ནམ་ཞིག་ཁོ་བོས་རིག་གསར་སྐབས་ཀྱི་འབོད་ཚིག་ཅིག་ཐོས་མྱོང་སྟེ། “革命战士是块砖,哪里需要哪里搬;搬到大厦不骄傲,搬到厕所不悲观”。 ༼གསར་བརྗེ་འཐབ་མོ་བ་ནི་སོ་ཕག་བཞིན།། གང་དུ་བཞག་ན་དེ་དུ་བསྡོད་པ་སྟེ།། ཁང་ཆེན་བརྩིགས་པའི་རྨང་དུ་བཏིང་ཡང་ཆོག། མི་གཙང་བཤད་གཅིའི་ར་བར་བསྒྲིགས་ཀྱང་ཆོག། དེས་རྐྱེན་ང་རྒྱལ་མི་བྱ་སྐྱོ་མི་བྱ།།༽འདིར་བརྗོད་པའི་གསར་བརྗེ་འཐབ་མོ་བ་ཞེས་པ་ནི་༼སྒྲ་ཡངས་འཇུག༽གི་སྟེང་ནས་གོ་བ་ལེན་དགོས་ཏེ། རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་ལ་དགའ་ཞིང་གསར་བརྗེ་བྱ་བ་ལ་མོས་པའི་མི་ཡོད་དོ་ཅོག་ལ་གོ་དགོས་པ་རེད། གསལ་བོར་བཤད་ན་དེ་ནི་རྒྱལ་འབངས་ཡོད་ཚད་ལ་གོ་དགོས་ཏེ། སྤྱི་ཚོགས་རིང་ལུགས་དང་གསར་བརྗེའི་བྱ་བར་མི་དགའ་བ་དང་མི་འཐད་པའི་སྐྱེ་བོ་ཞིག་ནི་ཡོད་མི་རུང་བའམ་མི་སྲིད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།

མྱི་ནི་རྒྱལ་ཁབ་དང་། ཡང་ན་མི་རིགས། གྲལ་རིམ་མམ་ཚོགས་པ་གང་གི་ཆ་ཤས་དང་བྱེ་བྲག་ཙམ་ཡིན་ནོ་ཞེ་ན། དེ་ལ་མི་འགྲིག་པ་གང་ཡང་མེད་པ་ལྟ་བུར་སྣང་བ་རེད། དེ་ནི་དང་པོ་རེད། ཡང་མྱི་ནི་རྒྱལ་ཁབ་དང་མི་རིགས། གྲལ་རིམ་དང་ཚོགས་པ་སོགས་དང་བསྡུར་ན་ཉམ་ཆུང་ཞིང་ཉག་ཕྲ་བའོ་ཟེར་ན། དེ་ཡང་མི་འགྲིག་པ་གང་ཡང་མེད་པ་ལྟ་བུར་སྣང་བ་རེད། དེ་ནི་གཉིས་པ་རེད། ཡང་རྒྱལ་ཁབ་དང་མི་རིགས། གྲལ་རིམ་དང་ཚོགས་པ་སོགས་ཀྱི་དར་རྒུད་སྐྱིད་སྡུག་གི་མདུན་དུ། མྱི་ཞིག་གི་སྐྱིད་སྡུག་དར་རྒུད་སོགས་ནི་གླེང་རིན་མེད་པའོ་ཟེར་ན། འདི་ཡང་བདེན་བདེན་འདྲ་ཞིག་མ་རེད་དམ།

ཡང་མུ་མཐུད་དུ། རྒྱལ་ཁབ་མི་རིགས་གྲལ་རིམ་ཚོགས་པ་སོགས་ཀྱི་ཆེད་དུ། མྱི་སོ་སོ་རང་ཉིད་ཀྱི་ལུས་དང་ལོངས་སྤྱོད། ཚེ་དང་སྲོག། བླ་དང་རྣམ་ཤེས་ཚུན་ཆད་གཅེས་ཀྱང་འདོར་དགོས་ལ་ཕངས་ཀྱང་གཏོང་དགོས་སོ་ཟེར་ན། ད་གཟོད་གཞི་ནས་ཤེས་པ་རྣལ་དུ་གནས་པའི་མི་རྣམས་ལ་དོགས་པ་ཞིག་སྐྱེ་བར་ངེས་ཤིང་། བླུན་པོ་རྣམས་ལའང་འཇིགས་སྣང་ཕྲན་བུ་རེ་ཅིས་ཀྱང་སྐྱེ་སྲིད། འོན་ཀྱང་། གོང་དུ་རིམ་པའི་རིམ་པར་བསྒྲིགས་པའི་གཏན་ཚིགས་སམ་གནས་ལུགས་འདྲ་ཆགས་པོ་དེ་དག་ལ་ཁས་ལེན་སྔོན་དུ་ཤོར་ཚར་དུས། ད་ནི་དོན་དངོས་འདི་འདྲ་བ་ཡང་ཁས་མི་ལེན་རང་ལེན་དུ་གྱུར་སོང་བ་རེད།

མྱི་ནི་ཅི་ཞིག་ཡིན་ནམ། རྒྱལ་ཁབ་དང་མི་རིགས། གྲལ་རིམ་ཚོགས་པ་ལ་སོགས་པའང་ཅི་ཞིག་ཡིན་ནམ། འདི་ལ་གནའ་ནས་དེང་གི་བར་དུ། མཚན་ཉིད་རིག་པ་བ་དང་ཆབ་སྲིད་པ། ཆོས་ལུགས་པ། ཐ་ན་སྒྱུ་རྩལ་པ་སོགས་མང་མང་གིས་མང་དུ་སྨྲས་ཡོད་པ་རེད། དེ་ནི་སྐབས་འདིར་བཤད་ཀྱང་མི་ཚར་ལ་དཔྱོད་ཀྱང་མི་ཐུབ་མོད། གང་ལྟར་ཀྱང་མི་ཤིན་ཏུ་མང་པོ་ཞིག་གིས་སྤྱི་མཚན་པའི་མིང་བརྡ་འདི་དག་རྔམ་རྔམ་རྫིག་རྫིག་གིས་འཕྱར་ཏེ། འདི་ནི་བདེན་པ་དང་འདི་ནི་དོན་དངོས། འདི་ནི་གཡོལ་ཏུ་མེད་པའི་དབང་གྲགས་ཀྱི་འབྱུང་ཁུངས་ཤིག་ཏུ་བརྩི་བ་རེད།

སྐད་གྲགས་ཆོད་པའི་ཆབ་སྲིད་རིག་པའི་གསུང་རྩོམ༼རྒྱུན་ཤེས༽ཞེས་བྱ་བར་ཐོ་མ་སི-ཕེན(Thomas Paine)ལགས་ཀྱིས་སྐད་ཆ་འདི་འདྲ་ཞིག་གསུངས་ཡོད་དེ། ༼མི་ཤིན་ཏུ་མང་པོ་ཞིག་གིས་རྒྱལ་ཁབ་ཅེས་པ་དང་སྤྱི་ཚོགས་ཞེས་པ་གཉིས་ཀྱི་ཁྱད་པར་མི་ཤེས་པ་དང་། ཡང་ན་ཁྱད་པར་མེད་པར་ལྟ་བ་རེད། འདི་ནི་ནོར་འཁྲུལ་ཆེན་པོ་ཞིག་སྟེ། སྤྱི་ཚོགས་ནི་མིའི་རིགས་ཀྱི་འདོད་བློའི་དབང་གིས་བྱུང་བ་དང་། རྒྱལ་ཁབ་ནི་མིའི་སྡིག་ཉེས་ཀྱི་དབང་གིས་བྱུང་བའོ༽ཟེར། མི་ཞིག་འཇིག་རྟེན་འདི་རུ་འཚོ་ཞིང་གནས་པའི་དུས་སུ། ༼བསེ་རུ་བཞིན་ཏུ་གཅིག་པུར༽་སྡོད་ཐུབ་པ་ཞིག་གཏན་ནས་མིན་ཕྱིར། མི་སུ་ཡིན་རུང་མི་གཞན་ལ་བརྟེན་དགོས་ཤིང་། ཁ་ལ་བཟའ་བ་དང་རྒྱབ་ལ་གྱོན་པ། ཆགས་པ་སྤྱོད་པ་དང་བུ་རྒྱུད་སྤེལ་བ་སོགས་མིའི་ལྷན་སྐྱེས་གྱི་འདོད་བློའི་རིག་དང་། སྐད་ཆ་དང་ཚན་རིག སྒྱུ་རྩལ་སོགས་མིའི་རྗེས་བྱུང་གི་འདོད་བློའི་རིགས་སྒྲུབ་པར་བྱེད་པ་ལ། མི་གཉིས་ཡན་ཆད་ཚོགས་པའི་ཐུན་མོང་གི་སྟོབས་ཤུགས་ཤིག་ཅིས་ཀྱང་མེད་ཐབས་མེད་པར་གྱུར། དེ་ལྟ་བུའི་མིའི་ཚོགས་པ་དེ་ལ་སྤྱི་ཚོགས་ཞེས་སུ་གྲགས་ཤིང་། ཁོར་ཡུག་དེ་གར་མི་རྣམས་ཀྱིས་རང་ལ་ཐོབ་འོས་པ་བརྩོན་ལེན་བྱེད་ཅིང་། སྒྲུབ་འོས་པ་འགན་ཁུར་དུ་ལེན་པར་བྱེད། ཀ་བས་ནས་ཀྱི་རྩམ་པ་འཐག་པ་དང་། ཁ་བས་ལུག་གི་པགས་པ་མཉེ་བ། ག་བས་རེ་ལྡེ་འཚེམ་བཟོ་བྱེད་པ་བཅས་བྱས་ཚེ། གཞི་ནས་ཀ་བ་ཁ་བ་ག་བ་གསུམ་གྱི་ཟས་གོས་སྡོད་གསུམ་གྱི་འདོད་བློ་སྐོང་ཐུབ་པར་གྱུར་པ་ཡིན། ཁོ་ཚོ་ནི་སོ་སོའི་འདོད་བློའམ་ཁེ་ཕན་གྱི་ཆེད་དུ་རང་བྱུང་ངང་གིས་འདུས་པ་ཞིག་ཀྱང་ཡིན། འདི་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་བསྐྱེད་འབྲས་དང་། འོད་སྟོང་འབར་བའི་འཕེལ་རྒྱས་ཤིག་གི་སྔོན་འགྲོར་ཡང་གྲུབ་པ་རེད།

ཡིན་ནའང་། ནམ་ཞིག་ཁོ་ཚོའི་ཕྱོགས་གཅིག་གིས་རང་འགན་ལེགས་པོར་མི་སྒྲུབ་པའམ། ཡང་ན་རང་གི་འགན་དུ་མ་བབས་པའི་ཁྱབ་ཁོངས་གཞན་ལ་ཐེ་གཏོགས་བྱེད་པ་སོགས་བྱས་ཚེ། སོ་སོའི་བར་ལ་རྩོད་གཞི་འབྱུང་བར་འགྱུར་ངེས་ཤིང་། རྩོད་གཞི་དེའང་རང་རང་གི་འདོད་བློའམ་ཁེ་ཕན་གྱི་ཆེད་དུ་བྱུང་བ་ཡིན། རྩོད་གཞི་དེ་ལྟ་བུ་ཐག་གཅོད་ཇི་ལྟར་བྱེད་པའི་ཐད། སོ་སོས་རྩོད་གླེང་མང་པོ་བྱེད་སྲིད་ཅིང་། ཐ་མར་རྩོད་ཡ་གཉིས་ཀའི་ཕྱོགས་གང་དུའང་མི་གཏོགས་པའི་མི་གསུམ་པ་བ་ཞིག་གིས་སོ་སོའི་འདོད་བློ་དེ་ལ་ཁས་ལེན་དང་། ཡང་ན་ཚོད་འཛིན་འོས་མཚམས་རེ་བྱས་རྗེས་ཕན་ཚུན་ཁེ་གྱོང་མི་ཤོར་བའི་ངང་ནས་ཐག་གཅོད་པར་བྱེད། ཐག་གཅོད་དེ་ནི་ཕྱིས་སུའང་མ་ཕྱིའམ་དཔེར་ལྟ་ས་ཉིད་དུ་གྲུབ་ཅིང་། དེའི་མིང་ལ་ཁྲིམས་ཞེས་བཏགས་པ་དང་། རུའུ་སོ་ལགས་ཀྱི་དགོངས་པ་ལྟར་ན་དེ་ལ་སྤྱི་ཚོགས་གན་ཆིངས་ཞེས་ཀྱང་འབོད་དོ། འཚོ་བའི་ཁྲོད་དུ་རྩོད་གཞི་དེ་འདྲ་ནི་མཚམས་ཆད་རྒྱུ་མེད་ཅིང་། དེའི་ཚེ་ན་ཆེད་དུ་རྩོད་གཞི་དེའི་རིགས་ཐག་གཅོད་བྱེད་མཁན་གྱི་མི་སྐོར་ཞིག་ཟུར་དུ་བཀར་ཅིང་། ཁོ་ཚོས་སྤྱི་ཚོགས་དེའི་ཁོངས་མི་ཡོངས་ཀྱི་ཆེད་དུ་གན་ཆིངས་གཞིར་བཟུང་ནས་དོན་དག་སྣ་ཚོགས་ཐག་གཅོད་དང་དོ་དམ་བྱེད་པ་ཡིན། དེ་ལྟའི་མིང་ལ་ཕྱིས་སུ༼སྲིད་གཞུང༽ཞེས་བཏགས་པའོ།།

མྱི་རྣམས་ཆེས་རྨོངས་ཤིང་རྟུལ་བར་གྱུར་བའམ། འཇིགས་ཤིང་དངངས་པར་གྱུར་བའི་ཚེ་ན། ད་གཟོད་ཅི་ཡིན་འདི་ཡིན་མི་ཚོར་ཞིང་། ཅི་དྲན་འདི་དྲན་མི་འབྱུང་བར་གཞན་གྱི་བྲན་དང་ལག་ཆར་འགྱུར་སྲིད་པ་རེད། དེ་ལས་ལྡོག་སྟེ་ལུས་སེམས་གཉིས་བདེ་ཐང་ཡིན་ལ་དྲན་པའང་གསལ་བའི་མྱི་སུ་ཡིན་རུང་། རང་དབང་ལྡན་པ། བརྩིས་ཐང་ཡོད་པ། ངོ་སོ་མཆིས་པའི་ངང་དུ་འཚོ་མི་འདོད་པ་དང་གསོན་མི་འདོད་པ་ནི་ཡོད་མི་སྲིད་པ་རེད། འོ་ན།མི་རྣམས་ཇི་ལྟར་རྨོངས་པར་གྱུར་པ་དང་། མི་རྣམས་ཇི་ལྟར་འཇིགས་དངངས་ཀྱི་གཞན་དབང་དུ་གྱུར་བ་རེད་དམ་ཞེ་ན། གོང་དུ་གླེང་བ་བཞིན། རྒྱལ་ཁབ་མི་རིགས་ཚོགས་པ་གྲལ་རིམ་སོགས་ཐ་སྙད་རྫིག་པོ་འདི་དག་གིས་རྨོངས་པར་བཟོས་ཤིང་འཇིགས་སྐྲག་སྐུལ་བ་རེད། ༼དོན་དངོས་སུ། མི་རྣམས་ཀྱིས་ཐ་སྙད་འདི་དག་ལ་གོ་བ་མག་མོག་དང་རབ་རིབ་ཙམ་ལོན་མེད་པ་རེད། ཡིན་ནའང་། མི་ནི་མངོན་སུམ་ལས་ཀྱང་ལྐོག་གྱུར་གྱིས་དབང་དུ་བསྡུ་ཐུབ་པ་ཞིག་སྟེ། ཆོས་ལུགས་མང་པོ་ཞིག་གི་ལྟ་བའི་གཞི་འཛིན་ས་དེའང་མི་སྤྱིར་བཏང་བ་ཞིག་ལ་མཚོན་ན་མག་མོག་རབ་རིབ་ཙམ་ལས་ཅི་ཡང་མེད་པ་ལྟ་བུ་རེད ༽

ཉེ་རབས་ཀྱི་ཀྲུང་གོའི་རྒྱལ་ཡོངས་ཀྱི་མི་བཟང་སྤྱོད་བཟང་གི་ཀུན་སྤྱོད་ཀྱི་མིག་དཔེ་དང་སྐྱེས་མཆོག་ཏུ་བརྩི་བའི་ལེ་ཧྥུན་ན་རེ། “我要做一颗革命的螺丝钉,党把我拧在哪里我就在哪里闪闪发光,永不生锈。”༼ཕྲན་ནི་གསར་བརྗེ་ཡི་གཅུ་འཛེར་རྐང་གཅིག་བྱེད་པར་མོས་ཏེ། ཏང་གིས་གང་དུ་གཅུས་ན་དེ་རུ་འཐམས་ནས། ནམ་ཡང་ལྷོད་མི་འདོད།༽ཆེས་གསལ་བོར་མཐོང་ཐུབ་པ་ཞིག་ལ། ལེ་ཧྥུན་གྱི་བླ་ན་མེད་པའི་གཤིས་སྤྱོད་བཟང་བོ་དེ་དང་། ཡང་དེ་ནས་སླར་ཡང་མཐོང་ཐུབ་པ་ཞིག་ལ། ང་ཚོ་རང་གི་ཐ་ཤལ་ལམ་བྱིས་བློའི་ངང་ཚུལ་འདི་ནི་ཅི་འདྲའི་ངོ་གནོང་བ་ཞིག་རེད་ཨང་སྙམ་པ་དེ་རེད། འོན་ཀྱང་ཞིབ་ཏུ་བསམ་ན། ལེ་ཧྥུན་ནི་གཅུ་འཛེར་ཞིག་ཡིན་ན། གཅུ་འཛེར་འཐམས་སའི་འཕྲུལ་འཁོར་ཆེན་པོ་དེ་ཅི་ཞིག་ཡིན་ནམ། ཡང་ན་འཕྲུལ་འཁོར་དེ་སུས་ཁ་ལོ་སྒྱུར་དགོས་སམ། འཕྲུལ་འཁོར་དེས་ལས་ཀ་གང་གི་ཆེད་དུ་བྱེད་དམ། ༼ཧོབ་ཏེ་ཚོར་བ་ལ་ངར་ལངས༽ནས་ཡོད་པའི་སྐབས་སུ། དྲི་བ་འདི་དག་ལ་ལན་འདེབ་དགོས་ན། ༼དེ་མི་དམངས་ཡིན་ནོ༽ཞེས་སྨྲ་བར་ངེས། དེས་ན། ལེ་ཧྥུན་ཁོ་རང་ནི་མི་དམངས་ཤིག་ཡིན་ནམ། ལེ་ཧྥུན་གྱི་སྤྱོད་བཟང་ལ་མིག་དཔེར་ལྟ་མཁན་དེ་དག་མི་དམངས་ཡིན་ནམ། ཤིན་ཏུ་གལ་ཆེ་བ་ནི། མི་དམངས་ལ་ཞབས་འདེག་ཞུ་མཁན༼为人民服务者༽དེ་དག་ལ་མཚོན་ན། ཁོ་ཚོ་རང་ཉིད་མི་དམངས་ཡིན་པར་འདོད་དམ་མིན་པར་སྙམ། དེ་ནི་གནད་དོན་ཡོད་ཚད་ཀྱི་རྩ་བ་དེ་རེད།

མྱི་ནི་མྱི་ཡིན་དགོས་སོ་ཞེ་ན། དེ་ལ་དོགས་པ་སློང་མཁན་དག་གིས། མྱི་ནི་མྱི་མིན་ན་ཅི་ཞིག་རེད་ཅེས་སྨྲ་བར་བྱེད། ཡང་ན་སྨྲ་ཤེས་དོན་གོ་བ་མྱི་མིན་ན་ཅི་ཞིག་རེད་ཅེས་སྨྲ་བར་བྱེད།བདེན་ཏེ། རང་བྱུང་ངམ་ལྷན་སྐྱེས་ཀྱི་ངོས་ནས་བཤད་ན། མྱི་ནི་མྱི་མ་གཏོགས་གཞན་ཞིག་ཡིན་ས་མི་འགྲོ་བར་འདུག འོན་ཀྱང་། མྱི་ལ་རང་བྱུང་གི་ངོས་ནས་བཞག་པའི་མཚན་ཉིད་ཅིག་ཡོད་པ་ལ། ད་དུང་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་མྱི་ནི་མྱིའི་གོ་སར་འགྲེང་ཐུབ་དགོས་པ་རེད། དེ་ཡང་གོ་སླ་བར་བཤད་ན། སྨྲ་ཤེས་པ་ནི་ལྷན་སྐྱེས་ཀྱི་ངོས་ནས་བཞག་པ་ཡིན་ན། བདེན་པར་སྨྲ་བ་དང་སྨྲ་བརྗོད་རང་དབང་སོགས་ནི་མྱིའི་སྤྱི་ཚོགས་ཀྱི་རིན་ཐང་མངོན་དུ་བྱེད་སྟངས་ཤིག་རེད། ཡང་དག་པར་བཤད་ན། བདེན་པར་མི་སྨྲ་བ་དང་སྨྲ་བརྗོད་རང་དབང་ཡང་མེད་པའི་ཚེ་ན། སྨྲ་ཤེས་པ་ཙམ་གྱིས་མྱིའི་མཚན་ཉིད་ཚང་བར་བཤད་དཀའ།

སོ་ཕག་ལྟ་བུའི་མི་དང་གཅུ་འཛེར་ལྟ་བུའི་མི། ཡང་ན་རང་ཅག་གིས་བཤད་ལུགས་ལྟར་ན་ལྷ་ལྟ་བུའི་མི་དང་བདུད་ལྟའི་མི། ཤ་དར་ཁྲག་དར་གྱི་མྱི་ཞིག་ལ། ཅིའི་ཕྱིར་སྲོག་མེད་བེམ་པོ་དང་དངོས་མིན་ལྐོག་གྱུར་གྱི་དཔེ་ཞིག་བཙལ་དགོས་སོང་ངམ། སེམས་ཁམས་བདེ་ཐང་ཡིན་པའི་མྱི་སུ་ཡིན་རུང་། འདི་ལ་མཚར་སྣང་དང་དོགས་སྣང་མི་སྐྱེ་ག་ལ་སྲིད། རྒྱལ་ཁབ་མི་རིགས་གྲལ་རིམ་ཚོགས་པ་སོགས་རྔམ་བརྗིད་ཆེ་བའི་ཐ་སྙད་དེ་དག་གི་མདུན་དུ། རྟག་ཏུ་བོར་དང་འབོར་བཞིན་པ་ནི། མྱི་ཞེས་པ་འདི་ཡིན། ཡིན་ཏེ། མ་ཡ་བཏགས་མྱ་གི་གུ་མྱི་ཞེས་པའི་ཡི་གེ་འདིའོ།།