ལྷ་བཟོ་ནི་ལྷ་འབྲི་བཞེངས་བྱེད་པའི་གང་ཟག་ལ་གོ་བའི་དབང་དུ་བྱས་ན། ཅིས་ཀྱང་ལྷ་ཆོས་ཀྱི་གཞུང་ལུགས་དང་མཐུན་པ་ཞིག་བྱེད་རྒྱུ་ནི་གལ་ཆེ་སྟེ། དེས་ན་ལྷ་ཆོས་ལས་གསུངས་པའི་ལྷ་བཟོ་དེ་གང་འདྲ་ཞིག་ཡིན་དགོས་ཞེ་ན། དེ་ནི་རྒྱུད་ལས་གསུངས་པའི་ལྷ་བཟོ་བའི་ཚད་གཞི་ལ། རྩ་བའི་ཆ་རྐྱེན་ནི་དཀོན་མཆོག་གསུམ་ལ་དད་པ་ཡོད་པ་གཞིར་བཞག་གི་སྟེང་ནས་མདོ་ཕྱོགས་ཀྱི་ལྷ་རྣམས་འབྲི་ན། མ་མཐའ་ཡང་དགེ་བསྙེན་ལྟ་བུའི་སྡོམ་གང་རུང་ཞིག་རྒྱུད་ལ་ལྡན་དགོས་ལ་ལྷག་པར་དུ་ལྷ་འབྲི་བཞེངས་ཀྱི་གནས་སྐབས་སུ་བསྙུང་གནས་ཀྱི་སྡོམ་པ་བླངས་ཏེ་བྲིས་ན་ཡག སྔགས་བླ་མེད་ཀྱི་ལྷ་ཁྲོ་བོ་དང་ཡབ་ཡུམ་ཞལ་སྦྱོར་རྣམས་འབྲི་བཞེངས་བྱེད་པ་ལ་ཐོག་མར་ལྷ་གང་འབྲི་བར་བྱེད་ནའང་དབང་ཞིག་ངེས་པར་ཐོབ་དགོས་ལ། དེར་མ་ཟད་བསྙེན་པ་ཅུང་ཟད་རེ་འགྲོ་དགོས་འདུག དེའི་སྟེང་སྡོམ་དང་ལྡན་པར་བྱས་ནས་བྲིས་ན་རང་ལ་ཡང་ཚོགས་བསགས་སུ་འགྲོ་ཞིང་། བཞེངས་བྱའི་ལྷ་རྟེན་དེའི་ངོས་ནས་ཀྱང་ཚད་ལྡན་དུ་སོང་ཡོད།

 དེ་ལ་ལྷ་བཟོ་ཚད་ལྡན་དང་ཚད་དང་མི་ལྡན་པ་གཉིས་ལས་དང་པོ་ནི། ཇི་སྐད་དུ། ལྷ་བཟོ་མཁས་དང་གཙང་སྦྲ་བསྙེན་གནས་ལྡན། །གསང་སྔགས་ནང་པར་དབང་ཐོབ་དམ་ཚིགས་ཅན། །རྒྱུ་དང་ལག་ཆར་བཅས་པ་བྱིན་གྱིས་བརླབ། ། ཅེས་གསུངས་ཤིང་དེའི་དོན་ནི། སྤྱིར་བཟོ་རིགས་པའི་གནས་ལ་མཁས་པ་ཞིག་དང་། གཙང་སྦྲ་ཡོད་པའི་སྒོ་ནས་འབྲི་དགོས་པ། སྤྱིར་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་སྟེང་། ལྷ་འབྲི་བཞེངས་བྱེད་སྐབས་སུ་བསྙེན་གནས་ཀྱི་སྡོམ་པ་ལེན་དགོས་ཤིང་བསྙེན་གནས་ཀྱི་སྡོམ་པ་ལ་ཉིན་མོ་དང་མཚན་མོའི་སྡོམ་པ་གཉིས་ཡོད་པའི་གང་རུང་ཞིག་བླངས་ནས་འབྲི་དགོས། དེ་ལྟར་བྲིས་ན་རང་གི་ཚོགས་བསགས་དང་རྒྱུ་དངོས་ཅུང་ཟད་རེའང་རྙེད་པའི་རྒྱུ་རུ་ཡང་འགྲོ་བས་དེ་ལྟར་བྱས་ན་ཡག་ལ། རྒྱུད་ལས་སྔགས་པ་ལས་དང་པོ་བ་རྣམས་ཀྱིས་ལྷ་དང་སྐུ་གཟུགས་བྲི་བར་བྱས་ན་རང་ལ་དངོས་གྲུབ་ཐོབ་པའི་རྒྱུ་རུ་འགྱུར་བ་སོགས་ཀྱི་གནད་ཁྱད་པར་བ་ཡོད་པར་ཡང་གསུངས་ཡོད། ལྷ་པར་སྔགས་བླ་མེད་ཀྱི་ལྷ་འབྲི་བ་ལ་ལྷ་གང་རུང་ཞིག་གི་དབང་ཐོབ་དགོས་ལ་དབང་ཐོབ་རྗེས་དེ་ལས་གསུངས་པའི་དམ་ཚིགས་ལ་གནས་པ་ཅན་ཞིག་དགོས་པ་དང་། ལྷ་འབྲི་བཞེངས་བྱེད་སྤྱད་ཀྱི་ལག་ཆ་རྣམས་སྔགས་དང་ཆོ་གས་བྱིན་གྱིས་བརླབ་པར་བྱ་དགོས་སོ་ཞེས་པའོ།།

 གཉིས་པ་མཚན་ཉིད་དང་མི་ལྡན་པའི་ལྷ་བཟོའམ་ལྷ་བཟོར་མི་རུང་བའི་མི་ནི། ཡོན་ཏན་མི་མཁས་ང་རྒྱལ་ཆེ། །འགྲོགས་པ་མི་བདེ་བཀུར་སྟི་འདོད། །འཕྲལ་དུ་ཚིག་རྩུབ་ཕུགས་འདོད་ཆེ། །ཡོན་རྒྱགས་གླ་ཐང་ཚད་མེད་འབེབ། །དེས་ཀྱང་མི་ཚིམས་རྒྱུ་ཆ་རྐུ། །ཅུང་ཟད་ཙམ་ལ་བཟོ་འཕྲོ་འཇོག །འགྲོ་སྡིག་བྱེད་ཅིང་ནག་ཆང་འདོད། །དགེ་ལས་སྡིག་པར་བསྒྱུར་མཁན་ཡིན། །ཞེས་གསུངས་པའི་དོན་ནི། རྒྱུད་ལས་བཤད་པ་དང་མཐུན་པའི་ལྷ་འབྲི་བཞེངས་བྱེད་པའི་ཡོན་ཏན་ཅི་ཡང་མེད་ཀྱང་། དེ་དག་སྣང་མེད་བཞག་ནས་རང་བཟོའི་ང་རྒྱལ་གཏོས་ཆེན་པོ་ཡོད་པ། གཞན་སུ་ཡིན་ཡང་འགྲོགས་པར་མི་བདེ་བར་རྒྱུད་ང་རྒྱལ་དང་ཕྲག་དོག་གིས་ཁེངས་པ། ལྷ་འབྲི་བཞེངས་བྱས་པའང་སྙན་གྲགས་དང་བཀུར་སྟི། ཡོངས་འབབ་ཀྱི་ཁེ་བཟང་ཁོ་ནའི་ཆེད་དུ་བྱེད་པ། གུས་ལུགས་མི་ཤེས་པར་རང་གི་སློབ་དཔོན་དང་སློབ་མ་སོགས་གཞན་ལ་ཚིག་རྩུབ་པོར་སྨྲ་ཞིང་། ལྷ་འབྲི་བཞེངས་ཀྱི་བྱ་བ་ཐམས་ཅད་རང་ལ་ནོར་སོགས་ཐོབ་འདོད་ཀྱི་འདོད་པ་ཆེན་པོས་ཀུན་ནས་བསླངས་པ་ཅན། ལྷ་འབྲི་བར་བྱེད་པ་ལ་དེའི་ཡོན་ནམ་རིན་པ་དང་། རྒྱགས་ཏེ་བྲོ་ཟན་སོགས་མཐོན་པོ་མང་བོ་དཔེ་མི་སྲིད་པ་ཞིག་དགོས་པར་གླེང་བ། དེས་ཀྱང་མི་ཚིམས་པར་གསེར་དངུལ་སོགས་ཀྱི་རྒྱུ་ཆ་རྐུ་བ། ཡོན་བདག་གིས་ཅུང་ཟད་ཉེས་པར་སྣང་ན་བཟོ་འཕྲོ་འཇོག་པ། འགྲོ་ཞོར་དུ་བསྡིགས་པ་དང་རྒྱུན་པར་ཡིད་ལ་ནག་མོ་དང་ཆང་འཐུང་རྒྱུ་སོགས་འཆང་བ་དེ་འདྲ་ནི་ལྷ་འབྲི་རྟེན་བཞེངས་ཀྱི་དགེ་ལས་དེ་དག་སྡིག་པར་བསྒྱུར་མཁན་ཡིན་ཞེས་པའོ། །

ང་ཚོས་གོང་གི་ལུང་འདིས་ལྷ་བཟོའི་ཚད་གཞི་ཤེས་པར་བྱ་དགོས་ལ་དེ་ལྟར་བསམ་ན་ང་ཚོའི་ཡུལ་ལུང་དུ་ལྷ་བཟོ་ཚད་ལྡན་ག་ཙམ་ཡོད་པ་དང་། ཚུལ་མིན་གྱི་ལྷ་བཟོ་ག་ཙམ་ཡོད་པ་ཧ་གོ་ཡོང་གི་ཡོད་པ་རེད། ངས་ཉིན་འགའ་ཞིག་གི་སྔོན་ལ་ད་ལྟའི་ལྷ་བཟོ་ཕལ་ཆེར་ལ་ལྷ་བཟོ་མི་ཟེར་བར་ཚོང་བ་ལག་བདེ་དེ་དག་ཅེས་བཤད་པར་ཀུན་གྱིས་བསྡིགས་ཀྱིན་ཡོད་ནའང་འདི་ལས་ཕལ་ཆེར་ངའི་སྐད་ཆ་དེ་དག་གི་ཧ་གོ་ཡོང་ངེས།

གོང་གི་ལུང་འདི་ལས་ང་ཚོའི་ལྷ་འབྲི་བ་པོའི་མིའི་རྒྱུ་སྤུས་མཐོར་འདེགས་ཀྱི་ཁྱད་པར་བཤད་ཡོད་མོད། ད་ལྟའི་དུས་འདིར་ཕལ་ཆེར་ནི་རྒྱུ་དང་གྲགས་པ་ཁོ་ནས་རྗེས་སུ་བརྒྱུགས་ཏེ་ལྷ་བཟོ་མཚན་ཉིད་པའི་ཆ་རྐྱེན་དག་ནི་གྲངས་ཙམ་ཡང་མི་ཤེས་པའི་ཚད་ལ་ལྷུང་ཡོད་པ་ནི། བོད་མི་རིགས་ཀྱི་བཟོའི་རིགས་གནས་འདི་མི་ཏིང་འཆི་ལམ་ལ་འདེད་པའི་ཉེར་བསྡོགས་རྩོམ་པ་དང་འདྲ་ལ། ཁྱད་པར་ནང་གི་ཡོན་ཏན་བསྐྱུར་ནས་ཕྱིའི་ལག་རྩལ་ཁོ་ནའི་རྗེས་སུ་རྒྱུགས་པ་ནི་བཟོ་རིགས་པའི་གྱོང་ཡིན་པ་ལས་ཡར་ཐོན་ཞིག་ཡིན་པར་རྩ་བ་ནས་མི་སེམས་ལ་ལྷག་པར་ད་ལྟའི་ལྷ་བཟོ་གསར་བུ་པ་ཁ་ཤས་ཀྱིས་དཔེ་ཆར་མི་ལྟ་བ་དང་རྒན་པའི་ངག་ལ་མི་ཉན་པར་རང་འདོད་དང་ཨུ་ཚུགས་ཀྱིས་རང་སྣང་གང་ཤར་བྱེད་པ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རི་མོའམ་ལྷ་རིས་ཚད་ལྡན་འབྲི་བཞེངས་བྱེད་པའི་དགྲ་རུ་ལངས་ཤིང་དེ་རྩད་མེད་དུ་གཏོང་བའི་གཤེད་མ་ཉག་གཅིག་ཏུ་བསམ་པས་རང་གིས་རང་གི་རིག་གཞུང་ལ་ཤ་ཚ་ན་ད་ནས་ཅིས་ཀྱང་ཚད་ལྡན་གྱི་ཕྱོགས་སུ་འབད་འོས་པར་སེམས་སོ།།

དུས་ཚོད་ཀྱི་དབང་གིས་མྱུར་སྤེལ་བགྱིས་པ་ཡིན་པས་འདི་ལ་ཡི་གེ་ཆད་ནོར་སོགས་ཡོད་ན་དགོངས་དག་ཞུ།

 

༢༠༡༨ལོའི་བོད་ཟླ༧པའི་ཚེས༡༦ལ་རྨ་ཡུལ་ཁྲི་ཀར།