ཐོག་མའི་ཀུན་སློང་།

མི་ཡི་གཤིས་ཀྱིས་ཡུལ་དང་སྲོལ་གཉིས་སྐྱོངས།།
ཡུལ་དང་སྲོལ་གྱིས་རིགས་ཀྱི་ངོ་བོ་འཛིན།།
རྒྱལ་མོ་རོང་གི་ཡུལ་སྲོལ་གོམས་གཤིས་ཀྱིས།།
སྔོན་བྱུང་མེས་པོ་དག་གི་མཛད་བཟང་དྲན།།

མདོ་ཁམས་སུ་སླེབས་ནས་མི་ལོ་བཅུ་ཕྲག་གཅིག་ལྷག་འགོར་ཞིང་། རིང་མོ་ཞིག་ནས་ཤར་རྒྱལ་མོ་རོང་ལ་ཡུལ་སྐོར་ཐེངས་ཤིག་འགྲོ་དགོས་ཀྱི་འདུན་པ་ཡང་ཡང་བྱུང་མོད་ད་བར་དུ་རྒྱུ་རྐྱེན་དུ་མའི་དབང་གིས་འགྲོ་ཐུབ་མ་སོང་། དེ་ཡང་ལ་ལ་ཞིག་རྒྱལ་རོང་ནི་མཛེས་མའི་ལུང་བར་གྲགས་པའི་སྙན་པས་ཡུལ་འདིར་འགྲོ་བ་དང་། ལ་ལ་གང་ཞིག་དོན་དུ་གཉེར་ནས་གསར་བཤད་ཞིབ་འཇུག་གི་ལས་ལྷུར་ལེན་འདོད་པ་དེའི་དབང་གིས་ཀྱང་མ་ཡིན་པར་གནའ་བོའི་བཙན་པོའི་བཀའ་ཡི་ལུང་དང་རིགས་དང་རུས་ཀྱི་རྩ་བ་མ་ཉམས་ཤིང་སྐད་དང་ཡི་གེའི་རང་བཞིན་མ་འགྱུར་བའི་བོད་ཀྱི་ཡུལ་སྡེ་འདིའི་བྱུང་རབས་དང་ད་ལྟའི་འཚོ་བ་དངོས་ལ་རོལ་མྱོང་དང་རྒྱུས་ལོན་ཅིག་བྱ་འདོད་པས་ཡིན།

༡ ལམ་དུ་ཆས་པ།

ཉེ་བའི་ལོ་འདི་གར་རྒྱལ་སྤྱི་དང་རྒྱལ་ནང་གང་སར་ཡུལ་སྐོར་རིག་གནས་དང་ཡུལ་སྐོར་ལྗོངས་རྒྱུའི་འཚོ་བ་དེ་ནི་ཧ་ཅང་འཕེལ་རྒྱས་མགྱོགས་ཤིང་ལྷག་པར་གཞུང་གི་ཚོགས་སྡེའི་ལས་བྱེད་རྣམས་ལ་མཚོན་ན་དུས་ཆེན་གྱི་གུང་གསེང་ཉི་མ་གཅིག་གཉིས་དེ་ནི་ནམ་རྒྱུན་བསྐྱར་ཟློས་དང་ངལ་དུབ་ཀྱིས་གཙེས་པའི་གཞུང་ལས་ཁང་གི་ཕྱི་རོལ་ཏུ་སོང་ནས་རང་དབང་དང་ལྷིང་འཇགས། དྭངས་གཙང་གི་ཁོར་ཡུག རང་བྱུང་གི་མཛེས་སྡུག་ལ་རོལ་རྒྱུ་ནི་གསེར་སྲང་བརྒྱ་བས་ལྷག་པའི་སེམས་ཀྱི་ལོངས་སྤྱོད་དང་བདེ་སྐྱིད་ཅིག་ལ་བརྩི་བཞིན་པ་ཡིན། རེབ་འདིར་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གུང་གསེང་དང་བསྟུན་བདག་དང་གྲོགས་པོ་འགའ་ཤས་མཉམ་དུ་གནའ་བོའི་བོད་རིགས་ཀྱི་ཡུལ་སྲོལ་དང་སྐད་གཤིས་མ་ཉམས་པའི་ཤར་རྒྱལ་མོ་རོང་ལ་དུས་ཐུང་ཉིན་གསུམ་གྱི་ལྗོངས་རྒྱུའི་ལམ་དུ་ཆས་པ་ཡིན། ང་ཚོ་རྒྱ་བོད་ཀྱི་ཚོང་འདུས་ཆེན་མོ་དར་རྩེ་མདོ་ནས་ལམ་ལ་ཆས་ཤིང་། མཐོ་ཞིང་གཟར་བའི་བྲག་རི་དང་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་རྫ་རི། ཚང་ཚང་གཡུ་ལོ་འཁྲིགས་པའི་ལྗོན་བཟང་། གྱ་གྱུའི་འགྲོས་ཀྱིས་བཞུར་བའི་གཙང་བོ་དང་ལྟེམ་མེར་འཁྱིལ་བའི་རྒྱལ་མོ་རྔུལ་ཆུའི་ཆུ་གློག་ས་ཚིགས། བྱང་ཁོག་གཅིག་ནས་གཅིག་ཏུ་བརྒྱུས་འདྲའི་དེང་རབས་ཕུག་ལམ་མང་པོ་བརྒྱུད་དེ་ཤར་རྒྱལ་མོ་རོང་དུ་སླེབས། རང་བྱུང་ཁོར་ཡུག་གི་མཛེས་སྡུག་དང་བབ་ཆགས་ཉམས་དགའི་ཞིང་གྲོང་གི་རྣམ་པ། མཐོན་པོ་གནམ་ལ་ཀྲོང་ངེར་འགྱིང་བའི་རྡོ་རིང་སོགས་མཐོང་བས་ངེད་ཅག་གི་གོམ་པའི་འདེགས་འཇོག་དབང་མེད་དུ་འཇོག་དགོས་ཤིང་། རང་བྱུང་ཁམས་ལ་ལོག་པའི་ཚོར་སྣང་དེ་ནི་ཅི་འདྲའི་སྤྲོ་ཞིང་། དེའི་བདེ་བ་ནི་སུ་ལ་ཡང་བཤད་ཐབས་བྲལ་སོང་། མདོ་ཁམས་སུ་སྐད་གྲགས་ཆེ་བའི་ཆུ་བོ་རྒྱལ་མོ་རྔུལ་ཆུ་ཡང་ལུང་ཁོག་འདི་ནས་མཆེད་པ་དང་། རྒྱལ་རོང་གི་ཆུ་འདི་ལ་རྒྱལ་མོའི་རྔུལ་ཆུ་ཞེས་བརྗོད་པའི་རྒྱུ་མཚན་ནི། རྒྱལ་མོ་དམུ་རྡོའི་ལྷ་ཆེན་པོ་དེ་ཉིད། སེམས་ཅན་གྱི་དོན་དུ་ཕེབས་བཞུད་གནང་བས་སྐུ་ངལ་ཏེ་རྔུལ་བའི་ཆུ་ཡིན་ཞེས་བཤད་རྒྱུན་ལ་གྲགས།

༢ རྒྱལ་རོང་དུ་སླེབས་པ།

ང་ཚོ་རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དེད་དེ་ཆུ་ཚོད་གཉིས་ལྷག་ལ་སྐྱོད་མཐར་རྒྱལ་མོ་རོང་གི་རོང་བྲག་རྫོང་དུ་སླེབས་ཤིང་། རྒྱལ་མོ་རོང་གི་རོང་བྲག་རྫོང་མཁར་ནི་ལུང་བ་ཆེན་མོ་བཞི་ཡི་མདོ་རུ་ཆགས་ཤིང་། འབར་ཁམས་དང་མགར་ཐར། བཙན་ལྷ། གུ་དྲག་བཅས་ཕྱོགས་གང་སར་འགྲོ་ལམ་སྟབས་བདེ་ཞིང་། འཛུགས་སྐྲུན་གྱི་བཀོད་པ་ལེགས་པའི་དེང་རབས་རྫོང་མཁར་གསར་བའི་རྣམ་པ་མངོན་པར་གསལ་བའི་རྫོང་ཆུང་ཆུང་ཞིག་རེད། ཕྱོགས་བཞིར་བྲག་རི་གནམ་དུ་མཆོངས་འདྲ་དག་ནི་འཇིག་རྟེན་བྱེད་པོ་སུ་ཞིག་གིས་ཆེད་དུ་བཟོས་ཀྱང་མི་འཁྱོངས་པ་དང་། ལུང་ཁོག་སོ་སོ་ནས་བཞུར་ཡོང་བའི་གཙང་བོ་ཆེན་པོ་དག་ནི་གང་གི་རབ་ཁ་ནས་མཐར་ཡོང་བ་ལྟར་གནས་འདིའི་རི་ཆུའི་མཛེས་སྡུག་དང་རིག་གནས་ཀྱི་གླུ་སྒྲ་སྒྲོག་བཞིན་ཕྱོགས་བཞིའི་མགྲོན་པོ་བསུ་བར་ཆས་པ་དང་འདྲ་བྱུང་།

༣ ཡུལ་གྱི་རང་བྱུང་ཁོར་ཡུག་དང་ས་གཤིས།

ང་ཚོའི་ཐེངས་འདིའི་ཡུལ་སྐོར་གནས་མལ་ས་ཚིགས་ནི་རྒྱལ་རོང་དགེ་བཤེས་རྩ་ཞེས་གྲགས་པའི་གྲོང་ཚོ་དེ་ཡིན་ཞིང་། དགེ་བཤེས་རྒྱལ་པོའི་མངའ་ཞབས་སུ་གཏོགས་པས་དགེ་བཤེས་རྩ་ཟེར་བ་དང་། ཡུལ་འདིར་དེ་སྔ་སེ་འབྲས་དགེ་གསུམ་ནས་དགེ་བཤེས་རྩ་ཆེན་མང་པོ་ཐོན་པས་དགེ་བཤེས་རྩ་ཞེས་བཤད་ཚུལ་གཉིས་འདུག་ལ། དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་གྱི་ལོ་རྒྱུས་སུ་དགེ་བཤེས་རྩ་ཞེས་བྲིས་ཡོད། ད་ལྟ་སྲིད་གཞུང་གི་ཡིག་རིགས་ནང་དགེ་ཆུ་རྩ་ཞེས་སྤྱོད་བཞིན་འདུག ལོ་རྒྱུས་ཡིག་ཆ་ཁག་ཏུ་མིང་འབྲི་སྟངས་ལ་དགེ་ཤིས་ཙ། (革什杂土司)ཞེས་འདུག དགེ་ཤིས་ཙ་ནི་རྒྱལ་མཁར་གྱི་མིང་ཡིན་ལ། སྤྱི་ལོ1269ལོའི་ཡན་གྱི་ལོ་རྒྱུས་ཡིག་ཆར་མི་གསལ་ཞིང་། རྒྱལ་པོ་བདེ་ཆེན་འབྱུང་གནས་ནས་དབང་རྒྱལ་བར་ཏེ་བཅིངས་འགྲོལ་བཏང་བའི་བར་རྒྱལ་རབས་ཉེར་ལྔ་ཙམ་བྱུང་འདུག རྒྱལ་ས་ནི་དཀར་མཛེས་ཁུལ་གྱི་ད་ལྟའི་རོང་བྲག་རྫོང་དགེ་བཤེས་རྩ་མདའ་མདོ་(丹巴县革什杂乡)ཡིན་པར་དེབ་ཐེར་ཁག་ཏུ་གསལ། གནས་འདི་ནི་རོང་ཁུལ་དུ་གཏོགས་ཤིང་ས་རྒྱ་ཆུང་ལ་ལུང་བ་དང་ལུང་བ་བརྒྱུད་ནས་ཆུ་བོ་དང་ཆུ་བོ་འདྲེས་ཤིང་ལུང་བའི་བར་བར་དག་དུ་གནའ་བོའི་བོད་ཀྱི་གཙང་ཕྱོགས་ཀྱི་བཟོ་བཀོད་མ་ཉམས་པའི་ཁང་བརྩེགས་མང་པོ་ལྗོན་ཤིང་སྟུག་པོའི་བར་བར་དག་ཏུ་དཀར་འཁྱིལ་ལེར་མངོན་ཞིང་། ཕྱོགས་བཞིའི་རི་རྩེ་མཐོ་སར་ཁ་བས་གཡོགས་རུང་རི་འདབས་སུ་དྲོད་ལམ་ལམ་བྱེད་ཅིང་ལུང་བའི་ཕུ་ཡངས་ཤིང་གཏིང་ཟབ་པ་དང་། གཡས་གཡོན་དུ་ཚང་ཚིང་ལྗོན་པའི་ནགས་ཚལ་དང་ནེའུ་གསིང་སྐྱེད་ཚལ་རྒྱས་པ། དྭངས་གཙང་གི་ཆུ་བོ་ལྷུང་ལྷུང་དུ་འབབ་ཅིང་འབྲུ་སྣ་ལོ་ཏོག་གི་སྐྱེ་འཕེལ་ཡག་ལ་ལོ་རེར་ལོ་ཏོག་ཐེངས་གསུམ་རེ་བསྡུ་ལེན་བྱེད་ཐུབ་པ་དང་། ཚ་ལུ་མ་དང་རྒུན་འབྲུམ། སི་པན། གཡེར་མ། ཀུ་ཤུ། སྟར་ཀ ཆང་བ་ལི་སོགས་ཤིང་འབྲས་དང་། ཚོད་མའི་རིགས་སྣ་ཚོགས། ལྗོན་ཤིང་ཕལ་ཆེར་ཡང་འབྲུ་ཤུག་དང་སེང་ལྡིང་ཡང་ཡོད་ལ། མ་བཅོས་རང་བྱུང་མཛེས་སྡུག་ལྷུན་གྱིས་རྫོགས་པའི་ཡུལ་ལྗོངས་ཀྱི་བཀོད་པ་ཁྱད་པར་ཅན་གྱི་ས་ཁུལ་ཞིག་ཡིན།

དེ་ཡང་གླིང་སྒྲུང་ཤར་རྒྱལ་མོ་ཚ་བ་རོང་གི་འབྲས་རྫོང་ལས། རྒྱལ་མོ་ཚ་བ་རོང་གི་ཡུལ།། རོང་ལུང་ཆེན་གསེར་གཞུང་ཡངས་པ་ལ།། ཆབ་ཆུ་བོ་རྒྱལ་མོ་རྔུལ་ཆུ་འབབ།། མ་སྲིད་པ་རྒྱལ་མོ་རྔུལ་ཆུ་རེད།། རྟ་འདོ་བས་རབ་སོ་གཅོད་ལམ་མེད།། མཐོ་བྲག་རི་གཟར་ལ་རྫ་འགག་དོག། འགག་དོག་གསུམ་མིད་པའི་འཕྲང་དང་འདྲ།། རི་རི་རྩེ་དབུ་གཏུག་གནང་བ་འདྲ།། རི་རི་སྐེད་དཔུང་བ་གཤིབ་པ་འདྲ།། ཉིན་ཉིན་རྡོ་སྲིབས་ལ་འགྲིལ་ནི་ཡིན།། སྲིབས་སྲིབས་རྡོ་ཉིན་ལ་འགྲིལ་ནི་ཡིན།། ས་རོང་ཆེན་གཟར་མོའི་སྐྱ་བར་ན།། རྡོ་ཨ་དཀར་རྩེད་མོ་རྩེད་རྩེད་རེད།། དབུས་དམུ་རྡོ་རི་བོ་མཆོག་རབ་ལ།།མཐུ་ཆེན་པོ་སྐུ་བླ་རྣམ་གསུམ་དང་།། བཀའ་གཉན་པོ་གཉན་ཆེན་སྡེ་བཞི་སོགས།། འཁོར་རི་བོ་དྲུག་ཅུ་རྩ་གཉིས་བསྐོར།། ཕྱི་དཀྱིལ་འཁོར་རེའུ་མིག་བཀྲམས་པའི་དབུས།། ཤེལ་བུམ་པ་གདན་ལ་བཀོད་པ་འདྲ།། རྩེ་གནས་ཆེན་བཞི་ལ་ལས་བཞིའི་དབྱིབས།། སྒྲུབ་གནས་ཕྲན་བརྒྱ་དང་གནས་ལག་བཅུ།། སྐེད་བྲག་དང་ནགས་རི་སྦྲགས་མ་ན།། མཆོག་ཡི་དམ་བཞི་ཡི་ཕོ་བྲང་ཡོད།། ཤོད་ལུང་ཆེན་ལྕགས་སྒྲོག་དཔྱངས་འདྲ་ལ།། ཤར་རྒྱལ་རོང་ལུང་ཆེན་བཅོ་བརྒྱད་ཆགས།། ཞེས་བྱུང་བ་ལྟར་དོན་ལ་གནས་སོ།།

གཞན་ཡང་རྒྱལ་མོ་ཚ་བ་རོང་ཟེར་བའི་རྒྱུ་མཚན་ནི། བོན་གྱི་སློབ་དཔོན་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ལས། དང་པོ་སྐྱེ་བ་བཞེས་ཚུལ་ནི། །འཁྲུངས་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་། །དམུ་རྡོ་ལྷ་གཉན་ཉེ་བའི་གནས། ། ཞེས་གསུངས་པ་ལྟར། རྒྱལ་མོའི་དམུ་རྡོ་ཞེས་གྲགས་པའི་ལྷ་རི་མཐོ་ཞིང་བརྗིད་པ་དེའི་རི་རྒྱུད་དང་བཅས་ཡུལ་ལུང་ཆེན་པོ་དེར་རྒྱལ་མོ་རོང་ཞེས་གྲགས་ཤིང་། བོད་ཀྱི་ས་གནས་གཞན་ལས་ཚ་བ་ཅུང་ཆེ་བའི་ས་ཡིན་གཤིས་རྒྱལ་མོ་ཚ་བ་རོང་ཞེས་འབོད། ཚིག་བསྡུས་ནས་རྒྱལ་རོང་ཞེས་བརྗོད་པར་བྱེད། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་འབྱུང་བའི་རོང་ཁོག་ཡིན་སྟབས། རྒྱལ་རོང་། ཐེ་རོང་། དགུ་རོང་། རོང་བོ་(རེབ་གོང་)བཞི་ལ་མདོ་སྨད་ཀྱི་རོང་ཆེན་བཞི་ཞེས་གྲགས་པ་དང་། ཡང་རྒྱལ་རོང་། ཐེ་རོང་། དགུ་རོང་གསུམ་ལ་མདོ་སྨད་ཀྱི་རོང་ཆེན་གསུམ་ཞེས་བྲིས་པའང་ཡོད། ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་བཞི་ལ་བོད་གངས་ཅན་གྱི་རོང་ཆེན་བཞི་ཞེས་ཟེར་སྲོལ་ཡང་འདུག འོན་ཀྱང་རྒྱལ་རོང་ཞེས་པ་ནི་སྔོན་གྱི་ལོ་རྒྱུས་དག་ལས་གསལ་བ་ལྟར་དེང་གི་དར་རྩེ་མདོ་དང་རོང་བྲག འབར་ཁམས། བཙན་ལྷ། ཆུ་ཆེན་སོགས་འདུས་པའི་ཡུལ་ཁམས་བཅོ་བརྒྱད་ཀྱི་མིང་ཡིན་ཞིང་། དུས་སྐབས་མི་འདྲ་བ་སོ་སོར་རྒྱལ་རོང་གི་ཡུལ་ཁམས་ཆེ་ཆུང་ལ་ཡང་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཡོད་ལ། འདིར་རྒྱལ་མོ་རོང་གི་གནས་ཚུལ་སྤྱི་ཙམ་ལས་གཙོ་བོར་ཡུལ་བྱེ་བྲག་པ་ཞིག་གི་ལོ་རྒྱུས་བརྗོད་པ་ཡང་ཤེས་པར་བྱའོ། །

༤ དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་པ།

ཐེངས་འདིའི་ང་ཚོའི་ཡུལ་སྐོར་གྱི་ས་གནས་དགེ་བཤེས་རྩ་ལུང་བའི་ནང་རི་བོ་དགེ་ལྡན་པའི་དགོན་རྙིང་གྲགས་ཅན་དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་ཞེས་གྲགས་པ་བཞུགས་ཤིང་། དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་ནི་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡུན་རིང་ལྡན་པའི་རི་བོ་དགེ་ལྡན་པའི་དགོན་པ་ཞིག་ཡིན་ཞིང་། སྤྱི་ལོ་1410ལོར་རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་ཚ་ཁོ་ངག་དབང་གྲགས་པས་བཏབ་ཅིང་། ཁོང་གིས་རྒྱལ་རོང་ཡུལ་དུ་རི་བོ་དགེ་ལྡན་པའི་དགོན་པ་108བཏབ་པའི་གྲས་ཡིན་པར་བཤད། མཁན་ཆེན་ཚ་ཁོ་ངག་དབང་གྲགས་པས་གནས་གཟིགས་དང་ཐུགས་བརྟག་ཡང་ཡང་བྱས་མཐར་རྒྱབ་རི་གཡུ་འབྲུག་ཉལ་འདྲ་ནི་རྒྱལ་མོ་དམུ་རྡོའི་ལྷ་སྲས་དང་། མདུན་རི་རིན་ཆེན་སྤུངས་འདྲ་ནི་རྒྱལ་མོ་དམུ་རྡོའི་སློབ་མ་དང་། གཡོན་གྱི་རིན་ཆེན་གཏེར་རྫོང་འདྲ་བའི་རི་བོ་ནི་རྒྱལ་མོ་དམུ་རྡོའི་བཙུན་མོའི་ཚུལ་དང་། གཡས་ཀྱི་གངས་རི་ཤེལ་གྱི་ར་བ་ནི་རྒྱལ་མོ་དམུ་རྡོའི་དཀོར་གཉེར་གྱི་ཚུལ་དུ་བཞུགས་ཤིང་། དགོན་པའི་ཕྱོགས་བཞི་མཚམས་བརྒྱད་ལ་མཚོ་ཆེན་མོ་བཅུ་གཉིས་ཀྱིས་བརྒྱན་པ་ལ་སོགས་པའི་གནས་ཕུན་སུམ་ཚོགས་པའི་ཡོན་ཏན་གཟིགས་ནས་དགོན་པ་བཏབ་པར་བཤད། དགོན་པ་འདི་ཐོག་མའི་ཕྱག་འདེབས་ས་ནི་ད་ལྟའི་གནས་འདི་ལས་རྒྱང་གྲགས་གཅིག་མ་ལོངས་ཙམ་གྱི་ཡ་ར་ཞེས་པའི་ས་དེར་གནས་ཆགས་པས་ཡ་ར་དགོན་པ་ཞེས་ཀྱང་ཐོགས། རྗེས་སུ་ད་ལྟའི་གནས་འདིར་སྤོས་པར་བཤད། དགོན་པ་བཞེངས་ཚར་ནས་མཁན་ཆེན་ཚ་ཁོ་ངག་དབང་གྲགས་པས་དགེ་བཤེས་རིན་ཆེན་མཆོག་དགོན་པའི་ཁྲི་བ་དང་པོར་བསྐོས་ཤིང་དགོན་པའི་མཚན་ལ་བཀྲ་ཤིས་རིན་ཆེན་གླིང་ཞེས་གསོལ། དེ་ནས་བཟུང་ལུང་གཞོང་རིང་མོ་འདི་ལ་དགེ་བཤེས་རྩ་ཞེས་གྲགས། སྐབས་དེར་བླ་སློབ་བཞི་བཞུགས་ཤིང་གྲྭ་བཙུན་ཉི་ཤུ་ལྷག་དབུས་སུ་སློབ་གཉེར་བྱེད་པར་མངགས། སྤྱི་ལོ་1481ལོར་དགེ་བཤེས་བསོད་ནམས་གྲགས་པ་དགོན་པའི་ཁྲི་བར་བཞུགས་ཤིང་ཆོས་སྤྱོད་ཕྱག་ལེན་གང་ཐད་དུ་ཡར་ལྡན་དུ་བཏང་། སྤྱི་ལོ་1538ལོར་དགེ་བཤེས་ཕུན་ཚོགས་དགོན་པའི་ཁྲི་བར་བཞུགས། སྤྱི་ལོ1571ལོར་དགེ་བཤེས་ཐུབ་བསྟན་དགོན་པའི་ཁྲི་བར་བཞུགས་ཤིང་གྲྭ་བཙུན་ཉི་ཤུ་ལྷག་འཕེལ། སྤྱི་ལོ་1603ལོར་དགེ་བཤེས་ངག་དབང་དགོན་པའི་ཁྲིར་བཞུགས་ཤིང་འདུ་ཁང་དང་ལྷ་ཁང་སོགས་ལ་ཞིག་གསོས་རྒྱ་སྐྱེད་བཏང་། སྤྱི་ལོ་1637ལོར་དགེ་བཤེས་ལྷ་རམས་པ་བ་ཐར་དགོན་པའི་ཁྲིར་བཞུགས་ཤིང་གྲྭ་བཙུན་ཉེར་བརྒྱད་ལྷག་ཏུ་འཕེལ། དགོན་པ་འདིར་གྲྭ་ཚོགས་ཤིན་ཏུ་རྒྱས་དུས་དགེ་འདུན་པ་བརྒྱད་ཅུ་སྟོད་ལ་འཕེལ་བར་བཤད། གྲྭ་ཤག་སུམ་ཅུ་ཙམ་གྱིས་བསྐོར་བའི་ཁོར་ཡུག་རྒྱ་ཆེ་ཞིང་ཤིང་ནགས་ཀྱི་གླིང་ཁ་དང་དཀར་ནག་ཟས་རིགས་ཀྱི་འབྱུང་ཁུངས་ཞིང་ས་ཆེན་པོ་ཡང་འཛོམས་པས་དགེ་འདུན་པའི་འཚོ་བར་ཕན་ཐོགས་ཆེན་པོ་བྱུང་། དགོན་པའི་རྟེན་གཙོ་བོ་ལ་བྱམས་ཆེན་རྣམ་གསུམ་དང་། བཀའ་བསྟན་འགྱུར་སོགས་རིན་བྲལ་གྱི་སྐུ་གསུང་ཐུགས་རྟེན་རྩ་ཆེན་མང་དུ་བཞུགས་ཤིང་། སྐུ་ཡི་ཞལ་ཉམས་དང་ཚུགས་མང་ཆེ་བར་དབུས་གཙང་ཁུལ་དུ་བཞུགས་པའི་སྐུའི་ཞལ་ཉམས་དང་ཚུགས་ལྡན་ཞིང་མཐོང་མ་ཐག་དད་པའི་བྱིན་རླབས་ཀྱི་ཚོར་བ་དབང་མེད་དུ་འདྲེན། ལོ་ལྟར་གཏན་འཁེལ་དུ་འཚོག་པའི་ཆོས་ཐོག་ལ། ཟླ་བ་དང་པོའི་སྨོན་ལམ། བཞི་བའི་སྨྱུང་གནས། ལྔ་བའི་དབྱར་གསོ། དྲུག་པའི་ཚེས་བཅུ། དགུ་བའི་ལྷ་བབ་དུས་མཆོད། བཅུ་བའི་ལྔ་མཆོད་བཅས་ཡོད།
དགོན་པ་འདིར་ཡང་ས་ཁྱི་ལོའི་བཞི་རྒོལ་ཆེན་མོའི་སྐབས་སུ་དུས་འགྱུར་གྱི་གནོད་འཚེ་དང་འདུས་བྱས་མི་རྟག་པའི་རང་མཚང་མངོན་དུ་གྱུར་ནས་འདུ་ཁང་མཉམ་ལས་ཁང་གི་སྤྱི་ཁང་དུ་བཀོལ་ནས་ལུས་པ་ཙམ་ལས་གཞན་རྟེན་དང་བརྟེན་པ་ཡོངས་རྫོགས་རྨག་མེད་དུ་བཏང་ཞིང་དགོན་པའི་ཁྲི་བ་བླ་མ་རྒྱལ་མཚན་མཆོག་ཀྱང་ཁྲིམས་འོག་ཏུ་སྐུ་གཤེགས། ལོ་བཅུ་ཕྲག་གཅིག་གི་སྔོན་ཙམ་ནས་དགོན་པ་ཉམས་གསོ་དང་རྟེན་གསུམ་གསར་བཞེངས་ལ་འབད་པས་བསྐྱར་བཞེངས་ལེགས་འགྲུབ་བྱུང་ཞིང་། ད་ལྟའི་དགོན་བདག་བླ་མ་མཆོག་སྤྲུལ་མཁྱེན་རབ་བསོད་ནམས་ཚེ་བརྟན་མཆོག་དབུ་བཞུགས་པའི་བླ་སློབ་ཉི་ཤུ་ལྷག་གིས་སྔར་སྲོལ་ཕྱག་ལེན་བཟང་པོ་རྣམས་མ་ཉམས་གོང་འཕེལ་གྱི་གནས་ལ་འབད་དེ་གནས་འདིའི་འགྲོ་བའི་བསོད་ནམས་གསོག་པའི་ཞིང་མཆོག་དམ་པར་བཞུགས་བཞིན་པ་ལགས།

༤ ཡུལ་མིའི་གོམས་གཤིས།

སྤྱིར་རྒྱལ་མོ་ཚ་བ་རོང་གི་བོད་མི་རྣམས་ཀྱི་མདོ་སྨད་ཆོས་འབྱུང་ལས་གསུངས་པ་ལྟར་རུས་ནི་སྦྲ་ཡིན་ཞིང་། དེ་ཡང་བོད་ཀྱི་རིགས་ལ། བསྭེ། རྨུ། ལྡོང་། སྟོང་དང་བཞི། རིགས་བཟང་རྣམས་ལ་སྔར་ཞང་བོ་ཟེར་ལ། ཕྱིས་སུ་ལྷ་རིགས་སྒོ་ཟེར། བསྭེ་རིགས་བཟང་རྣམས་ལ་བསྭེ་ཆུང་སྦྲ་ཟེར། རྨུ་རིགས་བཟང་རྣམས་ལ་དམུ་ཚ་སྒ་ཟེར། ལྡོང་རིགས་བཟང་རྣམས་ལ་ཨ་སྤོ་ལྡོང་ཟེར། སྟོང་རིགས་བཟང་རྣམས་ལ་ཨ་ལྕགས་འབྲུ་ཟེར། རིགས་བཞིའི་སྟེང་དུ་དབལ་དང་ཟླ་གཉིས་ཏེ་དྲུག་ལ་མིའུ་གདུང་དྲུག་ཏུ་གྲགས། དེའི་ནང་ནས་བསྭེ་དང་སྦྲ་གཅིག་པར་བཤད། རྒྱལ་རོང་གི་ས་ཆ་འདི་རྣམས་སྦྲ་རིགས་ཀྱིས་བཟུང་གཤིས། རུས་མཛོད་ལས། འགག་དོག་མོ་གསུམ་པོ་སྦྲ་ལ་ཐོབ། །སྦྲ་དཔལ་རྩལ་ཆེ་བ་དེ་དོན་ཡིན། །ཞེས་གསུངས་པ་ལྟར་མདོ་ཁམས་རོང་ཆེན་བཞིའི་ནང་ཚན། རྒྱལ་མོ་ཚ་བ་རོང་གི་འགག་དོག་ས་གསུམ་འདི་ཡང་སྦྲས་ཐོབ་པ་ཡིན།
ཡུལ་འདིའི་སྐད་ཀྱང་བོད་ཀྱི་གནའ་བོའི་བོད་སྐད་མ་ཉམས་པར་ཡོད་པ་དང་བོད་ཀྱི་མཐའ་དང་ས་མཚམས་སུ་སོང་གཤིས་སྐད་ལ་འགྱུར་བ་མང་དུ་ཐེབས་ཀྱང་རྩ་བའི་སྐད་གཤིས་བརྡ་རྙིང་རང་མ་འགྱུར་བའི་བོད་སྐད་མ་ཉམས་པར་ཡོད། དཔེར་ན། ཇ་འཐུང་ལ་། འདུག་ལ། འེ་དཀའ་ཐལ། རྩམ་པ་ཟ་ལ། གང་ལ་འགྲོ། ནོར་བུ་ལ་། བཀྲ་ཤིས་ལ། ཅེས་སོགས་ཡི་གེ་ཕྲལ་ནས་ཀློག་པ་ཐེངས་འདིར་བརྩད་བཅད་བྱས་ཏེ་བྲིས་པ་ཡིན་ལ། ཞིབ་ཏུ་གཞན་དུ་བཤད་པར་འདོད་དེ་མ་སྤྲོས་སོ།། མདོ་སྨད་ཆོས་འབྱུང་ལས། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་། ཞེས་གསུངས་པ་དང་། སི་ཏུ་པཎ་ཆེན་གྱིས་ཀྱང་། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པ་ཡིན་པར་གྲགས་པའི་ཡི་གེ་འདོན་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་ཅུང་ཉམས་ཆེ་ཙམ་ལས། འཕུལ་རྟེན་སོགས་སྒྲ་དག་པར་འདོན་པ་བྱུང་བ་མངོན་སུམ་གྱིས་གྲུབ།
བསྟན་པ་སྔ་དར་ལ་སློབ་དཔོན་བེ་རོ་ཙ་ན་རྒྱལ་རོང་ཡུལ་དུ་ཕེབས་ནས་ནང་ཆོས་དང་རིག་གནས་དར་སྤེལ་བཏང་ཞིང་དེའི་སྔོན་དུ་བོན་གྱི་བསྟན་པ་ཡང་ཤུགས་ཆེན་དར་བ་ཆོས་འབྱུང་རྣམས་ལས་ཤེས་པར་བྱ་ལ། དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་རྒྱལ་རོང་ཡུལ་དུ་སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་ལྷག་པར་དུ་དབུས་ཀྱི་སེ་འབྲས་དགེ་གསུམ་ནས་དགེ་བཤེས་ཐོན་ཏེ་དགའ་ལྡན་གསེར་ཁྲིར་བཞུགས་མཁན་བརྒྱད་ཙམ་བྱུང་མྱོང་བ་སོགས་ལས་སྔ་དུས་སུ་ཡུལ་འདིར་ཆོས་དང་རིག་གནས་དར་ཞིང་རྒྱས་པ་དཔོག་ནུས། དེང་སྐབས་ཀྱང་དགུང་ལོ་བརྒྱད་ཅུ་ལྷག་ལ་སོན་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་དང་། སི་ཁྲོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཔལ་ལྡན་ཉི་མ་སོགས་ཕྱི་རབས་ཀྱི་ཡོན་ཏན་པ་དང་སློབ་གསོ་བ་ཡང་ཤིན་ཏུ་མང་པོ་འབྱུང་བཞིན་པ་རེད། རྒྱལ་རོང་གི་སྐད་ལ་ཡང་མཁས་དབང་དམུ་དགེ་བསམ་གཏན་སོགས་ཞིབ་འཇུག་པའི་དཔྱད་འབྲས་དང་དངོས་ཡོད་དཔང་རྟགས་ལས། རྩ་བའི་ཆ་ནས་རྒྱལ་མོ་ཚ་བ་རོང་གི་ཡུལ་སྐད་ཀྱི་ནང་བརྡ་རྙིང་ཆེས་མང་བ་དང་། སྒྲ་དྲག་ཆེ་བའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་དང་། ཉམས་ཆེ་དྲག་པའི་དབང་གིས་འགྱུར་བ་དང་། འགྱུར་ཆེ་བ་སོགས་ཀྱི་དབང་གིས་མི་འདྲ་བ་ལྟ་བུར་གྱུར་པའང་ཡོད་མོད། རྒྱལ་རོང་གི་སྐད་འདི་བོད་སྐད་རང་ཡིན་པ་ངེད་ཅག་བོད་རང་མཚན་པ་དང་། བོད་ཡིག་ཤེས་པ་དག་གིས་བལྟས་ན་ཤིན་ཏུ་གསལ་པོ་ཡིན་པ་ངེས་ཤེས་འདྲོངས་ངེས་སོ།།

༥ སེམས་འགྱུར་སྣ་ཚོགས།

སྤྱིར་ཐེངས་འདིའི་ཡུལ་སྐོར་ནི་ཕེབས་བཞུད་ཀྱི་དཀའ་ཚེགས་མེད་ཅིང་འགྲོ་འདུག་གི་རང་དབང་ཆེ་བ། ཟས་སྐོམ་འཚོ་བ་སོགས་གང་ཅིར་མཐུན་རྐྱེན་འཛོམས་པོ་བྱུང་བས་ཡུལ་སྐོར་བ་ཅིག་ལ་མཚོན་ན་ཆེས་སྐྱིད་པའི་ཡུལ་སྐོར་དེ་ཡིན། ང་ཚོ་སྡོད་སའི་གནས་མལ་གྱི་ཁོར་ཡུག་རྣམས་སུ་ཚ་དྲོད་ཅི་ཙམ་རྒྱས་རུང་། ཚང་ཚིང་ནགས་ཀྱི་བསིལ་རླུང་གིས་ཚ་དྲོད་ཆེ་བའི་སྣང་བ་མེད་ཅིང་། ལུས་སེམས་ལ་བདེ་དྲོད་ཁྱད་པར་ཅན་རེ་སྟེར་བར་བྱེད། ཕྱི་དྲོའི་དུས་སུ་གནམ་གཤིས་དེ་ལས་ཀྱང་བསིལ་རླུང་དྲོད་དང་འདྲེས་མའི་གསེབ་ནས་སྤྲོ་སྣང་བླ་ལྷག་ཏུ་འཕེལ་བར་བྱེད། ང་ཚོ་ས་སྲོད་ཀྱི་མཚན་མོ་དེར་ལྷིང་འཇགས་དང་འུར་ཟིང་མེད་པའི་ཁང་བརྩེགས་སྟེང་ནས་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དཀར་ཟེར་དང་། སྲོག་ཆགས་སྣ་ཚོགས་ཀྱི་སྐད་གསལ་ལ་མི་གསལ་བ་རེ་ཉན་ཞིང་། གནམ་གཤིས་ཀྱི་དྲོ་གྲང་འཚམས་པོས་སྤྲོ་སྣང་དང་། སེམས་མཐུན་གྱི་འབེལ་གཏམ་སྣ་ཚོགས་ལ་རོལ་བ་ཡིན། དགོང་མོར་བྲང་ཁང་གུ་ཡངས་ལ། སོས་དལ་བའི་མལ་དུ་གཉིད་སྐྱིད་པོ་ཞིག་ཁུག་པས་རྗེས་དྲན་ཞིག་ཀྱང་ལགས། མ་གཞིར་ལུང་པ་འདི་དག་གི་ཕྱི་ནང་གསང་གསུམ་གང་ནས་བལྟས་རུང་། གནའ་སྲོལ་དང་། གནའ་མིའི་རིག་གནས་ལོས་ཡིན་སྙམ་པ་རེ་གང་ནས་ཀྱང་མཐོང་ཐུབ་པ་འདུག དཔེར་ན། གྲོང་ཚོ་འདིའི་མགྲོན་ཁང་ཆེན་མོ་ཞིག་གི་ཇ་ཁང་དུ་སོང་བས། ལྡེབ་བྲིས་ཀྱི་རི་མོ་དག་ལ་སྟག་སེང་ཁྱུང་འབྲུག་དང་། རྒྱབ་བསྙེས་ལའང་སྨེ་རྩིས་དག་བཀོད་འདུག ཁྱད་པར་དུ་བོད་ཁུལ་གཞན་ལ་མེད་པའི་ཁྱད་ཆོས་ཆེ་བ་ཞིག་ནི། གྲོང་ཚོ་ཞིག་ལའང་སྐར་མ་བཞི་ཅན་གྱི་མགྲོན་ཁང་ཡོད་པ་དེ་རེད། ལུང་པ་འདིའི་ཡུལ་མིའི་གཤིས་ཀ་ཡང་འཇམ་པོ་ཡིན་ཞིང་། མགྲོན་པོ་ལ་དགའ་བསུ་དང་འཛུམ་མདངས་སྟོན་མཁན་ཁོ་ནར་སྣང་བྱུང་། རྒྱུ་མཚན་འདི་དག་གིས་གནས་འདི་ནི་བསམ་གཏན་སྒོམ་པ་དང་། དཔེ་ཀློག་དང་རྩོམ་འབྲི་བྱེད་པ་སོགས་དོན་སྙིང་ཅན་གྱི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་པའི་གདེང་འཇོག་ཀྱང་ངང་གིས་ཐོབ།
འོན་ཀྱང་། ཇི་སྐད་དུ། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན།། ཅེས་གསུངས་པ་ལྟར། དགེ་བཤེས་རྩ་འདི་བཞིན་རྒྱལ་མོ་རོང་གི་ཡུལ་ཕལ་ཆེར་ལ་ད་ལྟ་བོད་སྐད་དང་བོད་ཡིག་སྤྱོད་པའི་རྣམ་པ་གཞན་དང་བསྡུར་ན་ཅུང་ཉུང་བར་གྱུར་ཡོད་པ་དང་། ས་ཁུལ་འདིའི་དགོན་སྡེ་ཁག་དང་ཡུལ་མི་རྒན་པོ་རྣམས་ཀྱིས་བོད་ཡིག་བོད་སྐད་སྔར་བཞིན་སྤྱོད་པ་མ་ཟད། སྲོལ་རྒྱུན་གྱི་གླུ་གར་གཞས་གསུམ་སོགས་གང་ལ་གང་འཚམ་གྱིས་རྒྱུན་འཛིན་གང་ལེགས་བྱེད་བཞིན་པ་ནི་ཡིད་སྤྲོ་བའི་གཞིར་གྱུར། ཕྱི་ཁང་བའི་བཟོ་བཀོད་དང་ནང་གི་སྒྲིག་ཆས་ཀྱིས་བོད་ལུགས་སྲུང་འཛིན་བྱས་ཡོད་ཀྱང་དེང་དུས་ཀྱི་གཞོན་སྐྱེས་ཚོས་བོད་ཡིག་དང་བོད་སྐད་བཀོལ་སྤྱོད་ཉུང་བའི་ཚོར་སྣང་གིས་ང་ལ་སེམས་ཁྲལ་ལྷག་མ་ཅིག་ངང་གིས་བྱིན་པ་དང་། ཇི་ལྟར་དུངས་ན་དེ་ལྟར་དུང་སེམས་ལ་གནོད་ཟེར་བ་ལྟར། ཕ་མེས་བཀའ་དྲིན་ཅན་གྱིས་བདག་ཏུ་བཟུང་ཞིང་ཡུན་གྱིས་གནང་བའི་ཡུལ་བཟང་པོ་འདི་འདྲ། ཁོར་ཡུག་བཟང་པོ་འདི་འདྲ། གནམ་གཤིས་བཟང་པོ་འདི་འདྲ། རིག་གནས་བཟང་པོ་འདི་འདྲ་ཡོད་བཞིན་སྐད་དང་བསམ་བློ། ཆ་ལུགས་རྣམས་ནམ་མཁའི་འཇའ་ཚོན་གྱི་རྗེས་སུ་འགྲོ་དོགས་ཀྱིས་བློ་མ་བདེ་བ་ཞིག་ཀྱང་ངང་གིས་བྱུང་།
སྨྲས་པ།
སྙན་པ་རྒྱང་ལ་མཆེད་པའི་རྒྱལ་མོ་རོང་།།
སྔོན་རབས་གྲགས་པའི་བ་དན་མ་རྙིང་བ།།
དངོས་སུ་མཐོང་ཐོས་མྱོང་བའི་བརྗེད་བྱང་འདི།།
རིགས་མཐུན་གྲོགས་རྣམས་དགྱེས་པའི་སྐྱེས་སུ་ཕུལ།།
དཔྱད་གཞིའི་རྒྱུ་ཆ།
༡བོད་ཀྱི་འུར་ཆ་འཕྲིན་སྟེགས་ལས་
༢ དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་པའི་ལོ་རྒྱུས།
༣ དགའ་ལྡན་བཀྲ་ཤིས་རིན་ཆེན་གླིང་དགོན་པའི་ལོ་རྒྱུས།

2018ལོའི་སྤྱི་ཟླ་4 ཚེས 29ཉིན།
————-རྒྱལ་རོང་བཀྲ་ཤིས་རིན་ཆེན་གླིང་དུ་མགྱོགས་པར་བྲིས་པ་དགེ།