བོང་སྟག་ནི་མཚོ་སྔོན་པོའི་ནུབ་ཕྱོགས་ཀྱི་འབྲོག་སྡེ་གཉོམ་ཆུང་ཞིག་སྟེ། སྔོན་གྱི་དུས་ནས་བཟུང་ཡུལ་འདི་ལ་བོང་སྟག་ཏུ་འབྲི་བར་སྐད། ད་ལྟ་དེ་རུ་སྐད་ཆ་བཤད་སྤོབས་མེད་པའི་རྩོམ་མཁན་རེ་འགའ་ཡོད་པར་མ་ཟད། སྔོན་ཐོན་གྱི་ལས་སུ་བརྩོན་པའི་ལས་བྱེད་པ་ཁ་ཤས་དང་ཞབས་འདྲེན་གྱི་ལས་ལ་ཞུགས་པའི་མི་མི་ཉུང་བ་ཞིག །གྲོང་ཁྱེར་ལ་འཚོལ་སྙེག་བྱེད་ཀྱིན་པའི་མི་གྲངས་ཁྲི་གཉིས་གསུམ་བརྒལ་བ་བཅས་ཡོད་དོ།།

རྫོང་མཁར་འདི་རུ་མི་རིགས་སློབ་གསོའི་དོན་དུ་ཤ་འབད་རུས་འབད་བྱེད་ཀྱིན་པའི་དགེ་རྒན་དང་སློབ་མ་རེ་འགའ་ཡོད་ལ། ཁོ་ཚོ་ནམ་ཡང་རྫོང་མཁར་འདིའི་གྲག་མེད་འགུལ་མེད་ཀྱི་གྲུ་ཟུར་ཞིག་ཏུ་ཁེར་རྐྱང་ངང་བསམ་གཞིགས་ཀྱི་གནས་སུ་ལྷུང་ནས་ཡོད། དེ་ནི་ཁོ་ཚོས་ལོ་ངོ་བཅུ་ཕྲག་འགའི་རྗེས་ཀྱི་སློབ་གསོའི་མདུན་ལམ་ལ་འཆར་གཞི་བཟོ་བཞིན་པ་ཡིན་ཀྱང་སྲིད་ལ། རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་ཐོན་གྱིན་པས་ཡིན་ཀྱང་སྲིད། གང་ལྟར་ཁོ་ཚོའི་འགྲོ་སྟངས་དང་བྱ་སྤྱོད་ལ་སུས་ཀྱང་རྒྱུས་ལོན་ཐུབ་ཀྱིན་མེད་པས། ཁོ་ཚོར་དོ་སྣང་དང་རེ་བ་འཛིན་མཁན་ཧ་ཅང་ཉུང་། དེ་ལས་རྟ་རྒྱུག་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་ཡིན་པ་ལྟ་བུའི་སྐད་ཆ་ཁུངས་ལུང་མེད་པ། འདང་རྒྱག་མེད་པ། སྙིང་བོ་མེད་པ་རེ་བཤད་ནས་ཉི་མ་གཏོང་མཁན་ཧ་ཅང་མང་ངོ་།།

ཡུལ་ལུང་འདིའི་རྒན་པ་གཙོ་བྱས་གཞོན་པ་རྣམས་ཀྱིས་རང་གི་བུ་རབས་ཚ་རྒྱུད་ཁྲིད་ཅིང་། རི་ལ་ཐང་གི་ཁྱིམ་གཞིས་སྐྱུར་ནས་གྲོང་ཁྱེར་གྱི་འཚོ་བ་རོལ་དུ་བུད་སོང་། ཁོ་ཚོས་རང་གི་མེས་པོ་གོང་མ་རྣམས་ཀྱི་འཚོ་བ་རྩ་བ་ནས་བརྗེས་ཤིང་། རི་ཆུ་ནགས་གསུམ་སྐྱུར། ཕྱུགས་ཟོག་དང་རི་དྭགས་སྐྱུར། བྱ་བྱེའུ་འབའ་འབུ་སོགས་ཀྱང་སྐྱུར་ནས་འཕེལ་རྒྱས་ཡིན་སྐད་ཀྱི་ལམ་དུ་ཀྲོང་ངེར་འགྲེང་ཡོད། ཉིན་དེ་ནས་བཟུང་ཁོ་ཚོས་རང་གི་ལུས་ཕུང་ལ་ནད་དུག་གིས་ཟིན་པའི་གདོང་འབག་གྱོན་མགོ་ཚུགས་པ་དང་བདེན་པ་དོར་བའི་ཚོགས་ཁག་ཅིག་ལ་ཞུགས་ཅི་ཐུབ་གང་ཐུབ་བྱས། ངས་བསམ་ན། གལ་ཏེ་མུ་མཐུད་ནས་འདི་ལྟ་བུའི་ལམ་ཁ་ཞིག་བཙལ་ཞིང་སྙེག་ཚེ། ལོ་ངོ་རེ་འགའ་སོང་བའི་རྗེས་སུ་ང་ཚོ་ཉམས་རྒུད་ཀྱི་གནས་སུ་ལྷུང་ངེས་ལ། བོང་སྟག་ཅེས་པའི་ཡུལ་ལུང་འདིའི་རི་ལུང་ཐང་གསུམ་ཀྱང་རིགས་རྒྱུད་གཞན་ཞིག་གིས་བདག་ཏུ་འཛིན་པར་ཐེ་ཚོམ་མེད་དོ།། དེ་དུས་ང་ཚོས་རང་ས་རང་ཡུལ་ཤོར་སོང་ཞེས་ངུ་དགོས་སམ་འཕེལ་རྒྱས་ལམ་ཁར་སླེབས་སོང་ཞེས་དགོད་དགོས། ཁྱེད་ཅག་ཚོས་འདང་ཞིབ་མོ་ཞིག་རྒྱག་རོགས་ཞུ་ཞུ།།

སྤྱིར་ན་ང་ཚོས་ཕྱུགས་ཟོག་འཚོ་སྐྱོང་བྱས་ཤིང་རྟ་རྒྱུག་རྒྱལ་འཇོག་བྱས་ཏེ་ལོ་ངོ་མང་པོ་ཞིག་འདས་ཀྱིན་ཡོད་ལ། བྱིས་པ་སློབ་གྲྭར་བསྐྱལ་ཞིང་ཁྱིམ་ཚང་གཅིག་བསྡུས་བྱས་ནས་ཀྱང་ལོ་ངོ་བཅུ་ཕྲག་འགའ་འདས་ཡོད་ཚོད་ཡིན། ད་དུང་མུ་མཐུད་ནས་འཕེལ་རྒྱས་ཡིན་སྣང་གི་ལམ་ཁ་ཞིག་སྙེག་ནས་སྔོན་ཐོན་དང་དཔལ་ཡོན་ཡིན་པ་ལྟ་བུའི་གྲོང་ཁྱེར་གྱི་ཕྱོགས་སུ་འདུར་གྱིན་ཡོད་ནའང་། དཔལ་འབྱོར་འཕེལ་རྒྱས་དང་རང་དབང་དམངས་གཙོ། རང་སྟོབས་རང་སྤེལ་དང་རང་ས་རང་སྐྱོང་སོགས་ལ་གོ་བ་ངོ་མ་ཞིག་ལོན་མེད་པར། མག་མོག་རབ་རིབ་ཀྱི་འཚོ་བ་ཞིག་རོལ་ནས་མི་ཚེ་ཟད་ཀྱིན་འདུག

     ཡེ་ལོ༢༠༡༨ལོའི་ཟླ་དྲུག་པའི་ཚེས་གཅིག་ཉིན་མདོ་སྨད་བོང་སྟག་ནས་བྲིས།