་གྱང་ལྡེབས་སུ་ཇོ་བོ་རྗེ་ཨ་ཏི་ཤ་དང་། དཔལ་ལྡན་ལྷ་མོ། སྒྲོལ་མ་ཉེར་གཅིག རྗེ་ཡབ་སྲས་གསུམ། རྒྱལ་དབང་ལྔ་པ། གཡོན་དུ་ཇོ་བོ་རྗེ་དང་། འབྲོམ་སྟོན་པ།  རྔོག་ལེགས་པའི་ཤེས་རབ། རྡོར་སེམས། ཐུབ་དབང་། སྤྱན་རས་གཟིགས་ཕྱག་བཞི་པ། སྒྲོལ་ལྗང་། ཁྲོ་བོ་མེ་ཞི། མགོན་པོ་ཕྱག་དྲུག་པ་(མགོན་པོ་བར་ཆད་ཀུན་སེལ་)བཅས་བཞུགས་སོ། །

དེ་ལྟར་རེ་རེ་བཞིན་ཇོ་ཁང་གི་སྐུ་གཉེར་ལ་བློ་དྲིས་ནས་ཞིབ་ཏུ་ཟིན་བྲིས་བཏབ་རྗེས། ཕྲན་གྱིས་ཁོང་ལ་སྔོན་དུས་རབས་བཅུ་གསུམ་ཙམ་ལ་ཆག་ལོ་ཙཱ་བ་རྣམ་གཉིས་ཀྱང་འདི་གར་བཞུགས་མྱོང་བ་ཁྱེད་ལ་གསལ་ཆ་ཡོད་དམ་ཞེས་ཞུ་བ་ལ་མཚན་ཙམ་ཡང་ཐོས་མ་མྱོང་བའི་རྣམ་འགྱུར་བསྟན་ཡང་། ཁོང་གིས་ཕྲན་ལ་ལྷ་ཁང་འདིའི་རྟེན་རྩ་ཆེན།  ཇོ་བོ་རྗེ་འདི་གར་ཕེབས་དུས་བཞུགས་མྱོང་བའི་འདོ་ལིའི་ཆ་ཤས་འགྱོགས་ཤིང་གཅིག་ངོ་སྤྲོད་རགས་ཙམ་གནང་བར་མ་ཟད། པར་རྒྱག་ཆོག་པའི་གནང་བ་ཡང་བྱིན་སོང་བས་ཕྲན་གྱིས་འཕྲལ་དུ་དེ་ལ་པར་གཅིག་བརྒྱབ། ཕྱི་རོལ་གྱི་སྒྲུབ་ཆུ་ལས་དམ་བུ་གང་བཟེད་ནས་གནས་འདི་ལ་སླར་ཡང་མཇལ་བའི་སྨོན་ལམ་འདེབས་ཞོར་རྩེད་ཐང་གི་གཞུང་ལམ་ཡོད་སར་གོམ་པ་སྤོས་སོ། །

སྤྱི་ལོ་2018ལོའི་སྤྱི་ཟླ་7པའི་ཚེས་9དང་10ཉིན་ལ་བོད་ཡུལ་གྱི་རྡོ་རྗེ་གདན་གྲོང་ཁྱེར་ལྷ་སར་བྲིས་སོ། །