བྱིས་པ་ཞིག་ནི་འཛིན་གྲྭའི་ནང་གི་སློབ་མ་ཕུལ་བྱུང་ཅན་ཡིན། ཡིན་ཡང་རྒྱུགས་ལེན་ཐེངས་རེ་ལ་སློབ་གྲོགས་འགའི་སྐར་གྲངས་ནམ་རྒྱུན་ཁོའི་སྔོན་དུ་བསྒྲིགས་ཡོད། སློབ་མ་འདིས་ནམ་ཡང་ཨང་དང་པོ་ལེན་མ་ཐུབ་པས་བློ་ཕམ་ཚད་མེད་སྐྱེས། “ཨ་ཕ་ལགས། ངའི་སློབ་སྦྱོང་གི་རྒྱུགས་འབྲས་སློབ་མ་དེ་དག་ལས་བརྒལ་མི་ཐུབ་དོན་ཅི་ཡིན་ནམ། ང་ངོ་མ་ཁོ་ཚོར་ཕྲག་དོག་སྐྱེས་ཡོང་། ཁྱེད་ཀྱི་བལྟས་ན་ངས་ཇི་ལྟར་བྱེད་འོས།” བྱིས་པས་སྐྱོ་ཉམས་ཀྱིས་ཕ་ལ་དྲིས།

ཨ་ཕས་ལན་ཅི་ཡང་མ་བཏབ། ཁོས་ཤོག་ལྷེ་དཀར་པོ་ཞིག་ཁྱེར་ཡོང་ནས་དེའི་སྟེང་ལ་དྲང་ཐིག་རིང་པོ་ཞིག་བྲིས་ནས། “ཁྱོད་ལ་སྐུད་པ་རིང་མོ་འདི་ཇེ་ཐུང་དུ་གཏོང་བའི་ཐབས་ཡོད་དམ། ཚོད་ལྟ་ཞིག་བྱོས་དང་།” ཞེས་བཤད། བྱིས་པས་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་སྐུད་པ་དེ་ཇེ་ཐུང་དུ་གཏོང་བའི་ཐབས་ཤེས་སྣ་ཚོགས་ལ་བསམ་བློ་བཏང་ཡངང་ཕན་འབྲས་ཅི་ཡང་བྱུང་མ་སོང་། ཕ་རྒན་གྱིས་སྔར་བཞིན་སྐད་ཆ་ཅི་ཡང་མ་བཤད་པར་སྙུ་གུ་ལག་ཏུ་བླངས་ཏེ་སྐུད་པ་རིང་པོ་དེའི་འོག་ཏུ་དེ་ལས་ཀྱང་རིང་བའི་དྲང་ཐིག་ཅིག་བྲིས་བྱུང་།

“རེད། ཨ་ཕ་ངས་རྟོགས་བྱུང་། གཞན་ལས་དར་ཅིག་རྒྱལ་དགོས་ན་དེ་ལས་བརྒལ་དགོས་པ་མ་ཟད། ཐབས་བཟང་ཤོས་ནི་རང་གི་འབད་བརྩོན་ལ་བརྟེན་ནས་གཞན་ལས་ལྷག་ཏུ་གཟེངས་སུ་ཐོན་པ་དང་ཕུལ་དུ་བྱུང་བ་ཞིག་བྱ་རྒྱུ་དེ་རེད།” བྱིས་པ་གློ་བུར་དུ་རྨོངས་གཉིད་ལས་སད་སོང་།
བྱིས་པ་གཞན་ཞིག་ནི་འཛིན་གྲྭའི་ནང་གི་རུ་གཙོ་ཆུང་བ་ཡིན་ལ། ཁོས་ནམ་རྒྱུན་མགྱོགས་པོར་རུ་གཙོ་འབྲིང་བ་རུ་འདུག་འདོད་མོད། དོན་དངོས་ནི་ནམ་ཡང་ཁོ་རང་གི་རེ་འདོད་དང་འགལ་འདུག

“ཨ་ཕ། ང་ངོ་མ་མགྱོགས་པོར་ཡར་ཐོན་འབྱུང་འདོད་ཆེ་ལ། དངོས་གནས་རུ་གཙོ་འབྲིང་བར་འདུག་འདོད་ཆེ་མོད། ངའི་སྒྲུབ་པ་ནི་ནམ་ཡང་ད་ལྟའི་འགན་འཁུར་བཞིན་ཡོད་པའི་རུ་གཙོ་འབྲིང་བ་ལས་ཅུང་ཞན་པས། ཁྱེད་ཀྱིས་བལྟས་ན་ངས་ཇི་ལྟར་བསྒྲུབ་ན་ད་གཟོད་ཁོ་ལས་བརྒལ་ཐུབ།” བྱིས་པས་སེམས་ཁྲལ་ཆེན་པོས་ཕ་ལ་སློབ་སྟོན་ཞུས།

ཨ་ཕས་ལན་ཅི་ཡང་མ་བཏབ། དེ་ལས་ལྡོག་སྟེ་སྤྲོ་སྣང་ཆེན་པོས་བྱིས་པ་དང་མཆོངས་སྒྲིག་མིག་མངས་རྩིས་བྱུང་། དོན་ལ་བྱིས་པའི་མཆོངས་སྒྲིག་མིག་མངས་རྩེ་བ་དེ་ཨ་ཕ་ལས་ཞན་པ་མ་ཡིན། ཡིན་ཡང་མཇུག་ཏུ་སླེབས་དུས་ཁོ་རང་སྔར་བཞིན་ཨ་ཕའི་སྔོན་དུ་ཕམ་སོང་། ཕ་རྒན་གྱིས་བྱིས་པའི་བློ་དོགས་ཆེན་པོའི་ཁེངས་པའི་རྣམ་འགྱུར་ལ་བལྟས་ནས་གསལ་བཤད་བྱེད་རྒྱུར། “འདིའི་ནང་དུ་མན་ངག་ཅིག་ཡོད། མིག་མངས་རྩེ་བའི་བརྒྱུད་རིམ་ཁྲོད་རྒྱལ་ཁ་ལོན་དགོས་ན། རང་ཉིད་མདུན་དུ་བསྐྱོད་དུས་ཟམ་ལས་འདོད་པ་ཁོ་ནས་མི་ཆོག་པར། གནད་འགག་གི་སྐབས་སུ་གཞན་གྱི་ཟམ་བཤིག་པར་མཁས་དགོས་ཏེ། ཁོར་གོམ་པ་སྤོ་དཀའ་བར་བཟོ་དགོས།” ཞེས་བཤད།

“ རེད། ཨ་ཕ་ངས་རྟོགས་བྱུང་། གཞན་ལས་བརྒལ་དགོས་ན་ཆེས་ཕན་ནུས་དང་ལྡན་པའི་བྱེད་ཐབས་ནི་རང་གི་ཆེད་དུ་ཟམ་བསྐྲུན་ཏེ་མགྱོགས་པོར་མདུན་དུ་བསྐྱོད་པ་ལ་ཐུག་མེད་པར། ཆེས་རྩ་བར་གྱུར་པ་ནི་གཞན་པ་རང་ལས་བརྒལ་བར་བཀག་འགོག་བྱེད་མཁས་པ་དེ་ཡིན།” བྱིས་པས་གློ་བུར་དུ་རྟོགས་པ་ལྟར་བཤད་བྱུང་།

ལོ་ངོ་མང་པོའི་རྗེས་སུ་བྱིས་པ་གཉིས་པོ་རང་རང་གི་བྱ་བའི་ལས་གནས་མི་འདྲ་བའི་སྟེང་ཞུགས། བྱིས་པ་དང་པོས་ཕ་རྒན་གྱི“སྐུད་པ་རིང་པོའི”གཞུང་ལུགས་ཀྱིས་རང་ཉིད་ལ་ཁྲིད་སྟོན་བྱས་ནས་མུ་མཐུད་དུ་འབད་པ་དང་བཅས་ཏེ་བརྩོན་ལེན་སྙིང་སྟོབས་ཀྱིས་མདུན་བསྐྱོད་ཁྲོད་ཀྱི་གོམ་པ་རེ་རེ་སྤོ་ཡག་བྱས་ཏེ། མཐར་ཚན་རིག་པ་ཆེན་པོ་ཞིག་ཏུ་གྱུར་སོང་། བྱིས་པ་གཉིས་པས་ཕ་རྒན་གྱི“ཟམ་བཤིག་པའི”གཞུང་ལུགས་ཚད་མར་བཀུར་ནས་ཡར་རྒྱས་ལ་བརྩོན་ལེན་བྱེད་མ་འདོད་པར་ནམ་རྒྱུན་ལྐོག་ཏུ་གཞན་ལ་གནོད་བསྐྱལ་བས་མཐར་བྱས་རྗེས་འཇོག་མ་ཐུབ་ལ་སྙན་གྲགས་ཀྱང་རྒྱས་མ་ཐུབ་པ་མ་ཟད། མཐར་ལས་ཁུངས་སུ་ལའང་ཁོ་རང་ལེན་འདོད་རྩ་བ་ནས་ཡོད་པར་མ་གྱུར་ཏོ། །
ཁྱིམ་ཚང་སློབ་གསོ་མི་འདྲ་བ་གཉིས་ཀྱིས་མི་ཚེ་རིགས་གཉིས་བསྐྱེད་བྱུང་།