ཁ་སང་ཕྲན་གྱིས“རང་སྡེ་ལ་ཤེས་ཡོན་ཅན་ག་ཚོད་ཡོད”ཅེས་པའི་དྲི་བ་ཞིག་འཕངས་པར་སྐད་འཕྲིན་སྒང་གི་གྲོགས་མང་ཆེ་ཤོས་ཀྱིས་ཁ་བདེ་ཁོག་གྲིམ་གྱི་བཟོ་འདྲ་བསྟན་ནས་བསྡད་བྱུང་། ཡང་ལ་ཤས་ཀྱིས་ནི་སྐྱེས་བུ་སྐོར་ཞིག་གི་མཚན་བགྲངས་རྗེས་ཅང་མ་འགོར་བར་བསུབས་པར་བྱས། ཡང་ཁ་ཤས་ཀྱིས་ནི་ཅིག་དང་ཉིག་ཡོད་ཅེས་ཚབ་ཚིག་རེ་སྟོན་པ་ལས་མཚན་དངོས་ནས་འབོད་མི་ཕོད།

ང་ཚོ་ལ་ཤེས་ཡོན་ཅན་མེད་སོང་བ་ཡིན་ནམ། དེའང་ག་ལ་ཡིན་ཏེ་ཡིན་མི་སྲིད།

ང་ཚོ་ལ་ཤེས་ཡོན་ཅན་མ་མཁོ་བ་ཡིན་ནམ། དེའང་ག་ལ་ཡིན་ཏེ་ཡིན་མི་སྲིད།

རང་རེའི་རིག་གནས་ཀྱི་སྡེ་རུ་ཤེས་ཡོན་ཅན་གྱི་སྐོར་གླེངས་ནས་ལོ་མང་པོ་འགོར་སོང་། རྒྱ་ནག་གི་ཤེས་ཡོན་ཅན་གླེངས་མྱོང་ལ། ཨུ་རུ་སུའི་ཤེས་ཡོན་ཅན་ཡང་གླེངས་མྱོང་། ཕྱི་གླིང་གི་ཤེས་ཡོན་ཅན་གླེངས་མྱོང་ལ། གངས་ལྗོངས་ཀྱི་ཤེས་ཡོན་ཅན་ཡང་གླེངས་མྱོང་། ད་ནི་རང་ཚོད་ཀྱིས་ཤེས་ཡོན་ཅན་ཞེས་པར་གོ་བ་ཞིག་ཆགས་ཡོད་ཚོད་ཡིན། དེ་ལྟ་ནའང་ཚང་མ་ཤེས་ཡོན་ཅན་གྱི་སྐོར་བགྲོ་གླེང་གནང་རྒྱུར་དོགས་ཤིང་། ཤེས་ཡོན་ཅན་ཡོད་མེད་རྩི་རྒྱུར་ཡང་འཛེམ། ཤེས་ཡོན་ཅན་མེད་དོ་ཞེ་ན་རང་ཉིད་ཤེས་ཡོན་ཅན་དུ་རློམ་མཁན་མང་བ་དང་། ཤེས་ཡོན་ཅན་ཡོད་དོ་ཞེ་ན་གང་དེར་ཕྲག་དོག་དང་མ་དགའ་བའི་རྣམ་འགྱུར་སྟོན་མཁན་དེ་བས་ཀྱང་མང་།

ངས་བལྟས་ན། ཞོགས་དུང་ལགས་ནི་ཤེས་ཡོན་ཅན་དུ་རྩི་ཆོག་ཆོག་ཡིན། ཚ་བ་མདའ་སྨྱུག་ལགས་ནི་ཤེས་ཡོན་ཅན་དུ་བགྲང་ཆོག་ཆོག་ཡིན། ཞོགས་ལྗང་ལགས་ནི་ཤེས་ཡོན་ཅན་དུ་འདེམ་ཆོག་ཆོག་ཡིན། ཁོང་ཚོ་ནི་བློ་སྟོབས་དང་སྙིང་སྟོབས་དང་རིག་སྟོབས་དང་ཤན་སྟོབས་སོགས་གང་ཐད་ནས་ཤེས་ཡོན་ཅན་གྱི་མཚན་ཉིད་དང་ཐག་ཉེ་བར་ཡོད་ཅིང་། ཤེས་ཡོན་ཅན་གྱི་གསེར་གྱི་དབུ་ཞྭ་དེ་ཡང་ཁོང་ཚོ་ལ་མཛའ་ཞིང་རན།

ཁོང་ཚོ་མ་གཏོགས་པའི་ཡོན་ཏན་པ་དང་རིག་གནས་པ་ནི་སྐྱ་སེར་གཉིས་ཀྱི་སྡེ་ན་མང་པོ་འདུག་མོད། ཤེས་ཡོན་ཅན་གྱི་རྒྱ་ཁར་བཞག་ཚེ་ཡང་ཞིང་གཡོ་བའོ། །དཔེར་ན་འཇུ་སྐལ་བཟང་ལགས་ནི་ཤེས་ཡོན་ཅན་དུ་མི་འགྲོ་ལ། རྒྱ་ཡེ་བཀྲ་བྷོ་ལགས་ཀྱང་ཤེས་ཡོན་ཅན་དུ་མི་ཚུད། དེ་བཞིན་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ནི་ཤེས་ཡོན་ཅན་དུ་གཏོགས་དཀའ་ལ། རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱང་ཤེས་ཡོན་ཅན་དུ་ཐེ་དཀའ།

ཤེས་ཡོན་ཅན་ཞེས་པ་དེ་འུར་བརྒྱབ་པ་ཙམ་གྱིས་མི་འོང་ཞིང་། ངག་སྒོ་ཡངས་པ་ཙམ་གྱིས་ཀྱང་ག་ལ་འོང་། ཤེས་ཡོན་ཅན་ཞེས་པ་དེ་ཤེས་རབ་འབར་བ་ཙམ་གྱིས་ཀྱང་མི་ཆགས་ཤིང་། རྩོམ་རེ་གཉིས་བྲིས་པ་ཙམ་གྱིས་ཀྱང་ག་ལ་ཆགས།

ཤེས་ཡོན་ཅན་ཞེས་པ་ནི་བདེན་པ་གཅེར་བུ་ཁོ་ནར་བསྟེན་ཅིང“ས་ལ་འབབ་པའི་ཆུ་མི་འཐུང་བའི”དམ་ཚིག་ཅན་ཞིག་ཡིན་ངེས། ཤེས་ཡོན་ཅན་ཞེས་པ་ནི་རྒྱུ་འབྲས་བློ་མིག་ཐོད་ལ་འཛིན་ཞིང“ལྐུག་པའི་འཛུམ་དང་ཕྱུག་པོའི་ལེགས་སོ”ལ་ནམ་ཡང་རེ་བ་མི་བྱེད་པའི་ཁེར་ཚུགས་ཅན་ཞིག་ཡིན་ངེས།

ཁོ་བོར་མཚོན་ན་རང་སྡེ་རུ་ངེས་པ་དོན་གྱི་ཤེས་ཡོན་ཅན་མང་པོ་འཁྲུང་བར་རེ་ལྟོས་བྱེད་ཅིང་། ནམ་ཞིག་ལ་ང་ཚོ་ལའང་དོགས་པ་དང་འཚེར་སྣང་ཅི་ཡང་མེད་པའི་སྒོ་ནས་ཤེས་ཡོན་ཅན་འདི་དང་གན་ནོ་ཞེས་མཛུབ་མོ་ནང་འགུག་གིས་བརྩི་རྒྱུ་བྱུང་ན་ཅི་མ་རུང་སྙམ་གྱི་ཡོད།

ང་ཚོ་ལ་ཤེས་ཡོན་ཅན་མེད་པ་མ་ཡིན་ཏེ། ས་རང་རང་ཚོད་ཀྱི་ཤེས་ཡོན་ཅན་ནི་ཡོད་དང་ཡོད། རང་སྡེ་ལ་ཤེས་ཡོན་ཅན་གྱི་བསོད་སྐལ་མེད་པ་མ་ཡིན་ཏེ། རང་མི་རང་ཡུལ་ན་བས་མཐར་གནས་པའོ། །

འདིར་ཞར་བྱུང་དུ་ཤེས་ཡོན་ཅན་གྱི་ལམ་ཁར་ཞབས་པད་འཁོད་ཟིན་པ་དང་འཁོད་གྲབས་ཡོད་པའི་རྣམ་དཔྱོད་དང་ལྡན་པ་དག་གམ། ཡང་ན་ཤེས་ཡོན་ཅན་གྱི་དཔའ་མིང་ལ་རེ་བའི་བློ་གྲོས་དང་ལྡན་པ་རྣམས་ལ་འདི་ལྟར་ཡང་སྨྲ་བར་འདོད་དེ། རིག་གནས་དགག་སྒྲུབ་ཅེས་སུ་ཞིག་སྤྱོ་བ་དང་སྡིགས་པ་དང་གཤེ་བ་སོགས་ནི་ཤེས་ཡོན་ཅན་ལ་མཛེས་མ་ཡིན་ནོ། །བསམ་བློ་རང་དབང་ཞེས་ཇི་ཞིག་སྒྲོ་འདོགས་དང་སྐུར་འདེབས་དང་ཕུང་ཀྲོལ་སོགས་ནི་ཤེས་ཡོན་ཅན་ལ་མཛེས་མ་ཡིན་ནོ། །བདེན་པ་དོན་གཉེར་ཞེས་ཅི་ཞིག་སྙད་བརྐོ་བ་དང་དབྱེན་དཀྲུག་པ་དང་ཅོ་འདྲི་བ་སོགས་ནི་ཤེས་ཡོན་ཅན་ལ་མཛེས་མ་ཡིན་ནོ། །ཞེས་བྱའོ། །

ཡང་རེ་བ་ཆུང་ཆུང་ཞུ་ཡ་ཞིག་ལ། ༀ་འབར་ལགས་དང་ཟུར་གསུམ་མ་ལགས་སོགས་ཤེས་ཡོན་ཅན་གྱི་ལམ་ཁ་ནས་ཕྱིར་མི་ལྡོག་པའི་དད་པ་བརྟན་པོ་ལྡན་པའི་རེ་བ་མི་ཆུང་བ་ཡོད། སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་སོགས་ཤེས་ཡོན་ཅན་དང་ཆོས་པའི་འགལ་འདུ་ལ་མི་རྨོངས་མི་འཛོལ་པའི་རེ་བ་མི་ཆུང་བ་ཡོད། གུར་མགོན་སྐྱབས་ལགས་དང་རྨེ་རུ་ཡུལ་ལྷ་ཐར་ལགས་སོགས་ཤེས་ཡོན་ཅན་གྱི་ལམ་ཁར་བློ་སྤོབས་ཆེར་བསྐྱེད་ཀྱིས་འཇུག་པའི་རེ་བ་མི་ཆུང་བ་ཡོད། ཐེའུ་རང་ལགས་དང་དགུ་རོང་སྤུན་གྲོལ་ལགས་སོགས་ཤེས་ཡོན་ཅན་གྱི་དྲང་ལམ་དུ་ཞུགས་པའི་རེ་བ་མི་ཆུང་བ་ཡོད་པ་བཅས་སོ། །

སྤྱི་ལོ2016ལོའི་ཟླ7པའི་ཚེས17ལ།

ཟུར་བཀོད།

ཨ་མཚར་མཚར་དགུ་དང་ཨ་ཀྲབ་ཀྲབ་དྲུག

ཤེས་ཡོན་ཅན་ནི་འདི་དང་གན་ལྟ་བུའོ་ཞེ་ན་དེར་མཚན་ཉིད་དང་མཚན་དཔེ་ཞོག་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་ནི་བསམ་བློའི་ཆེད་དུ་འཚོའོ་ཞེ་ན་དཔེ་ཆ་པའང་གང་དེར་གཏོགས་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་ནི་རང་ཅག་ལ་མཁོ་གལ་ཆེའོ་ཞེ་ན་རིགས་སུ་མཐུན་པ་ཨང་རིམ་སྒྲིག་གི་འདུག་ཅེས་པ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་གྱི་བླ་སྲོག་ནི་རྒྱུ་འབྲས་བློ་མིག་གོ་ཞེ་ན་ཤེས་ཡོན་དང་ལག་རྩལ་ཡོད་ན་དེ་གའི་ཡན་ཡིན་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་ནི་མི་རིགས་གང་དེའི་སྒལ་ཚིགས་ཡིན་ཅེ་ན་ཀུན་སྤྱོད་ཀྱི་ཐིག་ཤིང་ཁྱོད་ཀྱི་ལག་ན་མེད་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་གྱི་གསེར་གྱི་དབུ་ཞྭ་ནི་མི་སུ་ཡིན་ཀྱང་ཚོད་ཚོད་ལ་མནབ་ཐུབ་པ་ཞིག་མ་ཡིན་ཅེ་ན་ཆེ་གེ་མོ་སོགས་ཡོན་ཏན་པའི་གྲས་ནས་འཕུད་ཀྱི་འདུག་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་གླེང་ན་དགྲ་གྲོགས་དང་བཟང་ངན་གྱི་དབྱེ་བ་གཅོད་ཀྱི་འདུག་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་ལ་རེ་བ་བཏོན་ན་རང་ཉིད་ཚད་མར་མ་རློམ་ཟེར་བ་འདི་ཨ་མཚར་མཚར། ཤེས་ཡོན་ཅན་གླེང་བ་ལ་ཕྱི་གླིང་གི་སྐད་ཡིག་མཁྱེན་དགོས་ཟེར་བ་འདི་ཨ་མཚར་མཚར།

སྙན་ངག་པ་བར་སྣང་གི་ཕོ་བྲང་ན་ཀྲབ་ཀྲབ་ཀྲབ། ཡོན་ཏན་པ་ཚིག་ཤོམ་གྱི་ཡིག་གསེང་ན་ཀྲབ་ཀྲབ་ཀྲབ། ཞིབ་འཇུག་པ་ལས་གཞི་ཡི་ཁུང་སྒོ་ན་ཀྲབ་ཀྲབ་ཀྲབ། དཔྱད་བརྗོད་པ་བརྡ་ཆད་ཀྱི་ཞིང་ནང་ན་ཀྲབ་ཀྲབ་ཀྲབ། དཔེ་ཆ་པ་གཞུང་ལུགས་ཀྱི་དར་ཐོག་ན་ཀྲབ་ཀྲབ་ཀྲབ། སྒྱུ་རྩལ་པ་ཁྲ་ཆིལ་གྱི་གར་སྟེགས་ན་ཀྲབ་ཀྲབ་ཀྲབ།