—གྲོགས་ཞོགས་ལྗང་ལ་བགྲོ་གླེང་དུ།

སྙིང་ཉེ་བའི་གྲོགས་པོ་ལགས། གུས་པས་སྡིགས་རྩོམ་མམ་སྡིག་རྩོམ་ཟེར་བ་ནི། སུན་འབྱིན་གྱི་མཚན་ཉིད་ཚང་བ་སྟེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་བསལ་ནས། བདེན་པ་གང་ཞིག་འཚོལ་བ་ཁོ་ནར་ཕྱོགས་པའི་དགག་སྒྲུབ་རྩོམ་ཡིག་ཚད་ལྡན་ལ་ཟེར་བ་མིན་ཏེ། འདིར་ཟེར་བ་ནི། ཉེ་བའི་ལོ་འདི་འགའི་ནང་གློ་བུར་དར་ཞིང་། རྩོམ་དེ་རིགས་ལ་འཇུག་མཁན་ཕལ་མོ་ཆེས་ཞིབ་ཏུ་མི་བརྟག་མི་དཔྱད་པར། བདེན་པ་ནི་རང་ལག་ཏུ་ཡོད་པར་རློམ་པས་རང་ཉིད་ཡང་དག་ཡིན་ཤག་དང་། གཞན་དག་ནི་ཅི་ཡང་མི་བསམ་གང་ཡང་མི་ཤེས་པའི་གཏི་མུག་གི་ཕུང་པོ་ཞིག་ཡིན་ཤག དེར་མ་ཟད། སྒྲོ་སྐུར་འདེབས་པ་ལ་ཡ་ང་མེད་པར་གཞན་གྱི་མི་གཞི་ཚུན་ཆད་ལ་དམའ་འབེབས་ཀྱིས་མཚོན། རྩོམ་མཁན་རང་གི་ཀུན་སྤྱོད་ཀྱང་རང་གིས་དབྲལ་བ་དེ་རིགས་ལགས།

རྒྱ་ནག་པ་ལུའུ་ཞུན་གྱི་རྩོམ་ནི་དགག་སྒྲུབ་གཉིས་ལས་དགག་པ་ཤས་ཆེ་ཞིང་དགག་རྩོམ་མཛད་པ་ལ་སྐུ་ཚེ་བསྐྱལ་མོད། ཁོང་གི་རིགས་གཅིག་སྤུན་ཟླ་དག་ལ་སྔར་ཁོང་གིས་ཇི་ལྟར་བྱས་པ་དེ་ལྟར། “ཆེ་ཆུང་ཅན་གྱི་ལྷམ”ཞིག་བསྟན་ན་ད་དུང་ཡང་། “ཁྱོད་ཀྱིས་བལྟ་མ་ཤེས་པ་མ་གཏོགས། ལྷམ་ལ་ནི་ཆེ་ཆུང་མེད།” ཅེས་མངོན་སུམ་ལ་བསྙོན་འདིང་བ་དེར་འགྱུར་བ་ཆེན་པོ་སོང་མི་འདུག་སྙམ། (ཁོ་ཚོ་དང་འབྲེལ་འདྲིས་སྐབས་དོན་དེ་དང་ཆ་མཚུངས་པར་གུས་པ་མང་དུ་ཕྲད་མྱོང་ལགས)

མི་སུ་ཞིག་ཡིན་རུང་། དཔེར་ན། མི་དེ་ང་ཡིན་པར་ཆ་ཞོག ང་ལ་ལྦ་བ་ཞིག་ཡོད་པའི་དབང་དུ་ཐོངས། ཡང་སུ་ཞིག་གིས་ཁྱོད་ཀྱི་ལྦ་བ་དེ་ཡག་པོ་མི་འདུག ཅེས་ཀུན་སློང་ལ་རྨ་མེད་པར་གཏམ་དྲང་མོ་སྨྲས་ན། ངས་ནི་དེ་ལ་ཁྱེད་བཤད་པ་བདེན་ནོ་ཟེར་མི་ཐུབ་པར་མ་ཟད། ཁོ་ལ་མི་དགའ་བའི་ཞེ་འཁོན་ཡང་འཛིན་སྲིད། ལག་པ་གྲང་མོ་སྙིང་ཁ་དྲོན་མོར་བཞག་ནས་འདང་རེ་བརྒྱབ་ན། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བ་ནི་ས་ཐོག་གི་བྱང་ཆུབ་སེམས་དཔའ་རེ་གཉིས་མ་གཏོགས་གཞན་དག་དེ་འདྲ་མིན་པར་སྣང་། དངོས་ཚུལ་དེ་ལྟར་སོང་བས་ན། སྔར་མི་ཤེས་རབ་ཅན་ཞིག་གིས་མིའི་རང་བཞིན་ལ་བརྩི་འཇོག་གིས། “ཡོན་ཏན་སྣ་གཅིག་བསྐྱེད་ན་སྐྱོན་སྣ་གཅིག་འགྲིབ་འོང”ཞེས་གདམས་ཡོད་ཅིང་། ཚིག་དེ་རུ། ཁོང་གིས་དགག་སྒྲུབ་གཉིས་ལས་སྒྲུབ་པ་ཉིད་གཙོ་བོར་མཛད་འདུག་པ་མངོན་གསལ་ལགས།

བོད་ལ་སྐྱོན་ཅི་ཞིག་ཡོད་རུང་དེའི་གཉེན་པོ་དེ་དང་འདི་ཡིན་ཚུལ། དེས་ནི་ངེད་ཅག་ལ་ཕན་འདི་དང་དེ་ཐོགས་ལུགས། ཚིག་འཇམ་པོ་ཐབས་མཁས་པོས་རེ་རེ་བཞིན་ངོ་སྤྲོད་ཅིང་། ང་འདྲའི་ཕལ་པའི་མི་ཚོའི་རང་རྩིས་ལ་ཕོག་ཐུག་ཆེན་པོ་མི་གཏོང་བའི་ལམ་ནས། དགའ་བཞིན་སྤྲོ་བཞིན་མ་ཡིན་རུང་། མ་ཤེས་མ་ཚོར་བའི་སྒོ་ནས་ལེགས་ཆ་དེ་དག་དང་དུ་བླངས་ལག་ཏུ་བསྟར་ཐུབ་པ་བྱུང་ཚེ། སྐྱོན་འགྲིབ་ཡོན་ཏན་སྐྱེད་པའི་རང་རེའི་བསམ་དོན་ཡིད་བཞིན་དུ་འགྲུབ་སོང་བ་མིན་ནམ། དེ་ལས་ལྡོག་སྟེ། རྒྱ་མི་ཚོ་གོལ་ཚར་བའི་ལོག་ལམ་དེར་སྐྱོན་ཞིབ་ཙམ་ཡང་མེད་པར་འཇུག་རྐྱང་བྱས་ན། ལོ་ངོ་མང་པོ་འགོར་བའི་རྗེས་སུ། ངེད་ཅག་ཀྱང་ད་ལྟའི་ཁོ་ཅག་ལྟ་བུ་ཞིག་མི་ཆགས་པའི་ངེས་པ་ག་ལ་ཡོད། དེས་ན། ངེད་ཅག་ནི་གཙོ་བོ་སྒྲུབ་པ་ལ་ཞུགས་ན་མི་ལེགས་སམ།
སྡིགས་རྩོམ་ཐད་ད་དུང་ཁྱེད་ཀྱི་དགོངས་ཚུལ་ཞིབ་གསལ་ཉན་འདོད་ཡོད་པར་མ་ཟད། དྲང་གཏམ་ཐད་ཞུས་འདིས་ཁྱེད་ལ་དགོངས་འགལ་བཟོས་མེད་པར་ཤོག ཅེས་བྱང་སྐར་གྱིས་ཕུལ།