ན་ནིང་སྐད་འཕྲིན་སྒང་ནས། <<བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ>>ཞེས་པའི་སྐུ་ཞབས་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱི་དེབ་འཕྲིན་ཅིག་མཐོང་ཞིང་། གཞུག་ནས་བླ་བྲང་གི་དཔེ་ཁང་ཞིག་ཏུ་དེབ་འདི་དངོས་སུ་ལག་ལ་ལེན་པའི་སྐལ་བ་ལྡན། ལག་ལ་བླངས་ནས་ཀྱང་དེབ་རྫུས་མ་ཞིག་ཡིན་པ་ཤེས་པས་ཕྱིར་ཐང་ལ་བཞག ད་ལོའི་ལྔ་བའི་དབྱར་གཏོང་གི་སྔ་ཉིན་རེབ་གོང་གི་དཔེ་ཁང་ཞིག་ཏུ་དཔེ་ཆ་འདི་སླར་ཡང་མིག་ལ་ཐོགས་ཤིང་། དེ་ནས་ལག་ལ་བླངས། མཐའ་མར་ཚར་གཅིག་བླུས་ཏེ་རང་ལ་དབང་བར་བྱས་སོ། །

ཕྱིར་ལན་གྲུ་ལ་ལོག་སྟེ<<བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ>>ཞེས་པའི་དེབ་འདི་ལ་ཞིབ་ཏུ་མཇལ་དུས་གཟོད་མཁས་དབང་གང་གི་གསུང་རྩོམ་འདི་ཉིད། རྩོམ་པ་པོ་ཁོང་གིས་འཁྲོལ་ཆ་ཐོབ་ཅིང་ཞུས་དག་གནང་བའི་དེབ་ཅིག་ཡེ་ནས་མ་ཡིན་པར། ཚོང་གི་ཁེ་སྤོགས་སྙེག་པའི་དཔེ་ཆ་རྫུས་མ་དཔར་མཁན་ཞིག་གི་བྱེད་ལས་ཡིན་པ་གཞི་ནས་ཤེས།

ཀུན་གྱིས་མཁྱེན་གསལ་ལྟར། ཧྥ་རན་སི་ན་བཞུགས་པའི་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ནི་བོད་རིག་པའི་སྡེ་ཡི་མི་མིང་ཅན་དང་རྟ་མདོག་ཅན་ཡིན་པས་མི་ཚད། ཆོས་ལུགས་ཀྱི་ཕྱོགས་ལྷུང་དང་གྲུབ་མཐའི་ཆགས་སྡང་མེད་པར་རང་སྐྱ་ཐུབ་པའི་སྒོ་ནས་གཟུ་བོའི་གཏམ་སྨྲ་བའི་མཁས་པའི་དབང་པོ་དང་རིག་པའི་རལ་གྲི་ཞིག་ལགས་ཤིང་། ལྗགས་རྩོམ་ལ་ཡང<<རྒྱལ་དབང་ལྔ་པའི་དག་སྣང>>ཞེས་པ་དང་། <<མདའ་དང་འཕང>>ཞེས་པ། <<རྒྱལ་དབང་ལྔ་པའི་རང་རྣམ་འཁྲུལ་བའི་རོལ་རྩེད>>ཅེས་པ་སོགས་མང་དུ་བཞུགས། བོད་ནང་དུ་པར་སྐྲུན་བྱས་པའི<<མདའ་དང་འཕང>>ཞེས་པར་མཚོན་ན་བོད་རིག་པའི་དཔྱད་འབྲས་རི་བོའི་གཏོས་དང་མཉམ་པའི་ཁྲོད་ནས་ཆེས་གཟེངས་སུ་ཐོན་པ་དང་རིན་ཐང་ཅན་དུ་མཐོང་ལ། ཁོང་གི་མཁྱེན་དཔྱོད་དང་མཛངས་སྤྱོད། གསུང་རྩོམ་བཅས་ཀྱིས་བོད་རིག་པའི་ཞིབ་འཇུག་གི་སྡེ་ལ་ཁ་མིག་ཡར་ལྟའི་མིག་དཔེ་བཟང་པོ་བསྟན་ཡོད་པའོ། །

<<བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ>>ཞེས་པའི་དེབ་འདིའི་མགོ་ནས་མཇུག་བར་དུ་རྩོམ་སྒྲིག་པའམ་དེབ་སྒྲིག་མཁན་གྱིས་བློ་རྩིང་བོས་འགྲོ་ཐབས་འདུག་ཐབས་དང་ཡ་ལེ་ཡོ་ལེ་ཁོ་ན་བྱས་འདུག་སྟེ། དཔེར་ན་དཀར་ཆག་ཏུ་རྩོམ་གྱི་ཁ་བྱང་བརྒྱད་འཁོད་འདུག་ནའང་གཞུང་དངོས་སུ་རྩོམ་ཡིག་བདུན་མ་གཏོགས་མེད་པ་དང་། དཀར་ཆག་སྟེང་གི<<བོན་ལུགས་ཀྱི་ཆོ་གའི་སྐོར>>ཞེས་པ་དེ་གཞུང་དངོས་སུ་ཆད་འདུག་པ། ཡང་དཀར་ཆག་ཏུ་གསལ་བའི་ཤོག་ངོས104ཡི་སྟེང་ན<<བོན་ལུགས་ཀྱི་འཆམ་གསུམ་སྐོར་རགས་ཙམ་གླེང་བ>>ཞེས་པ་ཡིན་དགོས་རྒྱུ་ལ། དེའི་ཚབ་ཏུ<<མཁར་རྨེའུ་བསམ་གཏན་ལགས་ཀྱིས་སྤེལ་པའི་སྨོན་ཚིག>>ཅེས་པ་ཞིག་བཞག་འདུག་པ། ཡང<<རྒྱ་དཀར་ནག་དང་སོག་པོའི་ཤུགས་རྐྱེན་དག་འཕུད་པའི་བོད་རང་ལ་ག་རེ་ཡོད>>ཅེས་པའི་བཅར་འདྲིའི་རྩོམ་ཡིག་དེ་ག་མཇུག་རྫོགས་པའི་རྗེས་ཏེ་ཤོག་ངོས66གི་མགོ་ནས73གྱི་བར་དུ་ཁྱོན་བསྡོམས་ཤོག་ངོས་བརྒྱད་ནི་རྩོམ་འདིའི་བར་གྱི་ཚན་པ་གང་རུང་ཞིག་བསྐྱར་ཟློས་བྱས་འདུག་པ། ཡང<<བཙན་པོ་ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབས་མདོར་བསྡུས>>ཞེས་པ་ནི་དེབ་འདིའི་ཤོག་ངོས74ནས89བར་འཁོད་འདུག་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་སྤྱི་ལོ2007ལོའི་ཟླ9པར་པར་དུ་བསྐྲུན་པའི<<མདའ་དང་འཕང>>ཞེས་པའི་སྟོད་ཆ་གཞིར་བཟུང་ཚེ། <<བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ>>ཞེས་པར་བསྡུས་པའི་རྩོམ་ཡིག་འདི་ལ་ད་དུང་ཚན་པ་བཞི་ཆད་འདུག་པ་སྟེ། དེ་དག་ནི“དཔལ་འཁོར་བཙན་རིང”ཞེས་པ་དང་། “སྟོད་མངའ་རིས་ཀྱི་རྒྱལ་ཕྲན”ཞེས་པ། “ཁྲི་རྩེ་ལྡེ་བཙན་གྱི་རིང”ཞེས་པ། “མདོ་ཁམས་སྨད་ཀྱི་རྒྱལ་ཕྲན”ཞེས་པ་བཅས་སོ། །

གོང་གི་དེས་ཀྱང་ག་ལ་ཚད་དེ། ཡིག་ནོར་ནི་དབུ་ཡི་དཀར་ཆག་ནས་མཇུག་གི་ཤོག་ངོས་བརྒྱ་དང་ཉེར་གཉིས་བར་དུ་ཐང་མ་བརྡལ་བརྡལ་བྱས་འདུག་སྟེ། དཔེར་ན་ལོ་རྒྱུས་ལ་ལོ་རྒྱས་དང་། དཔལ་འབྱོར་ལ་དཔལ་སྦྱོར། གཤམ་གསལ་ལ་གཤལ་གསལ། གནད་འགྲེལ་ལ་ནད་འགྲེལ། དཔྱད་རྩོམ་ལ་དཔྱད་རྩམ། གཉིས་པ་ལ་གཉི་པ། ཁྲི་དར་མ་ལ་ཁྲིད་དར་མ། སྲིད་འཛིན་ལ་སྲིག་འཛིན། མཆན་འགྲེལ་ལ་འཆན་འགྲེལ། རིམ་བྱུང་ལ་རམ་བྱུང་། ལྷན་རྒྱས་ལ་ལྷ་རྒྱས་སོགས་བརྗོད་ཀྱིས་མི་ལང་ངོ་། །

གཞན་ཡང་པར་ངོས་སྒྲིག་སྦྱོར་གྱི་ངོས་ཐད་ནས་ཡི་གེའི་ཆེ་ཆུང་དང་། ཁ་ཡིག་གི་སྦོམ་ཕྲ། ཚན་པའི་སྔ་ཕྱི། མཆན་འགྲེལ་གྱི་རགས་ཞིབ་སོགས་ལ་དང་དོད་ཅི་ཡང་མེད་པར་གཡོས་ལྡུག་ལྡུག་བྱས་འདུག་ལ། ཐ་ན་དཔེ་ཆ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་པར་བྱང(版权页)དང་དབུ་ཤོག(扉页)དང་དཔེ་ལྟག(书脊)གི་མཚན་བྱང་སོགས་གཅིག་ཀྱང་མེད་པས་ན། <<བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བ>>ཞེས་པའི་དེབ་འདི་ཀོ་དཔེ་ཆ་ཚོང་རྒྱག་མཁན་དག་གིས“ལུག་གཅིག་གི་ཐོག་ནས་བལ་མང་པོ་འབྲེག”འདོད་ཀྱི་ཧམ་སེམས་དང་ངན་སེམས་ཀྱིས་ལྐོག་ནས་དཔར་བའི་དེབ་རྫུས་མ་ཞིག་ཏུ་མཐོང་ངོ་། །

ཉེ་བའི་ལོ་འདི་འགའི་རིང་ལ་བོད་མིའི་དཔེ་ཆའི་ཁྲོམ་ར་ལྟོས་ས་ལྟོས་འཇོག་གིས་ཆེ་རུ་སོང་སྟེ། བོད་ཁུལ་དུ་སྒེར་གཉེར་གྱི་དཔེ་ཁང་མང་པོ་བྱུང་ཞིང་། ཐང་ཀ་དང་བོད་སྨན་ནང་བཞིན་དཔེ་ཆའི་ཚོང་རྒྱག་མཁན་ཡང་མང་ནས་མང་དུ་ཕྱིན། ཁོ་ཚོས་ཚོང་རའི་དགོས་མཁོ་དང་བསྟུན་ནས་དཔེ་རྙིང་དང་དཔེ་གསར། ཆོས་དཔེ་དང་སློབ་དཔེ་སོགས་རྩོམ་པ་པོའི་མོས་མཐུན་དང་དཔེ་སྐྲུན་ཁང་གི་ཆོག་མཆན་ཅི་ཡང་མེད་པར་གང་འདོད་འདོད་དུ་དེབ་རྫུན་བཟོ་བ་དང་། པར་སློག་རྒྱག་པ། བསྐྱར་དཔར་བྱེད་པ། འཕྲུལ་དེབ་བཟོ་བ་སོགས་ཀྱི་ལས་ལ་འཇུག་པ་དང་། དཔེ་ཆ་གང་ཞིག་ཚོང་བྲིན་ན་དེ་རྫུས་མ་བཟོ་སྲིད་ལ། རྩོམ་མཁན་སུ་ཞིག་གྲགས་ཆེ་ན་དེའི་ལྗགས་རྩོམ་དཔར་སྲིད།

གཞུང་ཕྱོགས་ཀྱི་དཔེ་སྐྲུན་ཁང་གིས་ཀློག་པ་པོའི་སྡེ་ཡི་དཔེ་ཀློག་གི་སྐོམ་པ་དུས་ལྟར་སེལ་མ་ཐུབ་པར་རྐྱེན་བྱས་ཏེ། དམངས་ཁྲོད་དུ་དཔེ་ཆ་རྫུས་མ་ཆར་ཤུལ་གྱི་ཤ་མོ་བཞིན་བརྡོལ་བ་ལ་ང་ཚོས་བསམ་ཤེས་བྱེད་ཐུབ་ལ་བཟོད་པའང་སྒོམ་ཐུབ་མོད། འོན་ཀྱང་ངན་པ་ལང་ཤོར་གྱི་བྱ་སྤྱོད་འདི་རིགས་ནི་རང་རེའི་རྩོམ་པ་པོ་རྣམས་ལ་མཚོན་ན་མུ་གེའི་སྟེང་ལ་ཟླ་ལྷག་དང་། བོད་ཡིག་གི་དཔེ་སྐྲུན་ཁང་དག་ལ་མཚོན་ན་མིག་སྐྲང་ཐོག་ཏུ་ཁུ་ཚུར་ཡིན་པ་ཡང་སྨོས་ཅི་དགོས།

ལྷག་ཏུ། ད་ལོ་དགུང་གྲངས་གྱ་གཉིས་ལ་སོན་ཞིང་སྐུ་ཚེ་གང་བོ་བོད་ཀྱི་རིག་གཞུང་ལ་བསྟིམས་པའི་ངེས་དོན་གྱི་མཁས་པའི་ཁྱུ་མཆོག་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ལ་མཚོན་ན། རང་གི་བོད་ཡུལ་ལུང་པ་ན་གང་གི་དུང་དཀར་ལྟ་བུའི་ལྗགས་རྩོམ་དག་གི་ཁོག་པ་འདི་ལྟར་འབུ་ཡིས་ཁེངས་འགྲོ་བ་མཐོང་ཚེ་ཐུགས་ཀྱིས་ག་ལ་བཟོད་ཨང་།

སྤྱི་ལོ2018ལོའི་ཟླ8པའི་ཚེས1ལ།