སྤྱི་ལོ་840ཡས་མས་ཤིག་ལ་བཙན་པོ་འུ་དུམ་བཙན་གྱིས་ལྷ་ཁང་མཐའ་དག་ཐལ་བའི་རྡུལ་དུ་བརླགས། ཆོས་དཔེ་ཐམས་ཅད་འབྱུང་བཞིར་བསྟིམས། རབ་བྱུང་བ་ཀུན་ལ་མདའ་གཞུ་རྔ་གཤང་འཕྲད་པས་སྙིགས་མའི་དུས་འདྲ་བ་ཞིག་བྱུང་བས། ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་དཀར་བོ་ལ་སོལ་བ་ནག་པོ་བྱུགས། བེར་ནང་དཀར་ལ་ཕྱི་ནག་པ་གྱོན། ལྕགས་མདའ་ལྕགས་གཞུ་བསྣམས་ཏེ་ལྷ་སར་འབྱོར། རྒྱལ་བོ་སྡིག་པ་ཅན་དམྱལ་བར་མི་ལྟུང་བའི་སླད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་མ་བཟོད་པར་མདའ་མོ་གཅིག་གིས་གཙུག་ལག་ཁང་གི་སྒོ་མདུན་དུ་ཕྱི་མར་བསྐྱལ། 

དེ་ནས་མི་རྐྱང་རྟ་རྐྱང་གི་མདའ་གཞུ་འཁུར་བའི་ལོ་རྒྱུས་ཀྱི་ཉེས་ཅན་དེས་དཀའ་བ་བརྒྱ་ཕྲག་མྱངས། རི་ཆུ་སྟོང་ཕྲག་བརྒལ་ནས་ཙོང་ཁ་བདེ་ཁམས་ཀྱི་བྲག་དམར་བོ་ཕོ་བྲང་གི་སྦུབས་ནས་ཡིད་ཚིམས་པའི་ངང་ཙོང་ཆུའི་རླབས་སྒྲ་ལ་ཉན་བཞིན་མཚམས་ལ་ཡུན་རིང་བཞུགས་སྐད། དེ་ནི་བྷོད་དམག་གི་རྟ་ཕོའི་རྨིག་སྒྲ་ལ་དོགས་པས་ཀྱང་སྲིད།

                          

དེང་སང་གནས་དེའི་དགོན་མིང་ལ་རྒྱ་སྐད་དུ་པེ་མཱ་སི(白马寺)སྟེ་རྟ་དཀར་དགོན་དུ་བཏགས་པའང་ལོ་རྒྱུས་དེ་ལ་འབྲེལ་བ་ཡོད་པར་བརྗོད། སྤྱི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཁོ་བོ་གནའ་མཁར་ཟི་ལིང་ནས་ལམ་ལ་ཆས་ཏེ་བོད་པ་ཚོས་ཀྱང་ཕིན་ཨན་ཞན་དུ་འབོད་པའི་རྫོང་མཁར་ལ་ལྗོངས་རྒྱུར་ཕྱིན་པ་ཡིན། 《པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར》དང་《ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》དུ་རྫོང་མཁར་འདི་ལ་ཕིན་གྲུང་ཡི་ཞེས་གྲགས་ཤིང་། པན་ཆེན་སྐུ་ཕྲེང་དྲུག་པ་གོང་མ་ཆེན་ལུང་གིས་གདན་དྲངས་པ་ལྟར་ཙི་ནའི་ཡུལ་དུ་ཕེབས་དུས་མཁར་འདིར་ཞག་བཞུགས་མཛད་མྱོང་བ་མ་ཟད། ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་པེ་ཅིང་ནས་དགོན་ལུང་བྱམས་པ་གླིང་དུ་ཆིབས་སྒྱུར་གནང་སྐབས། ཁོང་གི་རྣམ་ཐར་རྩོམ་མཁན་ནམ་ཐུགས་སྲས་ཀྱི་གཙོ་བོར་གྱུར་བ་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་དགུང་ལོ་བཅུ་གསུམ་ལ་སོན་དུས་མཁར་འདིའི་ཉེ་ས་ནས་བླ་མའི་གསེར་ཞལ་ལ་ཐོག་མར་མཇལ་བར་བརྗོད། 

 

རྒྱ་སར་གྱུར་བའི་ཡུལ་གྲུ་འདི་དག་ནི་བོད་བཙན་པོའི་སྐབས་སུ་ཙོང་ཁ་བདེ་ཁམས་ཀྱི་གྲས་སུ་གཏོགས་ཤིང་ཡུལ་འདིའི་རྒྱ་མིང་ཡང་འདི་ལས་ཟུར་ཆགས།  གནས་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། སྙན་ངག་པ་ཡི་དམ་ཚེ་རིང་། བླ་མ་བདག་ཉིད་ཆེན་པོ་བཅས་ཀྱི་ཕ་ཡུལ་ཡིན་པར་མ་ཟད། གནའ་དཔྱོད་རིག་པའི་སྟེང་ནས་ཀྱང་སྐད་གྲགས་ཡོད་དེ་ད་སྔ་འཛམ་གླིང་སྟེང་ཆེས་སྔ་བའི་ཐུག་པ་དཀར་ཡོལ་གང་ཉིད་ཀྱང་ཡུལ་འདི་ནས་བུད་པས་ཡིན། བཙན་པོ་ནོ་མིན་ཧན་གྱི་《འཛམ་གླིང་རྒྱས་བཤད》དུ་“རྒྱལ་བ་གཉིས་པའི་འཁྲུངས་ཡུལ་ཙོང་ཁ་འདི་སྔོན་དུས་བོད་ཀྱི་ཡུལ་དུ་གྲགས་པ་ཞིག་ཡིན་ཞེས་སྔོན་བྱུང་གི་ལོ་རྒྱུས་འགའ་རེ་ན་སྣང་ཡང་། དེང་སང་དུས་དབང་གིས་ཙི་ན་དང་མུ་སུལ་མཱན་སོགས་ཆོས་ཀྱི་མིག་སྡོངས་པ་དུ་མས་ཁེངས་ཡོད་པ་ཙམ་དུ་མ་ཟད། བོད་དང་ཧོར་དག་ཀྱང་རིམ་པར་རྒྱ་ནག་གི་སྟོན་པ་ཁུང་ཙི་དང་། ལཽ་ཙི་དང་། པར་སིག་གི་སྟོན་པ་ན་ནིག་སོགས་ལ་ཡིད་ཆེས་པའི་དུས་ལ་སླེབས་ཡོད།”ཅེས་པའི་ཚིག་སྒྲོས་ལ་དཔགས་ན་ང་བརྒྱད་ཡར་སྔོན་ནས་ཡུལ་གྲུ་འདི་དག་གཞན་སར་གྱུར་ཟིན་སྙམ་ཞིང་། དེ་ཡང་སྤྱི་ལོ་1723ལོར་མཚོ་སྔོན་གྱི་དཔོན་པོ་ཆིང་ཝང་བློ་བཟང་བསྟན་འཛིན་གྱིས་ཆིང་གུར་ལ་ངོ་ལོག་བྱས་པས་དམག་སྤྱི་ཆེན་མོ་ཉན་གུང་ཡོ་དང་གུང་ཡོའུ་སོགས་ཀྱིས་ཕས་རྒོལ་བ་མཐའ་དག་རྡུལ་དུ་བརླག་པར་འདིའི་ཕྱོགས་སུ་གོང་མའི་དཔུང་ཆེན་བཏེགས་པ་ལ་འབྲེལ་བ་ཏན་ཏན་ཡོད་སྲིད་དེ། རྒྱལ་མོ་འབྲུག་པའི་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》དུ་དུས་གཟེར་འདི་ནས་བཟུང་ཡུལ་འདིའི་བོད་ཀྱིས་བོད་སྐད་བཤད་མི་ཆོག་པའི་ཁྲིམས་བཅས་པར་གྲགས་པ་ལ་ཡང་བསམ་རིན་ཡོད་པ་ཞིག་མ་ཡིན་གྲང་། 

ཁོ་བོ་གྲོང་ཁྱེར་ཟི་ལིང་ནས་དམར་གཙང་རྫོང་དུ་རྒྱུགས་པའི་སྤྱི་སྤྱོད་རླངས་འཁོར་ལས་བབས་མ་ཐག་རྐང་ཐང་གིས་ཙོང་ཆུའི་འགྲམ་ངོགས་སུ་མི་ལོ་ཆིག་སྟོང་ལྷག་ལ་ཡུལ་གྲུ་འདིའི་དར་རྒུད་ལ་ཁ་རོག་གེར་སྤྱན་གྱིས་གཟིགས་པའི་དམར་གཙང་དགོན་དུ་བསྐྱོད་པ་ཡིན།   འཇིག་རྟེན་བྱེད་པོ་ཞིག་གིས་བརྩིགས་པ་དང་འདྲ་ཞིང་ལི་ཁྲིའི་མདངས་དང་ལྡན་པའི་བྲག་རྩར་ལྷ་ཁང་ཐོག་བརྩེགས་གསུམ་ཅན་ཞིག་འགྱིངས་པའི་ཚུལ་དུ་གནས་ཤིང་། འདི་ཡི་མདུན་ཐད་དུ་ཙོང་ཆུ་རིང་མོ་ཁེངས་པའི་སྒྲ་ཡང་མེད་པར་དལ་འཇགས་གེར་ཙི་ནའི་ཕྱོགས་སུ་བཞུར་བ་ལ་བསམ་ན་གནས་འདིའི་སྔོན་བྱོན་སྒོམ་ཆེན་པ་དག་གི་རྨི་ལམ་ལ་བགེགས་མི་ཡོང་བའི་སླད་དུ་ཡིན་པ་འདྲ། བྲག་གི་གཤམ་ངོས་སུ་དམར་གཙང་ལྷ་ཆེན་དུ་གྲགས་པའི་བྲག་བརྐོས་ཀྱི་སྐུ་བརྙན་གཏོས་ཆེ་བ་ཞིག་བཞེངས་ཡོད་ལ།  ཆ་ལུགས་དང་བཟོ་རྩལ་ལ་བརྟག་ན་ད་ལྟའི་ལྷ་ཁང་ལས་ཀྱང་མི་ལོ་གྲངས་མེད་འགོར་བའི་ཚོད་དུ་འདུག འདིའི་གཡོན་ཕྱོགས་ཀྱི་བྲག་ངོས་གཟར་བོ་ན་ཁང་བའི་ཆ་སྒམ་གྱི་ཤུལ་དང་འདྲ་ཞིང་སྒེའུ་ཁུང་གི་དབྱིབས་དང་མཚུངས་པ་གཉིས་ལྷག་ཡོད་པའི་ངོས་སུ། སྔོན་གྱི་ལྡེབས་རིས་ད་དུང་ཡང་དུས་ཀྱིས་མ་འཇིགས་པ་ལ་བསམ་ན་འདས་པའི་དུས་ཀྱི་དགོན་འདིའི་གཞི་རྒྱ་དེང་གི་འདི་ལས་ཆེ་བར་སྙམ་པའི་བསམ་པ་ཞིག་ཀྱང་དབང་མེད་དུ་སྐྱེས།  

《མདོ་སྨད་ཆོས་འབྱུང》དུ་གནས་འདིར་བོད་མཁས་པ་མི་གསུམ་གྱི་ཡ་གྱལ་དམར་ཤཱཀྱ་མུ་ནེ་དང་གཙང་རབ་གསལ་གཉིས་ཡུན་རིང་བཞུགས་མྱོང་བས་དགོན་མིང་ལ་ཡང་དམར་གཙང་བྲག་གམ་དམར་གཙང་དགོན་དུ་ཐོགས་པ་དང་། བླ་ཆེན་པོ་དགོངས་པ་རབ་གསལ་གྱིས་ལྷ་ཁང་བཞེངས་ཤིང་། མཐའ་མར་གནས་འདིར་སྐུ་གཤེགས་པས་སྐུ་གདུང་ཡང་སྨན་འདམ་གྱིས་བཞེངས་ཞེས་བྲག་དགོན་པས་གསུངས།  གཞན་ཡང་ཐུའུ་བཀྭན་ཚང་གི་སྙན་རྩོམ་ཞིག་ཏུ་བླ་ཆེན་གྱི་སྐུ་གདུང་ལ་འདི་ལྟར་བསྔགས་ཡོད་དེ། 

“ཐུབ་བསྟན་ཡུངས་འབྲུའི་ཚད་དུ་གྱུར་པ་ཉིད། །

དཔག་བསམ་ཤིང་ལྟར་རྒྱས་མཛད་བཀའ་དྲིན་ཅན། །

དགོངས་པ་རབ་གསལ་སྐུ་གདུང་རིལ་པོ་རུ། ། 

མར་ཚང་བྲག་ན་བཞུགས་པ་མཇལ་ལགས་སམ། ། 

དེ་ཡི་ཞལ་མདངས་ཉིན་བཞིན་འགྱུར་བ་དང་། ། 

ན་བཟའ་སྐྱི་ཆགས་ཐུགས་ཀ་དྲོད་དང་ལྡན། །

སྐབས་འགར་ཚུལ་ཁྲིམས་དྲི་བཟང་འཐུལ་བ་སོགས། ། 

ངོ་མཚར་ཁྱད་ཆོས་ལྡན་པ་གཟིགས་ལགས་སམ། །” 

ཡུལ་ཉམས་དགའ་བ་འདིའི་ཐོག་བརྩེགས་ཅན་གྱི་ལྷ་ཁང་ནས་བླ་ཆེན་པོའི་སྐུ་གདུང་ཅི་ལྟར་བཙལ་ཡང་མ་རྙེད་པས། ཁོ་བོར་བསམ་གཞིགས་ཀྱི་གཤོག་པ་ཐོགས་ཤིང་སྟོང་ཡངས་པའི་འདས་སོང་གི་ནམ་མཁའ་ལ་རང་དབང་གིས་རྩེན་དུ་བཅུག

སྤྱི་ལོ་1240ལོར་ཧོར་དོར་རྟ་ནག་པོའི་སོག་དམག་གིས་མདོ་སྟོད་དང་མདོ་སྨད་ཀྱི་ཡུལ་གྲུ་མང་བོ་ཞིག་གི་མཐོང་ཚད་བསད་པ་དང་བསྲེགས་པ། བཅོམ་པའི་དུས་སྐབས་སུ་མེད་བརླགས་སོང་བ་ཡིན་ནམ། སྤྱི་ལོ1723ལོར་མན་ཛྙི་གོང་མའི་དམག་སྤྱི་ཉན་ཀེང་ཡའོ་(年羹尧)ཡིས་སྣེ་ཁྲིད་པའི་དམག་དཔུང་གིས་གསེར་ཁོག་དང་དགོན་ལུང་དགོན་སོགས་མེ་ལ་བསྲེགས་པ་དང་། སྐུ་འབུམ་ཁྲི་བ་ཆུ་བཟང་རིན་པོ་ཆེ་གསོན་སྲེག་བྱེད་དུས་སུ་གཏོར་བཅོམ་བྱས་པ་ཡིན་ནམ། ཡང་ན་དམག་ཤེད་ཅན་མ་པུའུ་ཧྥང་(马步芳)གི་ཁྱིམ་རྒྱུད་ཀྱིས་མཚོ་སྔོན་ལ་དབང་ཤུགས་ཀྱིས་ཁ་ལོ་སྒྱུར་དུས་ཙོང་ཆུར་བསྐྱུར་བ་ཡིན་ནམ། དེ་མིན་ད་དུང་ང་བརྒྱད་ལོ་དང་རིག་གསར་སྐབས་སུ་བཅིངས་གྲོལ་བ་ཚོས་ཐོ་བས་རྡུང་བ་ཡིན་ནམ། སྔོན་ཐོན་པ་ཚོས་སྟ་རེས་གསིལ་བ་ཡིན། 

དེ་ལྟར་བསམས་ཤིང་སེམས་ཞོར་བྱ་གཞུང་དབྱངས་བྷའི་《ཕ་སའི་མགྱོགས་བྲིས》སུ་གསལ་བའི་སྙན་ཚིག་རྐང་གཅིག་དལ་མོས་གྱེར་ཞོར་དམར་གཙང་བྲག་དང་ཁ་བྲལ་བ་ཡིན། 

 

ཟུར་བཀོད།

                     དམར་གཙང་དགོན་དུ་ཕྱིན་པ།

                                                       བྱ་གཞུང་དབྱངས་བྷ།

ཉི་མ་ལྷ་ས། ཐག་རིང་ཐག་རིང་གི་ཉི་མ་ལྷ་ས་ནས།

མི་ཕོ་གསུམ་གྱིས་ཆོས་འདུལ་བ་དྲེལ་ལ་བཀལ་ནས་བསླེབས་བྱུང་། 

གཟན་དམར་གྱི་གོས་འདབ་ལྷབ་ལྷུབ། བྲེད་དངངས་ཀྱི་ཕྱི་མིག་ལང་ལིང་།

ཟླ་ལམ་ཉིན་གྱིས་གཞལ་ནས་བསླེབས་བྱུང་།

དུས་དེར་མི་ནག་རྟ་ནག་བེར་ནག་ཅན། 

མི་དཀར་རྟ་དཀར་བེར་དཀར་ཅན་ཞིག་ཀྱང་སྡང་བའི་སོ་སྒྲ་ཐག་གེར། 

བཅོས་མའི་འཛུམ་ཆུང་ལྷང་ངེར།

ལྷ་ཇོ་བོའི་སྐུ་མདུན་ནས་ག་ལེར་མངོན། 

སྐད་ཅིག་སྐད་ཅིག་ལ། མདའ་མོ་དེ་མཐེབ་བར་ནས་ཤོར་སོང་། 

སྐད་ཅིག་སྐད་ཅིག་ལ།ལྟོང་ཁ་དེ་གཞུ་རྒྱུད་དང་གྱེས་སོང་།

སྐད་ཅིག་སྐད་ཅིག་ལ། མདེའུ་དེ་སྔོ་སིང་ངེར་ལོ་རྒྱུས་ཀྱི་སྙིང་རྩར་ཟུག་སྟེ་ལུས།

དེ་ནས་བཟུང་། ལྷ་སའི་རྡོ་རིང་གི་ཡི་གེ་དེ་ཀློག་འཕྲོར་ལུས་སོང་། 

དེ་ནས་བཟུང་། མི་ནག་རྟ་ནག་བེར་ནག་ཅན། 

མི་དཀར་རྟ་དཀར་བེར་དཀར་ཅན་དེ་བྲག་ལྕིབས་ལ་འུག་པ་བཞིན་བསྐུངས་སོང་། 

དེ་ནས་བཟུང་། མི་ཕོ་གསུམ་པོས་ཞེ་ལྷོད་པོར་ཇ་སྐོལ་བཞིན་ཆོས་འདུལ་བས། གྲི་མདུང་མཚོན་ཆ་ལ་གོམས་ཤིང་གྲི་མདུང་མཚོན་ཆ་བཞིན་རྣོ་བའི་གཏུམ་དྲེགས་ཀྱི་སེམས་པ་གྱོང་པོ་དག་མཉེད་འགོ་བརྩམས། 

དེ་ནས་བཟུང་། མགོ་བོ་སྒུར་དགོས་བྱུང་ཐེངས་རེར། མི་ནག་རྟ་ནག་བེར་ནག་ཅན།མི་དཀར་རྟ་དཀར་བེར་དཀར་ཅན་དེ་དྲན་ལ། ཕམ་ཉེས་ཀྱི་ཕྲག་གདང་ལྷོད་ཐེངས་རེར། ཆོས་འདུལ་བ་དྲེལ་ལ་བཀལ་བའི་མི་ཕོ་དེ་ཚོ་ཡང་ཡང་དྲན།

ཞེས་པ་འདི་ནི་རེབ་གོང་སྒོ་དམར་དོར་སྡེའི་རིགས་ལས་མཆེད་པའི་སྒོ་བུ་ཤ་བོ་ཚེ་རིང་བྱ་བ་སྟེ།   ལོ་རྒྱུས་དང་ལྗོངས་རྒྱུ་ལ་མོས་པའི་སློབ་གཉེར་བ་གང་དེས་ཤིང་རྟ་ལོའི་དབྱར་གཞུང་ལ་ཕ་ཡུལ་དུ་ལོག་ཁར་ཕྱི་དར་བསྟན་པའི་ཆུ་མགོར་བགྲངས་འོས་པའི་དམར་གཙང་བྲག་ཏུ་གནས་མཇལ་ལ་ཕྱིན་པའི་ཡུལ་སྐོར་རྩོམ་ཐུང་ཞིག་བྲིས་ཤིང་། འདི་ལོར་དཔེ་ཀློག་ལས་ཡུལ་འདིའི་ལོ་རྒྱུས་ཐོར་བུ་རེ་རྙེད་པ་དག་བསྐྱར་དུ་ལྷན་ཐབས་ཀྱི་ཚུལ་དུ་ཁ་བསྐངས་པ་དགེའོ། །

          སྤྱི་ལོ་2014ལོའི་སྤྱི་ཟླ་7པའི་ཚེས་16ཉིན་ཕ་ཡུལ་སྒོ་དམར་དུ་བྲིས།

          སྤྱི་ལོ་2015ལོའི་སྤྱི་ཟླ་6པའི་ཚེས་17ཉིན་གྲོང་ཁྱེར་ལན་ཀྲུ་རུ་བཅོས།