རོད་དགོན་སྔ་འགྱུར་པདྨ་ཆོས་གླིང་།

ནུབ་རིའི་ལུང་པ(གྲོང་ཚོ13)དང་ཙུམ་ལུང་པ(གྲོང་ཚོ19ཙམ)གཉིས་ཀྱི་ཡུལ་མི་མང་པོ་ཐུག་ན། བྲེལ་འཚུབ་ཀྱི་དབང་གིས་ཁོང་ཚོར་འབྲེལ་འདྲིས་བྱེད་མ་ཐུབ་པ་ནམ་ཡང་འཁང་ར་ཞིག་མིན་ནམ། རྗེས་སུ་ནུབ་རིའི་རོད་གྲོང་ཚོའི་བུ་མོ་བཀྲ་ཤིས་གཡང་འཛོམས་(ས་མཐའི་ནང་མི)བརྒྱུད་ནས་བལ་ཡུལ་བཀའ་རྙིང་བཤད་སྒྲུབ་གླིང་གི་མཁན་པོ་ལས་ཐོག་ནུབ་རིའི་མཁན་པོ་རྒྱལ་མཚན་ལ་འབྲེལ་བ་བྱུང་སོང་།

གློད་དགོན་སྔ་འགྱུར་དཔལ་ཡུལ་བྱང་ཆུང་གླིང་།

མཁན་པོ་རྒྱལ་མཚན་ལགས། ཁམས་བཟང་།

ཉིད་ཀྱིས་མཛད་པའི་((སྟོད་ནུབ་རིའི་སྐོར་མདོ་ཙམ་བརྗོད་པ))ཞེས་པའི་ལོ་རྒྱུས་ཀྱི་དེབ་དེ་ལོ་སྔོན་མར་ན་གཞོན་ཉམས་ཞིབ་པ་ཤ་བོ་རྟ་མགྲིན་བརྒྱུད་ནས་པར་སློག་ཅིག་ངའི་ལག་ཏུ་འབྱོར་ཞིང་། ངས་ཐེངས་འགར་མཇལ་བ་ཡིན། ཡིན་ཡང་མཁན་པོ་ལགས་ལ་བཀའ་འདྲི་ཞུ་འདོད་པ་ནི། ནུབ་རིའི་ལུང་པ་ནི་བོད་ཀྱི་ས་ཆ་གང་ལ་འབྲེལ་བ་ཆེ་ཞིང་། དེང་སང་རྒྱལ་ཁོངས་དང་མངའ་སྡེ། རྫོང་གང་སོགས་ན་གནས་པའི་སྐོར། དེ་མིན་གྲོང་ཚོ་དང་མི་འབོར་ག་ཚོད་ཡོད་མེད།ཆོས་བརྒྱུད་གང་དང་འབྲེལ་བ་ཆེ་ཚུལ་བཅས་མཁན་པོས་རོབ་ཙམ་ཅིག་གསུང་རོགས་མཁྱེན།

གསེར་སྦྲང་དགོན་གསང་ཆེན་རབ་བརྟན་ནོར་བུ་གླིང་།

དྲིས་ལན། ནུབ་རིའི་མཁན་པོ་རྒྱལ་མཚན་གྱིས།

སྟོད་ནུབ་རིའི་ལུང་པ་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐཱ་མན་གྲུའི་བྱང་ཕྱོགས། བལ་བོད་གཉིས་ཀྱི་ས་མཚམས་སུ་ཆགས་ཤིང་། སྔོན་དུས་སུ་ནུབ་རི་འདི་ཉིད་མངའ་རིས་སྨད་མང་ཡུལ་གུང་ཐང་གི་ཆར་གཏོགས་པའི་ཁུངས་ནི། ((མངའ་རིས་མང་ཡུལ་གུང་ཐང་གི་ལོ་རྒྱུས))ལས། ནུབ་རི་མཐའ་འཁོབ་ཁ་གནོན་དུ། །རོད་ཀྱི་བྲག་རྫོང་ནག་པོ་བརྩིགས། །ཞེས་མངའ་རིས་གུང་ཐང་རྒྱལ་པོའི་སྐབས་སུ་མཐའ་དམག་གི་ཁ་གནོན་དུ་མངའ་རིས་ཀྱི་ས་མཐའ་ཡོངས་ལ་རྫོང་ཆེན་མི་འདྲ་བ་བཅོ་བརྒྱད་ཙམ་བཙུགས་ཡོད་པའི་ཁྲོད་ཀྱི་གཅིག་ནི། ད་ལྟ་ནུབ་རི་རོད་དུ་ཡོད་པའི་བྲག་རྫོང་ནག་པོ་ཞེས་པ་དེ་ཡིན་ཞིང་།དེའི་མཁར་དང་གྱང་ཤུལ་མངོན་སུམ་གྱིས་མཐོང་རྒྱུ་ཡོད། ཁྱད་པར་དུ་ཡུལ་ལུང་འདིར་བལ་ཡུལ་གྱི་ཁྲིམས་ཙམ་མ་ཟད་སྔར་གྱི་མེས་པོ་དམ་པའི་ལམ་སྲོལ་ལ་གཅེས་སྤྲས་ཀྱིས་བོད་ཁྲིམས་ཀྱང་ད་ལྟའི་བར་ལག་བསྟར་བྱེད་བཞིན་ཡོད་པས།ལུང་པ་གཅིག་ལ་ཁྲིམས་ལུགས་གཉིས་ཡོད་པ་ཤེས་ཐུབ།  འོ་ན་དུས་རབས་ག་དུས་ནས་གོར་རྒྱལ་གྱི་མངའ་འོག་ཏུ་ཚུད་པ་ཡིན་ནམ། ཕལ་ཆེར་དུས་རབས་ 18 པའི་སྨད་ཙམ་ནས་གོར་རྒྱལ་ཛང་ཁ་བྷ་དྷུར་གྱི་དམག་དཔུང་གིས་མཐའ་མཚམས་ཕལ་ཆེར་བལ་པོར་བླང་བའི་ལོ་རྒྱུས་ལ་དཔག་ན་ད་བར་མི་ལོ་230 ལྷག་ཙམ་འགོར་སོང་པ་བརྗོད་ཆོག འོན་ཀྱང་དེ་དུས་ས་མཚམས་དབྱེ་འབྱེད་མ་ཐུབ་པར་དུས་ཡུན་རིང་པོར་ལུས་ན། ནུབ་རིའི་ལུང་པའི་མི་སེར་རྣམས་ད་དུང་བོད་ཀྱི་མངའ་ཞབས་སུ་གཏོགས་པ་ལས་བལ་པོའི་མངའ་ཞབས་མིན་པ་ཐེ་ཚོམ་ཙམ་ཡང་མ་བྱུང་།གང་ཡིན་ཟེར་ན། དུས་རབས་བཅུ་དགུ་པའི་འགོ་ཡས་མས་བར་དུ་ནུབ་རུའི་ལུང་པའི་མི་ཟོག་དང་ཚོང་ཁྲལ་ཕར་བོད་ལ་འཇལ་གྱིན་ཡོད་པ་བགྲེས་པོའི་བཤད་རྒྱུན་ཉན་ན་ཤེས་ཐུབ། རྗེས་སུ་བལ་བློན་པཎ་ཌས་ཀྱིས་མཐའ་མཚམས་རྣམས་བལ་རྒྱལ་གྱི་མངའ་འོག་ཡིན་པ་ཤེས་ཆེད་དུ་བལ་རྒྱལ་གྱི་ཟངས་ཀྱི་ཐམ་ཀ་རྟགས་མ་རེ་བྱིན་པར་གྲགས་པར་བསམ་ན།དུས་དེ་ནས་བཟུང་།མཐའ་མཚམས་ཧི་མཱ་ལའི་ས་ཁུལ་(བལ་པོའི་བོད་རིགས)རྣམས་བལ་པོས་ཡོངས་སུ་དབང་བསྒྱུར་བྱས་པ་མངོན་ནོ།།

ནུབ་རིའི་ལུང་པ་ནི་བལ་ཡུལ་རྒྱལ་ས་ཀ་ཐཱ་མན་གྲུའི་བྱང་ཕྱོགས་དང་། བོད་ནས་བརྩིས་ན་ནུབ་ངོས་སུ་ཁེལ་བས་དེའི་ཕྱོགས་ཀྱི་བལ་བོད་ཀྱི་ས་མཚམས་ཁག་ལ་ནུབ་རི་ཞེས་མིང་ཐོགས་ཚུལ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུས་མཛད་པའི་མངའ་རིས་མང་ཡུལ་གུང་ཐང་གི་ལོ་རྒྱུས་ནང་དུ་གསལ། ནུབ་རིའི་ལུང་པ་ནི་བལ་ཡུལ་གྱི་གན་ངྷན་གི(gangdaki)མངའ་སྡེ་དང་གྷོར་ཁའི་(Gorkha)རྫོང་གི་ཁོངས་གཏོགས་ཡིན།

སྤྱི་ལོ་ ༡༩༩༥ ཡས་མས་ཤིག་ལ་མི་འབོར་ཞིབ་འཇུག་གི་བསྡོམས་རྩིས་ལྟར་ན་མི་གྲངས་ ༣༠༠༠ ལྷག་ཙམ་ལས་མེད་པ་གསུང་འདུག་ཀྱང་། ཉེ་ཆར་ཡུལ་མི་རྒན་རབས་རྣམས་ཀྱིས་གསུངས་དོན་ལྟར་ན་༥༠༠༠ ལྷག་ཙམ་ཡོད་ཚུལ་གསུང་གི་འདུག ནུབ་རིའི་ལུང་པ་ཁྱོན་ཡོངས་ལ་ཡོད་པའི་གྲོང་ཚོ་ནི ༡ གྲང། ༢ར་ན ། ༣བི་ཧི། ༤བརྒྱ་ཡུལ། ༥ཀོག་པ། ༦ཀྲོག ༧ཚག ༨རྣམ་གྲུས། ༩ཀླུས། ༡༠ཤོད། ༡༡གློད། ༡༢རོད། ༡༣གསུམ་མདོ་བཅས་བཅུ་གསུམ་ཡོད། དེའི་ནང་ཁུལ་དུ་ཡང་རིགས་མི་འདྲ་བ་ཁྱད་པར་ཅུང་ཟད་ཡོད་པ་ནི། སྟོད་ན་ཆོས་རྒྱལ་གྱི་གདུང་དྲི་མ་མེད་པ་ཤ་རི་མངའ་བདག བར་ན་དཔོན་ཚང་དང་ལམ་ཤག སྨད་ན་ཁུ་ནུ་ཁྲ་ཁུར། གཞན་ཡང་ཡུར་གོང་དང་ཆུང་དམན་སོགས་དུ་མ་ཡོད །

ནུབ་རིའི་ལུང་པ་ལ་རོད་དགོན་སྔ་འགྱུར་པད་མ་ཆོས་གླིང་དང་ཧོང་སང་ཕུག་དགོན་བཤད་སྒྲུབ་དགའ་ཚལ་གླིང་།གློད་དགོན་དཔལ་ཡུལ་བྱང་ཆུབ་གླིང་། ཧི་ནང་དགོན་ཁྲ་འགུ་བཀྲ་ཤིས་ཆོས་འཕེལ་གླིང་།གསེར་སྦྲང་གསང་ཆེན་ནོར་བུའི་གླིང་སོགས་

བཀའ་རྙིང་པའི་རྗེས་སུ་ཞུགས་པའི་དགོན་པ་དང་། གནས་ཆེན། ཆོས་རྒྱལ་གྱི་གདུང་དྲི་མ་མེད་པ་ཤ་རི་མངའ་བདག་བཅས་ཀྱི་ལོ་རྒྱུས་ཀྱི་བྱུང་རབས་མང་ན། དགོན་པའི་ལས་ཀའི་བྲེལ་འཚུབ་ཀྱིས་རོབ་ཙམ་ལས་ཞུ་ཐབས་མ་བྱུང་།