དེ་ཡང་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་རྒྱ་གར་གྱི་གནས་ཚུལ་སོགས་གསུངས་དུས་ཁུངས་དང་རྒྱབ་རྟེན་དུ་བྱས་ཡོད་པའི་ཕྱག་དཔེ་ནི་ཧ་ཅང་མང་པོ་ཡོད་ཅིང་། ཆག་ལོའི་ལམ་ཡིག་ཅེས་པ་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། ཁོང་གིས་ཐུགས་སྣང་ཆེར་མཛད་པའི་ཕྱག་དཔེ་ཞིག་ཀྱང་ཡིན་ཏེ། དེབ་ཐེར་དཀར་པོ་དང་གཏམ་རྒྱུད་གསེར་ཐང་། རྒྱ་གར་ལམ་ཡིག་སོགས་ཐམས་ཅད་དུ་ཆག་ལོའི་ལམ་ཡིག་ཅེས་པ་ལུང་དྲངས་འདུག ཡིན་ཡང་ཁོང་གིས་དྲངས་པའི་ལུང་དག་ད་ལྟ་རང་ཅག་གིས་མཐོང་ཐུབ་པའི་ཆག་ལོའི་ལམ་ཡིག་དང་ཧ་ཅང་མི་འདྲ་བར་འདུག་པས། འདིའི་ཐད་དུ་ཅུང་ཟད་བརྗོད་འདོད་སྐྱེས་སོ། 

དེ་ཡང་དེབ་ཐེར་དཀར་པོ་རུ། དེ་ནས་ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག་ཏུ། དེ་ནས་གངྒ་བརྒལ་ཏེ་ཕྱི་ཉིན་རྒྱ་གར་དུ་སླེབས། ཞེས་འབྱུང་ཞིང་། འདི་ནི་ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག་ཏུ་ཇི་ལྟར་བཙལ་ཡང་མི་རྙེད་དེ། ཆག་ལོའི་ལམ་ཡིག་ཏུ། གངྒཱའི་ཕ་རོལ་ན་ཡུལ་མ་ག་དྷ་ཡོད་དོ་ཞེས་པ་ཙམ་ལས་འདི་དང་ཚིག་རིས་གཅིག་ཏུ་འདུག་པ་ཞིག་ཡེ་མི་འདུག གཞན། གཏམ་རྒྱུད་གསེར་གྱི་ཐང་མ་རུ། དུས་ཕྱིས་ཙ་ནའང་ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག་ལས། ཏིརཧིཏ་ནས་རྒྱ་གར་དུ་སླེབས་ཅེས་གསུངས་པས། ཞེས་འབྱུང་སྟེ། འདི་ཡང་ཆག་ལོའི་ལམ་ཡིག་ཏུ་ཡེ་མི་རྙེད་དོ། ཡིད་མི་ཆེས་ན་ཆག་ལོའི་ལམ་ཡིག་རང་ལ་ཐེངས་དུ་མར་ཚོལད་ཅིག 

དེ་ནས་ཡང་གཏམ་རྒྱུད་གསེར་ཐང་དུ། ཆག་ལོས་རྡོ་རྗེ་ཕག་མོ་ཕྱི་རོལ་པའི་ལྷ་ཁང་དུ་མཐོང་གསུངས་པ་དེ་ཡིན་ནམ་སྙམ། ཞེས་དང་། ཆག་ལོས་རྟ་མགྲིན་མུ་སྟེགས་ཀྱི་ལྷའི་ཁྲོད་དུ་གཟིགས་གསུངས་པ་ཡང་དེ་ལ་ནོར་རམ་སྙམ། ཞེས་བྱུང་ཞིང་། འདི་གཉིས་ཀྱང་ཆག་ལོའི་ལམ་ཡིག་ན་མི་འདུག ཡིན་ཡང་ཅུང་ཟད་ཆ་འདྲ་བ་ཞིག་ནི་འདུག་སྟེ། ཆག་ལོའི་ལམ་ཡིག་ཏུ། རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་ཟླ་བ་གཅིག་ཕྱིན་པའི་ས་ན་མུ་སྟེགས་ཀྱི་ལྷ་སོ་བ་ནཱ་ཐ་ཟླ་བ་མགོན་པོ་ཡོད་ས་ཞེས་པ་དེར་སློབ་དཔོན་བིརཝཔ་ལ་མུ་སྟེགས་ཀུན་ན་རེ་ངེད་ཀྱི་ལྷ་ལ་ཕྱག་ཚོལ་ཅིག་ཟེར་བ་ལ་ཕྱག་འཚལ་བས་ཆོག་ཁྱེད་མི་དགའོ་གསུང་བས་མི་དགའ་བ་མི་འོང་ཟེར། འོན་ཀྱང་རྒྱལ་པོ་དཔང་པོར་འཇུག་དགོས་གསུང་ནས་དཔང་པོར་བཅུག་ནས་ལྷ་ཆེན་པོ་དེ་ལ་མདུན་ཕྱག་ཅིག་བཙལ་བས་ཚལ་པ་གཉིས་སུ་གས་སོ། ཡག་བཞོགས་ནས་བཙལ་ནས་ཚལ་བ་བཞིར་གས་སོ།། དེར་ཁོང་ན་རེ་ཕྱག་མ་འཚལ་ཟེར་ཀྱང་ལྷ་གཅིག་ལ་ཕྱག་འཚལ་བས་ལྷ་དེ་འདར་སིག་སིག་འདུག་ཀྱང་གས་སུ་མ་བཏུབ་ནས་གཟིགས་པས་དེའི་སྤྱི་བོ་ན་ནང་པའི་ལྷ་སྣང་བ་མཐའ་ཡས་ཅིག་འདུག་ནས་དེ་གསལ་ཏེ་ཕྱག་འཚལ་བས་ཚལ་བར་ཞགས། ཞེས་འབྱུང་བ་དེ་ཡིན་ནོ། འོན་ཀྱང་ཁོང་གིས་དྲངས་པ་དེ་ཆག་ལོའི་གསུང་གཞན་ཞིག་ཏུ་འདུག་ན་ནི་ཀླན་ཀ་ཅུང་ཟད་ཀྱང་འཚོལ་དགོས་དོན་མེད། 

ཡང་། རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ཏུ། རི་འདི་ནི་ན་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ནལནྡཱའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང་། ཞེས་གསུངས་ཤིང་། 

ཆག་ལོའི་ལམ་ཡིག་ཏུ། འདི་ལ་ན་རོ་པའི་སྒྲུབ་གནས་ཕུ་ལ་ཧ་རི་ནི་ན་ལནྡྲའི་བྱང་ཕྱོགས་ཀྱི་ནགས་ཁྲོད་ཅིག་ན་རྩྭའི་དཔྱིལ་བོ་སྒོ་ཁྱོག་རིམ་པ་གསུམ་རྩ་ན་ཞིག་པ་དང་མ་ཞིག་པ་མང་པོ་ཡོད་རྩིག་པས་བརྩིགས་པ་མེད་ད་ལྟ་འདོད་མིའང་འདུག་གསུངས་སོ། ཞེས་འབྱུང་བས་དེ་གཉིས་མི་འདྲ་བ་ཤེས་སོ། ཡིན་ཡང་དོན་གཅིག་ལ་ཁད་དུ་འདུག 

དེས་ན་གོང་དུ་འཇུ་བ་ཆོས་དར་རམ་རམ་ཆོས་དཔལ་དར་དཔྱང་གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར་རམ་ཆག་ལོའི་ལམ་ཡིག་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དུ་དྲངས་པའི་ཆག་ལོའི་ལམ་ཡིག་གཉིས་བསྡུར་བ་ཅུང་ཟད་ཙམ་བགྱིས་ལ། དེ་ཡང་མཁས་དབང་དགེ་ཆོས་ཀྱིས་གསུངས་པའི་ཆག་ལོའི་ལམ་ཡིག་དེ་གཞན་ཞིག་ཡིན་ན་མ་གཏོགས། ད་ལྟ་རང་ཅག་གི་མཐོང་ལམ་དུ་ཡོད་པའི་ཆག་ལོའི་ལམ་ཡིག་གཉིས་ཡེ་མི་འདྲའོ། གཞན་དུ་རྗེ་ཚེ་ཏན་ཞབས་དྲུང་མཆོག་གིས་ཆག་ལོའི་རྣམ་ཐར་ལས་ལུང་དྲངས་པ་དག་ཀྱང་ད་ལྟ་རང་ཅག་གིས་མཐོང་དུ་ཡོད་པ་འདི་དང་གཅིག་པ་རང་དུ་འདུག་པས་གཞན་ཞིག་མིན་པར་ཡང་བསམ་སྟེ། ཞིབ་ཏུ་རྗེས་ནས་གླེང་བར་བྱའོ། 

 

༢༠༡༨•༨•༡༨ཉིན། 

རྩེ་ཆུ་གདུགས་དཀར་སྐྱབས་ཀྱིས་བྲིས།