ངའི་སྣང་ངོ་ལ། ཤེས་ཡོན་ཅན་ཞིག་ཡིན་ན་སྐྱེ་བོ་འདི་ལྟ་བུ་ཞིག་ཡིན་འོས་ཏེ། ཁོའམ་ཁོ་མོའི་ཚེ་གཅིག་ལ་མདོར་དེད་ན་འཇིག་རྟེན་འདིའི་བྱ་དངོས་དང་དེའི་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བྱུང་བ་ལ་རིགས་པས་ཞིབ་ཅིང་རྟོག་པར་ཤ་ཐང་དུ་འཇུག་མཁན་ཞིག་གོ །དེའང་ཡིན་ཏེ། ཤེས་ཡོན་ཅན་ནི་དེ་ལུགས་ཀྱི་ངལ་བ་བསྟེན་པའི་སྐྱེ་བོ་ཉག་ཅིག་ཀྱང་མིན་མོད་ཀྱི། ཁོ་ཚོས་ཆེད་ལས་ཀྱི་རྣམ་འགྱུར(ངེད་ཀྱིས་ཚིག་འདི་ཀོ་བཀོལ་ན་ཨེ་ཆོག་གམ)འཛིན་ཏེ་དེ་ལུགས་མཛད་པ་ཡིན་ཏེ། ཁོ་ཚོའི་ལས་འགན་གཙོ་བོ་ནི་ཉམས་ཞིབ་དང་། དཔེ་ཀློག དཔེ་ཁྲིད། རྩོམ་འབྲི། དེ་བཞིན་དཔར་སྐྲུན་དང་། སྤྱི་འབངས་ལ་གླེང་མོལ་གནང་བ་བཅས་ཡིན། དེ་དག་གིས་རྒྱུན་དུ་ཁོ་ཚོས་ཅུང་ཡོངས་གྲགས་སུ་གྱུར་པའི་གནད་དོན་རྣམས་དང་ལེན་བགྱིད་སླ་བར་བྱེད་པ་མ་ཟད། འཛམ་གླིང་གི་གནས་བབས་དང་། འཛམ་གླིང་གི་མདུན་ལྗོངས་ལ་གཞན་ལས་ལྷག་པའི་འགན་འཁྲིའི་འདུ་ཤེས་མངའ་བར་བྱེད་དོ། །

གལ་ཏེ་འུ་ཚོས་ཤེས་ཡོན་ཅན་ལ་མཚན་ཉིད་འདི་ལྟར་འཇོག་ཆོག་པ་ཡིན་ཚེ། ཤེས་ཡོན་ཅན་ཇི་སྙེད་ཀྱིས་འཛམ་གླིང་ཕུང་ལ་འདེབས་པའི་རྩོལ་བ་མང་དུ་བརྩམས་པ་ལའང་ང་ཚོ་ཧང་སངས་མི་སྲིད། ཁོ་ཚོའང་འཛམ་གླིང་ཧྲིལ་པོ་ལ་སྤྲོ་བས་བརྟས་ཤིང་དེ་ལ་རྒྱུན་དུ་འགན་འཁྲི་རབ་ཏུ་ལྕི་བའི་མོད་ལ། རྒྱུན་དུ་བསླུ་བྲིད་ཀྱི་དབང་དུ་གྱུར་ནས་སྣང་སྟེ། འཛམ་གླིང་ཧྲིལ་པོ་ཁོང་དུ་ཆུད་པའི་འདུན་པ་འཆང་ཞིང་། སྒོ་ཀུན་ནས་འཛམ་གླིང་ལ་འགྲེལ་བ་བྱེད་འདོད་ཀྱི་འདུན་པ་དྲག་པོ་ལྡན་པ་དང་། འཛམ་གླིང་གི་གནད་དོན་སོ་སོ་ལ་ཡོངས་ཁྱབ་ཀྱི་ཐག་གཅོད་བྱེད་ཕྱོགས་བཏོན་པ་རེད། ངང་རྒྱུད་བྲལ་བ་དང་། བསམ་པའི་ཕུགས་ཐག་ཐུང་བ་ནི། ཤེས་ཡོན་ཅན་གྱིས་སྒོ་ཀུན་གྱི་འདུ་ཤེས་འཛིན་སྟངས་ལ་དང་དོད་བྱེད་པ་དང་། བསླུ་བྲིད་ཀྱི་རང་བཞིན་དང་ལྡན་པའི་སྒོ་ཀུན་གྱི་སྤྱི་ཚོགས་བཟོ་ལས་ཀྱི་ཟིལ་ཤུགས་ལ་མགོ་འཕང་སྨད་དགོས་པའི་སྤྱིར་བཏང་གི་རྒྱུ་མཚན་ཞིག་ཡིན། སྒེར་གཅོད་པ་ཇི་སྙེད་དང་། མཐའ་ན་འཇིགས་སྐུལ་རིང་ལུགས་པ་ཁ་ཅིག་བཅས་ཀྱང་ཐོག་མར་ཤེས་ཡོན་པ་ཤ་སྟག་མ་ཡིན་ནམ། དེ་བཞིན་དུ། སྒེར་གཅོད་བྱེད་པའམ་སྒེར་གཅོད་འདྲེན་པ་གང་ལའང་འཇུག་པ་མེད་མོད། འོན་ཀྱང་མིའི་རིགས་ཀྱི་་སྡུག་བསྔལ་སེལ་བར་མཁོ་བའི་གསང་བའི་ལྡེའུ་མིག་ཅིག་ཡོད་པར་གཞན་ལས་ཀྱང་འཁྲུལ་སྣང་བྱེད་སླ་བའི་དབང་གིས། ཅིས་ཀྱང་ཀྲོང་ངེར་འགྲེངས་ནས་སྒེར་གཅོད་ལ་རྒོལ་གཏམ་གཏོང་མི་ཐུབ་པའི་ཤེས་ཡོན་ཅན་དག་ནི་དེ་ལས་ཀྱང་ངོ། ། “ཤེས་ཡོན་ཅན་གྱི་ངོ་ལོག”ཅེས་ན་ཏག་ཏག་སྣང་ཚུལ་འདི་ལྟ་བུ་མཚོན་བྱེད་དུ་སྨྲས་པ་ཉིད་དོ། །འུ་ཚོའི་རྒྱལ་ཁབ་ཏུ་བྱུང་པའི་ཤེས་ཡོན་ཅན་ལ་རྒོལ་བའི་སྣང་ཚུལ་ཇི་སྙེད་ཀྱང་ཤེས་ཡོན་ཅན་འདིའི་རིགས་ལ་དམིགས་པ་ཡིན་ཞིང་། ཤེས་ཡོན་ཅན་ནི་མིའི་རིགས་ཀྱི་ནང་གི་ཉེན་ཁ་ཆེ་བའི་སྲོག་ཆགས་རིགས་ཤིག་རེད་སྙམ་པའི་ལྟ་ཚུལ་དེ་རིགས་ཀྱི་འབྱུང་ཁུངས་ཀྱང་སྣང་ཚུལ་འདི་རང་ལ་ཐུག་པ་རེད།(འདིའི་རྗེས་ཀྱི་ཚིག་ཕྲེང་གཅིག་གི་ནང་དོན་ནི་ཧ་ཅང་རབ་རིབ་མག་མོག་ཏུ་སྣང་གཤིས། རྒྱ་འགྱུར་གྱི་སྐྱོན་དུ་མཐོང་ནས་མ་བསྒྱུར་པར་བསྐྱུར་ཏོ། །ཞེས་སྒྱུར་པ་པོས།)

གལ་ཏེ་ཤེས་ཡོན་ཅན་ཡོངས་རྫོགས་ཀྱིས་སྟོང་བསམ་རིང་ལུགས་པའམ་སྒོ་ཀུན་གྱི་བཟོ་སྐྲུན་ལ་མགོ་འཕང་སྨད་དོ་སྙམ་ཚེ། དེ་ནི་གླེན་རྟགས་རིགས་ཤིག་ལས་མ་འདས་སོ། །འདས་པ་དང་ད་ལྟ་གང་ལའང་ཤེས་ཡོན་ཅན་ཇི་སྙེད་ཀྱིས་བསྒྲུབ་འོས་པའི་དོན་དག་རྣམས་བསྒྲུབ་ཀྱིན་འདུག་སྟེ། རྒྱ་ཆེ་ཞིང་གཏིང་ཟབ་པའི་བྱུང་བ་དེ་ལ་ངེས་ཤེས་རྙེད་པ་དང་། གོ་ལ་རང་བཞིན་དང་ལྡན་པའི་མཐོང་སྣེ་ནས་བྱ་དངོས་ལ་ལྟ་བ། དེ་བཞིན་གོ་ལ་རང་བཞིན་གྱི་ལྐོག་གྱུར་ཀྱི་ངོ་བོ་ཁས་ལེན་པ་མ་ཟད། ཁེངས་པ་བསྐྱུངས་ཏེ་དེའི་ཆོས་ཉིད་ལ་བསྟུན་པ་བཅས་བྱས་ཏེ་སྣང་། ཤེས་ཡོན་ཅན་འདི་དག་གིས་འཛམ་གླིང་ལ་བཅངས་པའི་ཤུགས་དྲག་པོའི་འགན་འཁྲིའི་འདུ་ཤེས་ཀྱིས་ནི། ཁོ་ཚོ་འདུ་ཤེས་འཛིན་སྟངས་གང་ཞིག་གི་ཆར་ཡང་གཏོགས་པ་བགྱིས་མེད་པར། མིའི་རིགས་དང་། མིའི་རིགས་ཀྱི་རྩིས་ཐང་། དེ་བཞིན་མིའི་རིགས་ཀྱི་མདུན་ལྗོངས་བཅས་ལ་རང་ཉིད་རྗེས་སུ་མཐུན་པར་བྱེད་དོ། །ཤེས་ཡོན་ཅན་འདི་དག་གིས་མི་དང་མིའི་བར་གྱི་མཐུན་སྒྲིལ་འཛུགས་སྐྱོང་བྱེད་ཀྱིན་ཡོད། ཁོ་ཚོའི་ཁོག་རྒྱ་ཡངས་ཤིང་། མི་དགེ་བ་དང་བཙན་ཤེད་ལ་འཐབ་རྩོད་བྱེད་པ་དང་། མི་བུའི་ཁེ་དབང་མངོན་བསྒྲགས་བྱས་ཏེ། དེའི་གཞོམ་གཞིག་བྲལ་བའི་རང་བཞིན་དར་སྤེལ་གཏོང་ངོ། །མདོར་ན་སྐད་ཆ་ཚིག་གཅིག་རང་དུ་ངེས་ཏེ། ཁོ་ཚོས“སྤྱི་ཚོགས་ཀྱི་རྒྱུ་འབྲས་བློ་མིག”གི་འཐུས་ཚབ་བྱས་ཏེ་མཆི། གོ་ལའི་གྲུ་ཟུར་ཞིག་གི་མིང་དང་གྲགས་པ་མེད་པའི་རྒྱལ་ཁབ་ཅིག་གི་སྤྱི་འབངས་ཀྱི་རྒྱུད་པ་སྟོངས་པར་བརྩམས་པའམ། བྱིས་པ་བཀྲེས་ལྟོགས་ཀྱིས་མནར་ཚེ། ཁོ་ཚོ་ཁ་རོག་གེར་བསྡད་དེ་སྨྲ་བ་བསྡམས་མི་སྲིད། གོ་ལ་དྲོད་འགྱུར་རམ་རྗེས་རབས་པས་ཤས་མི་བཟོད་པའི་འཚོ་བ་རོལ་ངེས་པ་མཁྱེན་ཚེ། ཁོ་ཚོས་ལྟད་མོ་བལྟས་ཏེ་སྣང་མེད་དུ་གཏོང་མི་སྲིད། ཁོ་ཚོས་རྒྱང་རིང་གི་གདོད་མའི་ནགས་ཚལ་གྱི་ལས་དབང་ལ་སེམས་པ་འཁྲེང་ཞིང་། མི་འགྱངས་བའི་མ་འོངས་པར་མིའི་རིགས་ཀྱིས་བསྐྱར་བསྐྲུན་བགྱིད་དུ་མི་རུང་བའི་ཐོན་ཁུངས་མཐའ་དག་རྩ་མེད་དུ་གཏོང་བར་སེམས་ཚེགས་བསྟེན་པ་དང་། བརྡ་ཁྱབ་དང་། འཛད་སྐྱོད་རིང་ལུགས། དེ་བཞིན་བརྙན་འཕྲིན་ནང་གི་ཁྲག་དྲི་བྲོ་བའི་དྲག་ཤུགས་ཀྱི་གཏམ་རྒྱུད་བཅས་དང་འདྲ་བར། གོ་ལ་རང་བཞིན་གྱི་སྒེར་གཅོད་དེ་དག་གིས། མཐའ་མའི་སྐབས་སུ་མིའི་རིགས་ནི་མཐར་ཐུག་གི་བླུན་པོའི་གནས་སུ་བསྒྱུར་པར་སེམས་ཁུར་བྱེད་ཀྱིན་ཡོད།

འོ་ན་ཤེས་ཡོན་ཅན་དང་ཆབ་སྲིད་ཀྱི་འབྲེལ་བ་ཇི་ལྟར་ཡིན་ནམ་ཞེ་ན། འདིའི་ནང་དུ་གོ་བ་ལོག་སྒྲུབ་བྱས་པ་མང་དུ་འདུག ངའི་ལྟ་ཚུལ་ནི་ཧ་ཅང་སྟབས་བདེ་ཡིན་ཏེ། སྟོང་བསམ་རིང་ལུགས་ཀྱི་ཤེས་ཡོན་ཅན་དང་འཕྲད་ཚེ། ང་ཚོས་དེ་དག་གི་ཡིད་དུ་འོང་བའི་འབོད་སྐུལ་དེ་ཚོ་འགོག་དགོས། གལ་ཏེ་དེ་དག་ཆབ་སྲིད་ཀྱི་སྟེགས་བུར་སླེབས་ཚེ། ང་ཚོས་དེ་བས་ཀྱང་ཁོ་ཚོར་བློ་གཏད་མི་རུང་། དེ་མིན་པའི་ཤེས་ཡོན་ཅན་རིགས་གཞན་ཞིག་སྟེ། འཛམ་གླིང་གི་བྱ་དངོས་ཐམས་ཅད་ཀྱི་རྟེན་འབྲེལ་ལ་སེམས་ཚེགས་བསྟེན་པའི་སྐྱེ་བོ་དེ་དག་དང་། མི་གཤིས་ཀྱི་སྒོ་ནས་འཇིག་རྟེན་ལ་ལྟ་བ་མ་ཟད། འགན་འཁྲིའི་འདུ་ཤེས་ཤིན་ཏུ་ལྕི་བའི་སྐྱེ་བོ་དེ་དག དེ་བཞིན་མཛེས་སྡུག་ལྡན་པའི་བྱ་དངོས་མཐའ་དག་གི་ཆེད་དུ་བརྩོན་འགྲུས་བསྟེན་པའི་སྐྱེ་བོ་དེ་དག་བཅས་ལ། ང་ཚོས་དབུགས་སྒོམ་སྟེ་རྣ་བ་བླགས་དགོས། གང་ལྟར། ཁོ་ཚོས་རང་ཚུགས་ཐུབ་པའི་དགག་བསྒྲུབ་སྨྲ་བའི་ཁུར་བླངས་ཏེ། དགོས་པ་ཤིན་ཏུ་ཆེ་བའི་མེ་ལོང་ཞིག་ཁྱེར་ནས་ཆབ་སྲིད་དང་དབང་ཆ་ལ་རྟོག་ཞིབ་བྱས་ཀྱང་རུང་ཞིང་། ཐད་ཀར་ཆབ་སྲིད་ལ་ཐེ་ཇུས་བྱས་ནའང་བླའོ། །

མི་སྣ་འདི་གཉིས་ནི་ཕན་ཚུན་ལ་ཤིན་ཏུ་མི་མཚུངས་པ་ཡིན་ནོ། །ངའི་གྲོགས་པོ་ཐི་མོའུ་ཅར་ཐྲུན་ཨར་གྱི་འདི་དང་འབྲེལ་བའི་ལྟ་ཚུལ་ནི་ཤིན་ཏུ་བདེན་ཏེ། སྔར་ངས་ཁོ་དང་མཉམ་དུ་གནད་དོན་འདིར་ལོ་ངོ་འགའི་རིང་ལ་བགྲོ་གླེང་བྱས་མྱོང་། ཡིན་ནའང་། ལྟ་ཚུལ་འདིའི་རིགས་ནི་ཧ་ཅང་གསལ་པོ་ཡིན་མོད་ཀྱི། དེའི་ཕྱིར་དུ། ང་ཚོས་ཤེས་ཡོན་ཅན་འདིའི་རིགས་ནི་སློབ་གྲྭ་ཆེན་མོ་དང་། སྨྱན་སྦྱོར་སྡེ་ཁག་ཁོ་ནར་གཞིས་བཅའ་དགོས་པ་ལས། ཆབ་སྲིད་ཀྱི་ཁོངས་སུ་ཕེབས་མི་ཆོག་པར་འདོད་མི་རུང་སྟེ། དེ་ལས་ལྡོག་སྟེ། སྐྱེ་བོ་་འདིའི་རིགས་ཇི་ལྟར་མང་པོས་ཆབ་སྲིད་ལ་ཐད་ཀར་ཐེ་ཇུས་བྱས་ཚེ། ང་ཚོའི་འཇིག་རྟེན་ཡང་དེ་ལྟར་དུ་མཛེས་སྡུག་ལྡན་པ་ཆགས་ངེས། དེའི་ངོ་བོ་ལ་གཞིགས་ཚེ། ཆབ་སྲིད་ཀྱིས་དེར་གནས་པའི་སྐྱེ་བོ་རྣམས་ཀྱི་དོ་སྣང་གི་ཡུལ་དུ་གྱུར་པ་ནི་སྐབས་རྗེས་མའི་འདེམས་བསྐོས་དང་ཐད་ཀར་འབྲེལ་བ་ཡོད་པའི་འཕྲལ་ཡུན་གྱི་གནད་དོན་དུ་འགྱུར་བར་བསླུ་བྲིད་བྱེད་ཀྱི། ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་སུ་འབྱུང་ངེས་པའི་དོན་དག་ནི་མ་ཡིན་ནོ། །དེས་ཁོ་ཚོར་ཤོག་ཁག་གི་ཁེ་ཕན་འཚོལ་སྙེག་བགྱིད་པར་བཙན་ཤེད་བྱེད་ཀྱི། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཕན་བདེ་ནི་མ་ཡིན་པ་དང་། མི་རྣམས་མཉན་པར་སྤྲོ་བའི་གཏམ་ཁོ་ན་འཆད་ཀྱི། མི་རྣམས་མཉན་མི་སྤྲོ་བའི་གཏམ་ནི་མི་སྨྲ་བར་འདུག་སྟེ། མཐའ་ན་བདེན་པ་ཉིད་ལའང་སེམས་ཆུང་བག་ཟོན་བྱས་ཏེ་ལྟའོ། །རེད་དེ། དེ་ནི་ཤེས་ཡོན་ཅན་གྱིས་ཆབ་སྲིད་ཀྱི་སྟེགས་བུར་གོ་གནས་འཛིན་པར་ངོ་རྒོལ་བྱེད་པའི་རྒྱུ་མཚན་དུ་མི་ཡོང་། དེ་ལས་ལྡོག་སྟེ། འདི་ནི་འགྲན་རྩོད་རིགས་ཤིག་སྟེ། དེའང་གང་ལྕོགས་ཅི་ནུས་ཀྱིས་ཁོ་ཚོ་ཆབ་སྲིད་ཀྱི་སྟེགས་བུར་ཁྲིད་འོང་དགོས། གང་ལྟར། གོ་ལ་རང་བཞིན་གྱི་རྟེན་ཅིང་འབྲེལ་བའི་དཔལ་ཡོན་གྱི་ལས་དབང་ལ་ཁ་ལོ་བསྒྱུར་དགོས་ཚེ། རྟེན་ཅིང་འབྲེལ་འབྱུང་འདི་དག་ལ་ངེས་ཤེས་དྲག་པོ་རྙེད་པའི་སྐྱེ་བོ་དེ་དག་དང་། རྟེན་ཅིང་འབྲེལ་འབྱུང་འདི་དག་དོ་ཁུར་གྱི་ཡུལ་དུ་གྱུར་པའི་སྐྱེ་བོ་དེ་དག དེ་བཞིན་འཛམ་གླིང་ཧྲིལ་པོར་འགན་ཁུར་གྱི་རྣམ་འགྱུར་འཛིན་པའི་སྐྱེ་བོ་དེ་དག་བཅས་ལས་ལྷག་པའི་གང་ཟག་སུ་ཞིག་ལ་ད་གཟོད་དེའི་ཐོབ་ཐང་ཡོད་སྲིད་དམ།

(ཧྭ་ཨེལ་ནི། ཟློས་གར་རྩོམ་པ་པོ་དང་། ཛེ་ཁི་རྒྱལ་ཁབ་ཀྱི་དམངས་བསྐོས་སྲིད་འཛིན་ཐོག་མ་ཡིན་པར་གྲགས། འགྱུར་རྩོམ་འདིའང་རྩོམ་པ་པོ་གང་གི་རྩོམ་ཡིག་ཅིག་ལས་ཁ་བྱང་རང་སོར་བཞག་ཅིང་སྨད་ཆ་བདམས་ཏེ་རྒྱ་ཡིག་ལས་བསྒྱུར་བ་ཡིན་ནོ། །ཞེས་སྒྱུར་པ་པོས།)

སྒྱུར་པ་པོའི་མཆན།

སྒོ་ཀུན་གྱི་སྤྱི་ཚོགས་བཟོ་ལས། རྩོམ་གྱི་སྟོད་ཆར། བརྡ་ཆད་འདི་ལ་འགྲེལ་པ་འདི་སྐད་ཅིག་བརྩམས་འདུག་སྟེ། “བདེན་དཔང་ར་སྤྲོད་ཐོབ་པའི་ཕོ་ཕེར་གྱི་གཞི་རྩའི་སྐྱོན་བརྗོད་དེ་དག་གི་ཁྲོད་ཀྱི་དམིགས་ཡུལ་གཅིག་ནི། ཁོ་རང་གིས‘སྒོ་ཀུན་གྱི་སྤྱི་ཚོགས་བཟོ་ལས’ཞེས་པར་བསྙད་པའི་སྣང་ཚུལ་ཞིག་ཡིན་པ་དང་། ཁོས་བརྡ་ཆད་འདི་ལ་བརྟེན་ནས་རེ་འདུན་འདི་འདྲ་ཞིག་འཆད་རེ་བྱེད་ཀྱིན་འདུག་སྟེ། དེ་ཡང་། སྔོན་དཔག་བྱས་པའི་འདུ་ཤེས་འཛིན་སྟངས་གང་ཞིག་གཞིར་བཞག་ཐོག གོ་ལའི་ཁྱབ་ཁོངས་ནས་ཡོངས་སུ་རྫོགས་ཤིང་མཐའ་གཅིག་ཏུ་འཛམ་གླིང་སྔར་བས་མཛེས་སྡུག་ལྡན་པར་བྱ་དགོས་སོ། །འདུ་ཤེས་འཛིན་སྟངས་གང་གིས་རང་ཉིད་ཀྱིས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་མཐའ་དག་ཁོང་དུ་ཆུད་པར་སྨྲ་བ་མ་ཟད། མཐར། ཕྱོགས་བསྡུས་དང་ལྡན་ཞིང་། སྒོ་ཀུན་ནས་ཆོས་ཉིད་འདི་དག་ཐམས་ཅད་ཡོངས་སུ་མངོན་འགྱུར་འབྱུང་ཐུབ་ཚུལ་ཞིག་འཆད་ཡོད་པ་གདའ། རེད་དེ། ཕོ་ཕེར་གྱི་གསལ་པོར་བསྟན་དོན། མིའི་རིགས་ཀྱི་བསམ་གཞིགས་བྱེད་སྟངས་དང་བྱ་སྤྱོད་འདིའི་རིགས་ནི། ཐལ་མཐའ་རིང་ལུགས་བསྐྱེད་པའི་རྒྱུ་རུ་ཟད་དོ། །” ཞེས་སོ། །