___གུས་པར་འོས་པའི་ཛམ་ཐང་གི་ཐབས་ལམ་རིགས་དང་པོའི་ཁྱིམ་བདག་ཚོའི་སྙན་ལམ་དུ།

༼གུང་གསེང་སྐབས་བྱིས་པར་ཅི་ཞིག་སྒྲུབ་ཏུ་འཇུག་དགོས་པ་དང་བྱིས་པས་ཅི་ཞིག་ཤེས་དགོས་པ། རང་གི་ཀུན་སྤྱོད་ཀྱི་ཕྱོགས་གང་ཞིག་ལ་བསྒྱུར་བཅོས་གཏོང་སྟངས་སོགས་རོབ་ཙམ་ཞིག་གླེང་ཡོད་པས་གཟིགས་རོགས་ཞུ༽

དང་པོ། རང་གི་དོན་དག་རང་གིས་སྒྲུབ་པའི་གོམས་གཤིས།
རང་ཚུགས་སྒེར་ཐུབ་ཀྱི་བྱིས་པ་དག་ས་གང་ལ་སོང་ཡང་དཀའ་ཚེགས་ལ་འཕྲད་མི་སྲིད།འདི་ལྟ་བུའི་བྱིས་པ་དག་ལ་མ་འོངས་པ་ན་རང་གི་ཁྱད་ཆོས་ལྡན་པའི་མི་གཤིས་ཀྱི་མེ་ཏོག་བཞད་སྲིད།བསམ་བློ་དང་ལག་ལེན་གང་ཐད་ནས་དེ་ལྟར་ཡིན་པ་དང་།རང་ལ་བླངས་དོར་གྱི་ཤེས་རབ་ལྡན་པ་མ་ཟད།འཚོ་བའི་ཁྲོད་ནས་རང་གི་བྱ་བ་གཞན་ལ་བརྟེན་མི་དགོས་པར་རང་ཉིད་ཀྱིས་སྒྲུབ་ཐུབ་པ་དང་། ནམ་ཞར་བྱིས་པ་ལ་རང་གི་བྱ་བ་རང་གིས་སྒྲུབ་པའི་གོམས་གཤིས་ལེགས་པོ་ཞིག་སྐྱེད་བསྲིང་བྱས་ན་ནམ་ཞིག་ལ། ཕ་མས་བྱིས་པའི་རྗེས་སུ་སེམས་ཁུར་དེ་འདྲ་བྱེད་མི་དགོས་ལ།བྱིས་པའང་དོན་དག་གང་ཞིག་ལ་འཕྲད་ཚེ་འཇིགས་སྣང་ཡོང་མི་དགོས་པ་ཞིག་ཡིན།
གཉིས་པ། དེ་རིང་གི་དོན་དག་དེ་རིང་སྒྲུབ་པའི་གོམས་གཤིས།
ན་གཞོན་མང་པོ་ཞིག་ལ་ལས་ཀར་དུས་འགྱངས་བྱེད་པའི་གོམས་གཤིས་ངན་པ་ཞིག་ཡོད།དོན་དག་མགོ་ཐོག་ལ་ཐོན་དུས་ད་བཟོད་བྲེལ་འཚུབ་གྱིས་སྒྲུབ།དེ་ནི་དེ་རིང་གི་དོན་དག་དེ་རིང་སྒྲུབ་པའི་གོམས་གཤིས་ལེགས་པོ་མེད་པས་ལན་པ་རེད།ང་ཚོས་བྱིས་པ་དག་ལ་བྱ་བ་གང་ཡིན་རུང་སྔ་མོར་བསྒྲུབ་ཚར་ན་ལེགས་པའི་འདུ་ཤེས་སྐྱེད་བསྲིང་བྱེད་དགོས།དེ་ལྟར་བྱས་ན་གློ་བུར་བའི་དོན་དག་བྱུང་ཚེ།ང་ཚོར་དུས་ཚོད་མོད་པོ་ཡོད་པ་དང་།སེམས་པའང་ཞི་བར་གནས་ཐུབ་པ་ཆགས་ཡོང་།
དཔེར་ན།བྱིས་པས་ལས་བྱ་བྲིས་ཚར་རྗེས་ད་བཟོད་རྩེ་རུ་སོང་ཆོག་པ་ལྟར་དེ་རིང་གི་བྱ་བ་གཏན་ནས་སང་ཉིན་ལ་བསྐྱུར་མི་རུང་།
གསུམ་པ། ཁྱིམ་ལས་ལ་ཞུགས་པའི་གོམས་གཤིས།
བྱིས་པ་ཆུང་ཆུང་རེད་བསམ་ནས་བྱིས་པས་ལས་ཀ་ཅི་བྱེད་ལ་བཀག་འགོག་མ་བྱེད།བྱིས་པའི་ནུས་ཚོད་ཀྱིས་ཁྱིམ་ལས་སྒྲུབ་དུ་བཅུག་ན།བྱིས་པའི་རྒྱུད་ཀྱི་ཁྱིམ་ཚང་གི་འོས་འགན་འདུ་ཤེས་སྐྱེད་བསྲིང་ཐུབ་པ་དང་།བྱིས་པས་ཀྱང་རང་ཉིད་ནི་ཁྱིམ་ཚང་གི་ཆ་ཤས་སུ་གཏོགས་པ་ཤེས་ཡོང་བ་དང་།ཁྱིམ་ལས་ཀྱི་འོས་འགན་ཁུར་བའི་འདུ་ཤེས་རྟོགས་ཐུབ།
བྱིས་པས་ཁྱིམ་ལས་སྒྲུབ་པའི་གོམས་གཤིས་ཀྱིས་ཁོ་ཚོའི་འབྱུང་འགྱུར་ལའང་ཕན་པ་རྒྱ་ཆེན་ཡོད།
བཞི་བ། དཔེ་ཀློག་གི་གོམས་གཤིས།
བྱིས་པར་ངེས་པར་དུ་དཔེ་ཆ་མང་པོར་ལྟ་ཀློག་བྱེད་དུ་འཇུག་དགོས།དཔེ་ཀློག་དངོས་ནས་གནད་ཆེན་པོ་ཞིག་ཡིན་ཏེ།བྱིས་པས་བརྩམས་ཆོས་མིང་གྲགས་ཅན་ལ་བལྟ་དགོས་ཟེར་ནས་ཚད་གཞི་འཛིན་མི་རུང་། དེ་ནི་བྱིས་པའི་དགའ་སྣང་ནས་སྐྱེད་སྲིང་བྱེད་དགོས། བྱིས་པས་དཔེ་ཀློག་གི་གོམས་གཤིས་རྒྱུད་ལ་འབྱོར་ཏེ་སེམས་བདེ་བག་ཕེབས་ཀྱིས་དཔེ་ཆ་བཀླག་ཆོག དེ་དང་ཆབས་ཅིག་ ཕ་མས་རང་གི་སྤྱོད་པར་དོ་སྣང་བྱས་ནས་སློབ་གསོ་གཏོང་བ་ཡང་ཤིན་ཏུ་གཙོ། ང་ཚོས་རྒྱུན་དུ་བྱིས་པར་དཔེ་ཆ་བལྟ་རོགས་བགྱིས་ཏེ་དཔེ་ཀློག་མང་དུ་བྱས་ཚེ།ལྟ་རྒྱ་ཐོས་རྒྱ་ཆེ་བའི་བྱིས་པའི་མངོན་མེད་ཀྱི་ནུས་པ་ཁྱད་དུ་འཕགས་པར་འགྱུར་ནུས་སོ།།
ལྔ་བ། འཚོ་བར་གོ་རིམ་ལྡན་པའི་གོམས་གཤིས།
འཚོ་བར་གོ་རིམ་ངེས་ཅན་ལྡན་པ་ནི་ལུས་ཁམས་བདེ་ཐང་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ཡིན།ཉིན་མཚན་གོ་ལྡོག་པ་དང་ཟ་མ་དུས་ལྟར་མི་ཟ་བ།རྩེད་ན་ཞག་གང་བོ་རྩེ་བ་སོགས་ནི་རང་བདག་གི་ནུས་པ་མེད་པའི་མངོན་ཚུལ་ཡིན།
བྱིས་པ་ལ་རོགས་བྱས་ནས་འཚོ་བར་གོ་རིམ་ལྡན་པའི་གོམས་གཤིས་ལྡན་པ་གོམས་སུ་འཇུག་དགོས།དཔེར་ན།ཉིན་རེའི་དུས་ཚོད་སྟེང་ཡར་ལ་ལངས་པ་དང་།དུས་ཚོད་ག་ཚོད་སྟེང་ཞོགས་ཟས་ཟ་བ་དང་ལས་བྱ་འབྲི་བ།དཔེ་ཆ་ནམ་ཀློག་པ།ངལ་གསོ་བ་སོགས་ལ་དུས་ཚོད་ཀྱི་གོ་རིམ་ལྡན་པ་ལྟ་བུའོ།། འཚོ་བ་ལ་གོ་རིམ་ལྡན་པའི་ཁྲོད་ནར་སོན་པའི་བྱིས་པ་ནི།བྱ་བ་གང་སྒྲུབ་རུང་རང་རྟོག་གིས་འཆར་གཞི་ལྡན་པ་དང་།ནུས་པ་ལྡན་པ་ཞིག་དུ་འགྱུར་སྲིད།
དྲུག་པ། གཞན་གྱི་སྐད་ཆར་ཉན་པའི་གོམས་གཤིས།
ཕ་མས་ཐོག་མར་བྱིས་པའི་སྐད་ཆ་ལ་ཉན་པར་བཟོད་བསྲན་ཡོད་པ་ཞིག་བྱ་དགོས།བྱིས་པའི་སྐད་ཆ་ལ་ཉན་པ་ནི་བྱིས་པ་ལ་མཚོན་ན་ཆེས་ཆེ་བའི་བརྩི་བཀུར་དེ་ཡིན།
ཕ་མས་གཟབ་ནན་གྱིས་བྱིས་པའི་སྐད་ཆ་ལ་ཉན་ན།དེ་ནི་བྱིས་པའང་བཟོད་བསྲན་ལྡན་པའི་སྒོ་ནས་གཞན་གྱི་བསམ་ཚུལ་ཉན་པའི་འདུ་ཤེས་སྐྱེད་བསྲིང་བྱེད་ཐུབ་པ་དང་།གཞན་ལ་རྒྱུས་ལོན་ཐུབ་པ་དང་།བྱིས་པས་གཞན་གྱི་བསམ་ཚུལ་ལ་བརྩི་བཀུར་བྱེད་ཤེས་པ་དང་།བྱིས་པར་གཞན་ལ་རོགས་རམ་བྱེད་པར་སྐུལ་འདེད་བྱེད་ཐུབ།
གཞན་གྱི་སྐད་ཆར་ཉན་པ་དང་།གཞན་ལ་རོགས་རམ་བྱེད་པར་དགའ་བ།ནར་སོན་ཚེ་མིའི་འབྲེལ་འདྲིས་ཕྱོགས་ནས་ཡར་རྒྱས་སུ་འགྲོ་བ་དང་། མི་ཕན་ཚུན་བར་གྱི་འབྲེལ་ལམ་ཇེ་བཟང་དུ་འགྲོའོ།། རང་གི་བྱ་སྤྱོད་ལ་མནོ་བསམ་གཏོང་བ།མི་རེས་རང་ཉིད་ཀྱི་བྱ་སྤྱོད་ལ་མནོ་བསམ་ཞིབ་མོ་གཏོང་དགོས།མནོ་བསམ་བཏང་བ་བརྒྱུད་ནས་རང་གི་མི་འདང་ས་ལ་ཁ་སྣོན་རྒྱབ་སྟེ་ཁྱོན་ཡོངས་ནས་འཕེལ་རྒྱས་བཏང་བ་དང་།ནོར་འཛོལ་བསྐྱར་དུ་མི་འབྱུང་བར་བྱ་དགོས།བྱིས་པས་ནོར་འཁྲུལ་བཅོས་བསྒྱུར་བྱེད་པའི་རྩ་གནད་ནི་རང་གི་བྱ་སྤྱོད་ལ་མནོ་བསམ་གཏོང་རྒྱུ་དེ་ཡིན།ནམ་རྒྱུན་རང་གི་བྱ་བྱེད་ལ་དོ་ཁུར་བྱེད་དགོས།
དོགས་སློང་བྱེད་པའི་སྙིང་སྟོབས་ལྡན་དགོས།ཚེ་འདིར་སྒྲུབ་འདོད་པའི་བྱ་བ་ཡོད་ཚད་འགྲུབ་པའི་ངེས་པ་ག་ལ་ཡོད།འགྱུར་ལྡོག་ཆེ་བའི་མི་ཚེ་ལ་གོ་སྐབས་ཡང་སྣ་ཚོགས་ཡོད་པས་དེ་འདྲ་བསམ་དོན་འགྲུབ་པ་ཞིག་གཏན་ནས་མིན།དེ་བས།རྒྱལ་ཁ་ལེན་བསམ་ན་ཚོད་ལྟ་ཐེངས་ཤིག་བྱེད་པའི་སྤོབས་པ་འདོར་མི་རུང་།ངེས་གཏན་མེད་པའི་ཁོར་ཡུག་འདིའི་ཁྲོད་ནས་ཉེན་ཁ་བརྒྱུད་པའི་འདུ་ཤེས་ནི་ཉམས་མྱོང་གི་འབྱུང་ཁུངས་ཡིན།
བྱིས་པར་ཚོད་ལྟ་བྱེད་པར་སྐུལ་མ་དང་།དོགས་སློང་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཤེས་བྱའི་དོགས་གནད་སོགས་དགེ་རྒན་དང་སློབ་གྲོགས།ཁྱིམ་བདག་དག་ལ་དྲིས་ནས་བྱིས་པའི་རང་རློམ་སྐྱེད་སྲིང་དང་།འགན་ཁུར་ནུས་པ།སྒེར་ཐུབ་ཀྱི་བསམ་བློ་གཏོང་བའི་སྙིང་སྟོབས་ལྡན་པར་འཇུག་དགོས།
དྲི་བ་འདོན་པ་ནི་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་མངོན་རྟགས་ཤིག་ཡིན།དྲི་བ་འདོན་པའི་བྱིས་པ་ནི་སློབ་སྦྱོང་ལ་བཟང་གྲས་དག་ཡིན་ལ།གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་སློབ་མའང་ཡིན།
བཟོད་པ་སྒོམ་པའི་གོམས་གཤིས་སྐྱེད་སྲིང་བྱེད་པ།
ཁྱོད་ཀྱིས་བྱིས་པ་ཆུང་གི་བསམ་ནས་ངུ་ན་འདོད་དུས་ངུ་བ་དང་།དགོད་ན་འདོད་དུས་དགོད་པ།སྤོ་ལངས་ན་འདོད་དུས་སྤོ་ལངས་པ་སོགས་གང་ཞིག་བྱེད་ཀྱང་བཟོད་བསྲན་བྱེད་པ་ནི་ཚེ་གང་གི་དོན་དག་ཅིག་ཡིན།བྱིས་པའི་སེམས་ཁམས་ཡང་མི་སྐྱིད་དུས་ཕྱིར་འཕུད་པ་དང་།སྙོམས་སྒྲིག་གི་གོ་སྐབས་ཡོད་དགོས།
དཔེར་ན།བྱིས་པ་དཀའ་གནད་ལ་ཐུག་ནས་སེམས་པ་མི་སྐྱིད་དུས།ཁྱེད་ཀྱིས་ཁོང་ཁྲོ་ལངས་བས་དོན་དག་གང་ཡང་ཐག་གིས་མི་ཆོད།ཡང་ན་ཁྱོད་ཀྱིས་བྱ་བ་སླ་མོ་ཞིག་སྒྲུབ་ནས་སེམས་ཁམས་བདེ་ལ་ཕབ་པ་དང་།དེ་ནས་ཕྱིར་འཁོར་ནས་གནད་དོན་ཐག་བཅད་ཆོག
རང་སྦྱོང་གི་གོམས་གཤིས་ལྡན་པ། སྔོན་སྦྱོང་བྱེད་དུ་འཇུག་པ་ནི།བྱིས་པ་ལ་རང་རྟོགས་ཀྱིས་སློབ་སྦྱོང་དང་རང་འགུལ་གྱིས་རང་སྦྱོང་གི་ནུས་པ་སྐྱེད་བསྲིང་བྱེད་པ།སློབ་ཁྲིད་ལ་ཉན་པའི་ཐབས་ལམ་གཙོ་བོ་ཞིག་ཡིན།སྔོན་ལ་བསླབ་དེབ་ལ་སྦྱོང་བ་དང་།རང་འགུལ་གྱིས་རྒྱུ་ཆ་འཚོལ་བསྡུ་བྱས་ནས་ཤེས་བྱ་གསར་བའི་རྩ་གནད་དང་།གསར་རྙེད་ཀྱི་བློ་བསྐྱེད་དང་དོགས་གནད་བཙལ་ནས་སློབ་ཁྲིད་སྐབས་ལ་ཐག་གཅོད་པ་དང་།སློབ་ཁྲིད་ལ་ཉན་པ་སོགས་ཀྱི་སྐབས་རང་རྟོགས་ཅན་དང་།དམིགས་ཡུལ་ངེས་ཅན་ཡོད་དགོས།
གནང་བའི་སྐབས་ལ།ང་ཚོས་བྱིས་པ་དང་མཉམ་དུ་རང་ཁྱིམ་ནས་སློབ་སྐབས་རྗེས་མའི་ནང་དོན་ལ་སྔོན་སྦྱོང་བྱེད་རོགས་བྱས་པ་དང་བསྟུན།བྱིས་པས་རང་རྟོགས་ཀྱིས་སྔོན་སྦྱོང་བྱེད་པའི་གོམས་གཤིས་སྐྱེད་སྲིང་བྱེད་དགོས།
རང་ཉིད་གཅིག་པུས་ལས་བྱ་འབྲི་བའི་གོམས་གཤིས།
ཁྱིམ་བདག་མང་ཤོས་ཀྱིས་རང་གི་བུ་ཕྲུག་གི་རྒྱུགས་འབྲས་རྗེས་སུ་ལུས་པར་སྐྲག་པ་དང་།དེ་དང་བསྟུན་ནས་ཕྱོགས་ཡོངས་ནས་ལྟ་རྟོག་བྱེད་པ་དང་།བྱིས་པས་ལས་བྱ་བྲིས་ནས་ཚར་རག་བར་ལ་ལྟ་རྟོག་དང་།དཀའ་གནད་ལ་ཐུག་ཚེ།མྱུར་དུ་ཐག་གཅོད་པར་བཅས་ཀྱི་རྒྱུགས་འབྲས་འབུར་དུ་ཐོན་ནའང་།རང་རྟོགས་ཀྱིས་སློབ་སྦྱོང་སོགས་བྱེད་པའི་ནུས་པ་ཤིན་ཏུ་ཞན།
ཁྱིམ་བདག་གིས་བྱིས་པ་ལ་འདུག་རོགས་ཅུང་ཙམ་རེ་བྱེད་ཆོག ཡིན་ཡང་ནམ་རྒྱུན་རྗེས་སུ་དེད་ནས་བསྡད་ཚེ།བྱིས་པའི་སྒེར་ཚུགས་ཀྱི་ནུས་པ་མཐོར་འདེགས་གཏོང་མི་ཐུབ་ལ།དེ་ལྟར་བྱས་ན་བྱིས་པའི་སེམས་ཁམས་སྔར་ལས་ཇེ་སྡུག་དང་།རང་རྟོགས་ཀྱི་འདུ་ཤེས་ཇེ་ཞན་ལ་སོང་ནས་བྱིས་པའི་འཚར་ལོངས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་བྱེད།
བསྐྱར་སྦྱོང་ཕྱོགས་སྡོམ་གྱི་གོམས་གཤིས།
བསྐྱར་སྦྱོང་ལ་སྦྱངས་ཟིན་པའི་ཤེས་བྱ་ལེགས་སྒྲིག་དང་ཕྱིར་དྲན་བགྱིས་ནས་བརྗེད་དུ་མི་འཇུག་པའི་ནུས་པ་ཐོན་ཐུབ།བསྐྱར་སྦྱོང་ནི་ཤེས་བྱ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱས་པའི་བསམ་བློའི་གཏོང་སྟངས་ལ་ཉམས་མྱོང་དང་།ལེགས་སྒྲིག་བྱེད་པ་ཞིག་ཡིན།
བྱིས་པ་ལ་ཉིན་རེ་སྦྱངས་ཟིན་པའི་ཤེས་བྱ་བསྐྱར་སྦྱོང་བྱེད་དུ་བཅུག་ནས་གཟའ་མཇུག་ལ་སྤྱི་སྡོམ་བྱེད་པ་དང་།སློབ་ཚན་གཅིག་ཚར་ནའང་བསྐྱར་སྦྱོང་བྱེད་དུ་འཇུག་པ།འདི་ལྟར་བྱས་ན་བག་ཆགས་ཇེ་ཟབ་དང་།སྦྱངས་ཟིན་པའི་ཤེས་བྱ་ལ་སྒྲིག་གཞི་ཡག་པོ་ཞིག་ཆགས་ཐུབ།
རྩལ་སྦྱོང་གི་གོམས་གཤིས།

ཁྱིམ་བདག་གིས་བྱིས་པ་ལ་རྩལ་སྦྱོང་མང་དུ་བྱེད་པར་སྐུལ་སློང་བྱེད་དགོས་པ་དང་།རྩལ་སྦྱོང་མང་དུ་བྱས་ན་ལུས་ཁམས་བདེ་ཐང་ལ་ཕན་པ་དང་།སློབ་སྦྱོང་དང་བྱ་བ་གཞན་དག་སོགས་ཀྱིས་ཀྱང་བྱིས་པའི་རྩལ་སྦྱོང་ལ་བཀག་འགོག་བྱེད་རྐྱང་མིན་ནོ།།
ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་རྩལ་སྦྱོང་དང་།འཆམ་འཆམ་ལ་འགྲོ་བ།ཕྱི་རོལ་ལ་འགྲོ་བ་བཅས་བྱས་ནས་ཁ་བརྡ་མང་དུ་བྱས་ཆོག་ལ།སྐབས་འདི་དག་གི་ཁ་བརྡ་སོགས་ཀྱིས་བྱིས་པའི་མི་ཚེ་ཧྲིལ་བོར་ཤུགས་རྐྱེན་ཐེབས་སྲིད།
གྲོན་ཆུང་གི་གོམས་གཤིས།
མི་རེ་རེ་ཡི་གྲོན་ཆུང་བྱེད་པ་འདིས་མི་རེ་རེ་ཡི་བླ་ན་མེད་པའི་ཀུན་སྤྱོད་དང་འཚོ་བའི་ནུས་པ་མཚོན་པ་མ་ཟད།ད་རུང་མིའི་རིགས་ཀྱི་འཚོ་གནས་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཟབ་མོ་ཡོད།མི་ཞིག་ལ་ཆུང་དུས་ནས་གྲོན་ཆུང་བྱེད་པའི་ཡ་རབས་ཀྱི་སྤྱོད་བཟང་གོམས་པར་བྱེད་དགོས།
སྐར་མ་གང་རེ་གྲོན་ཆུང་བྱེད་པ་ནི་ཐོན་ཁུངས་ལ་གྲོན་ཆུང་བྱེད་པ་ཞིག་ཡིན།དེའི་ནང་ན་མིའི་རིགས་ཀྱི་རླབས་ཆེ་བའི་བརྩེ་སེམས་དང་རྣམ་དཔྱོད་བླ་མེད་མཚོན་ཡོད།ཆུད་ཟོས་ལ་མི་གཏོང་བའི་བཟང་སྤྱོད་ལ་བསྟོད་བསྔགས་དང་།བརླག་དགོས་པའི་སྒོར་མོ་བརླག་དགོས་པ་དང་།བརླག་མི་རུང་གཏན་ནས་བརླག་མི་རུང་།
འཆར་འགོད་ལྟར་དོན་དག་སྒྲུབ་པ།
རྒྱལ་ཁ་བླངས་པའི་ལས་རིགས་གང་ཡིན་རུང་།ཞིབ་ཚགས་ལྡན་པའི་འཆར་གཞི་དང་ལྷོད་མེད་ཀྱི་བརྩོན་པ་ལ་འབྲལ་ཐབས་མེད།ང་ཚོས་བྱིས་པ་ལ་རྒྱལ་ཁའི་ཕྱོགས་སུ་འགྲོ་བར་སྐུལ་འདེད་དང་།ཁོ་ཚོའི་མདོ་མེད་ལངས་ཤོར་དང་མི་དྲན་དགུ་དྲན་བྱེད་པའི་བྱ་བ་དང་སྤྱོད་པ་ལའང་གུ་ཡངས་དང་བཟོད་སྒོམ་གནང་དགོས།
གལ་ཏེ་བྱིས་པས་བྱ་བ་གང་རུང་ཞིག་ལ་རོགས་རམ་བྱེད་པའི་རེ་བ་བཏོན་ཚེ།ང་ཚོས་ལྷོད་ལྷོད་ཀྱིས་ཁོ་ཚོ་ལ་འཆར་གཞི་ཅི་འདྲ་ཡིན་ཞེས་དྲིས་ན།བྱིས་པས་བྱ་བ་ཞིག་མ་བསྒྲུབས་པའི་ཡར་སྔོན་དུ་འཆར་གཞི་འགོད་པར་གོམས་སྲིད་ལ།རླབས་ཆེ་བའི་འཕོ་འགྱུར་ཞིག་མགོ་བརྩམས་པའང་རེད།
གལ་ཏེ།ང་ཚོས་བཟོད་བསྲན་དང་ནན་ཏན་གྱིས་བྱིས་པར་འཆར་འགོད་ཐད་གྲོས་བསྡུར་བྱས་ནས།འཆར་གཞི་ལྟར་བྱ་བ་སྒྲུབ་ཚེ།བྱིས་པ་དག་ཀྱང་རིམ་གྱིས་བསམ་ཇེ་ཤེས་ལ་འགྲོ་བ་དང་།བྱ་བ་ཆེན་པོ་ཡང་ཆུང་ཆུང་ནས་མགོ་ཚུགས་ཏེ།དཔེར་ན་དགོང་མོ་ཉལ་ཁར། སང་ཉིན་གྱོན་པའི་ལྭ་བ་དག་ཅོག་ཙེ་སྟེང་གྲལ་དག་པོར་བཞག་ནས་སྟབས་བདེ་བྱེད་པ། འདི་ནི་བྱིས་པ་དག་ལ་འཆར་གཞི་འགོད་པར་གོམས་པར་བྱེད་པའི་སྦྱོང་བརྡར་ལེགས་གྲས་ཤིག་ཡིན།