ཉིན་འགའི་སྔོན་ལ་དྲྭ་ལམ་ནས་ཉེ་བའི་སློབ་དཔོན་རིན་པོ་ཆེའི་སྐུ་སྒེར་གྱི་དཔེ་མཛོད་ཁང་མཇལ་བའི་བསྐལ་བ་བཟང་བོ་ཐོབ།དེའི་ནང་གི་འབོལ་ཆེ་བའི་དེབ་གྲངས་དང་རིག་ཚན་སྣ་འཛོམས་ཡིན་ཚུལ་ལ་ང་རང་དངོས་གནས་ཧ་ལས་ཧང་སང་།དམ་པ་ཁོང་གི་དཔེ་མཛོད་ཁང་མཐོང་བ་དང་མཉམ་དུ་རང་སེམས་ན་སྔར་ནས་ཡོད་པའི་ཀུན་སློང་ཞིག་མེ་རི་འབར་འབར་གྱིས་ཡང་ཡང་འཕྱུར་སོང་བས་ཅིས་ཀྱང་ཡི་གེའི་གཟུགས་སུ་མ་བཏབ་ན་རང་སེམས་མི་བདེ་བའི་ཚོད་རེད།  སྤྱིར་གྱི་ན་ཤེས་རིག་དང་དམ་པའི་བར་ལ་གཅོད་འདོད་ཀྱང་ཆོད་ཐབས་མེད་པའི་འབྲེལ་བ་ཞིག་ཡོད།འབྲེལ་བ་དེ་ནི་ཏན་ཏན་དམ་པ་དང་ཤེས་རིག་གི་བར་མ་གཏོགས་བླུན་པོ་དང་ཤེས་རིག་གི་བར་ལ་དེ་འདྲ་ཆགས་སྲིད་པ་མ་རེད།

གོ་ཐོས་ལ།དུང་དཀར་རིན་པོ་ཆེས་བོད་ཀྱི་དཔེ་ཆའི་གསུམ་ཆའི་གཅིག་བཀླགས་ཟིན་སྐད།དེ་ནི་ཡིན་དང་ཡིན།སྐྱེ་བོ་ཕལ་དང་ཕལ་གྱི་བློ་ཡུལ་ལའང་ཤར་དཀའ་བའི་ཐོས་བསམ་གྱི་ནང་རྫོང་མཐུག་པོ་མེད་ན་བསྐལ་བའི་བར་དུ་རང་ཉམས་མི་ཤོར་བའི་བརྩམས་ཆོས་ཅི་ལ་རྩོམ་ཐུབ་ཨང་། རྣམ་དཔྱོད་ཀྱི་རྩལ་དང་ཤེས་རབ་ཀྱི་མཐུ་ཆེན་པོ་ལ་བརྟེན་པ་མ་ཡིན་ན།དགེ་ཆོས་ཞེས་འཛམ་གླིང་ན་གྲགས་པ་འབར་ཞིང་རང་གིས་རང་ལ་བེེཌྰུརྱའི་བུམ་པར་འབོད་པའི་སྙིང་སྟོབས་དང་གདེང་ཚོད་གང་ནས་སྐྱེ་འོང་ཨང་། རྒྱལ་སྲིད་ལ་ཞབས་ཞུ་བྱེད་པའི་བློ་གྲོས་སྣ་འཛོམས་པོ་དང་ཅི་བྱས་ཕུ་ཐག་རིང་བའི་མཛད་པ་མི་ལོ་མང་པོར་བསྐྱངས་པ་མིན་ན་མགར་དམ་པ་ཞེས་བོད་མི་དམངས་ཀྱིས་མི་ལོ་སྟོང་གི་རྗེས་ནས་ད་དུང་མི་བརྗེད་དགོས་དོན་ཅི་ལ་ཡོད། གཙང་སྨྱོན་གྱི་རིགས་པའི་ཀློང་བརྡོལ་ཏེ་ཚིག་རྩལ་གྱི་མཐུ་ལ་བརྟེན་པ་མིན་ན་མི་ལ་བཞེངས་ཐབས་མེད།མི་ལའི་བདེ་སྡུག་རོ་སྙོམས་ཀྱི་སྙིང་སྟོབས་ནི་གཙང་སྨྱོན་གྱི་སྨྱུག་རྩེ་ནས་ལྷུག་པོར་ཐོན་ཏེ་རི་ཁ་བ་ཅན་མ་ཟད་ཀྱི་འགྲོ་བ་སྤྱིའི་སྤྱི་དཔལ་དུ་ཤར་བ་རེད།དེ་ལྟར་ན་མི་ལ་ནི་གཙང་སྨྱོན་གྱི་ལག་མཐིལ་ནས་ཡར་ལངས་པའི་ནང་པའི་དཔའ་བོ་ཆེན་པོ་ཡིན་ཞེས་བརྗོད་ཀྱང་སྐྱོན་མེད་པ་རེད།. རྒྱ་གར་བའི་མིག་འབྲས་སུ་བསྔགས་པའི་ཇོ་བོ་རྗེ་བོད་དུ་མ་བྱོན་ན།ཁོང་ནི་རྒྱ་གར་ལུང་པའི་ལོ་རྒྱུས་ཀྱི་ཀློང་དུ་འཐིམས་པའི་མཚན་བྱང་མང་པོའི་ཁྲོད་ཀྱི་གཅིག་ཡིན་པ་ལས་མཛད་འཕྲིན་དེ་འདྲ་རྒྱས་ཁག་པོ་རེད།ལྷ་བླ་མའི་ཐུགས་སྟོབས་དང་ལོ་ཙྰ་བའི་སྙིང་རུས།སློབ་བུའི་ཐབས་མཁས་པའི་བསམ་བཀོད་ནི་ཇོ་བོ་རྗེའི་འཕྲིན་ལས་དར་བའི་མཐུན་རྐྱེན་ཡིན།དེས་ན་ཇོ་བོ་རྗེ་ནི་དམ་པ་གཙུག་ཏུ་བཀུར་བའི་མི་བུ་མང་པོའི་ཁྱོན་ཡངས་པའི་བློ་ཁོག་ལས་འཁྲུངས་པ་ཡིན་པས།ཇོ་བོ་བོད་ལ་དྲིན་ཆེ་ལ་བོད་ནི་ཇོ་བོ་ལ་དྲིན་ཆེ། དེ་ལྟར།དམ་པ་དམ་པ་ཟེར་བའང་མི་མང་པོའི་རམ་འདེགས་འོག་ནས་ཡར་བགྲེང་པ་ཆོས་ཉིད་དང་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན།

དམ་པ་ཞིག་འཁྲུངས་པར་ཕྱི་ནང་གི་མཐུན་རྐྱེན་གཉིས་ཡོད།སྐུ་སྒེར་ངོས་ནས་གླེང་ན་རང་རྒྱུད་ཀྱི་ཡོན་ཏན་དང་མི་གཞི་སོགས་ནི་ནང་གི་མཐུན་རྐྱེན་ཡིན།དམ་པ་དམ་པར་བརྩི་མིན་ཕྱིའི་མཐུན་རྐྱེན་རེད།སྤྱི་ཚོགས་ཤིག་ལ་མཚོན་ན་གལ་ཆེ་ཤོས་ནི་ཕྱི་མའོ།། རང་རེའི་བོད་ལ་མཚོན་ན།དམ་པ་བཀུར་བའི་སྲོལ་རྒྱུན་ཤུགས་དྲག་པོ་ཡོད་རེད།བཙན་པོ་ནས་རྒྱུ་དངོས་འབོལ་ཆེན་གཏོང་བ་དང་ལོ་ཙྰ་བ་མང་པོ་བཏང་ནས་ཕྱོགས་དང་ཕྱོགས་ཀྱི་ཤེས་རབ་ཆེན་པོ་གུས་པས་བསུས་ཏེ་རི་ཁ་བ་ཅན་གྱི་ཤེས་རིག་གི་སྲོག་ཤིང་ལ་ཟུངས་བཅུད་གསར་བ་ཁ་སྣོན་བྱས། དོན་དུ།དམ་པ་རང་ཕྱོགས་སུ་འབྱོན་ན་འདོད་པའི་བཙན་པོའི་ཐུགས་དགོངས་དང་།ལོ་ཙྰ་བས་སྲོག་བསྡོས་ཀྱི་དཀའ་ངལ་གདོང་ལེན་བྱེད་པ་དང་།བོད་འབངས་ནས་གུས་ཞེད་ཆེན་པོས་དམ་པ་རྣམས་གཙུག་ཏུ་བཀུར་ཞིང་སྲིད་འབྱོར་གང་ཅིའི་ཐད་ནས་མཐུན་རྐྱེན་ཅི་འཛོམ་འཛོམ་སྤྲད་པ་ནི་དམ་པར་གུས་ཞེད་བྱེད་པའི་སྙིང་སྟོབས་ཀྱི་མངོན་སྟངས་ཤིག་ཡིན། དེང་སང་བོད་ཀྱི་ན་གཞོན་མང་བོའི་སེམས་རྒྱུད་ལ་དམ་པར་གུས་ཞེད་བྱེད་པའི་སྙིང་སྟོབས་དེ་བས་དཀོན་པ་རེད།དཔེ་ཆ་གང་ཞིག་དང་བསམ་བློ་གང་ཞིག་རང་རེའི་གནས་བབ་ལ་འཚམ་མིན་སོགས་ལ་བསམ་བློ་ཡེ་ནས་མི་གཏོང་བར་གཞུང་ནས་བཀག་གནང་གི་རིམ་པ་ལས་ཐོན་པའི་ལྟ་བ་ཆིག་རྐྱང་ཅན་གྱི་དཔེ་ཆ་ལ་ཞེན་པའི་ལད་ཟློས་བྱས་བྱས་པའི་མཐའ་མར།རང་ཉིད་ལྟ་བ་མཁྲེགས་འཛིན་ཅན་ཡིན་བཞིན་དུ་དཀྱེལ་ཡངས་གླེང་ཁུལ་བྱེད།རང་གིས་ཅི་ཞིག་ཤེས་སོང་བ་ནི་སྔོན་བྱོན་དམ་པའི་སྐུ་དྲིན་དང་ཁ་འབྲལ་ཐབས་མེད་པ་ཤེས་ཤེས་ལ་རང་ཁོ་ནའི་འཇོན་ཐང་ཙམ་ཡིན་མདོག་སྟོན་པ།ཁྱིམ་མཚེས་ཀྱི་རིག་གནས་ལས་བརྒྱ་སྟོང་སྲུབས་པའི་སྙིགས་རོ་མི་དཔྱོད་མི་བརྟག་པར་མུ་ཏོ་བའི་ཟས་བཞིན་རྔམ་བཟའ་རྔམ་འཐུང་བྱས་རྗེས་ཁ་ཕྱིར་འཁོར་ཏེ་དགག་སྒྲུབ་ཟེར་བའི་ཐ་སྙད་རྫིག་རྫིག་པོ་དེ་འཁྱེར་ནས་ཡོད་ཚད་ཁས་མི་ལེན་པའི་སྙིང་ཁམས་བླ་ན་ཆེ། བདེན་ཏེ།དགག་སྒྲུབ་ཤིན་ཏུ་གལ་ཆེན་པོ་རེད།ཤེས་རིག་གི་འཕེལ་འགྲོས་ལ་བརྟག་ན་རིག་པའི་གནོད་པ་མེད་པའི་གཞུང་ངམ་ལྟ་བ་གང་ཡིན་ཡང་དགག་སྒྲུབ་ཀྱི་ལམ་ཁ་མ་བརྒྱུད་པ་མེད།གྷི་རི་སི་ནས་དར་འོང་བའི་ནུབ་ཕྱོགས་མཚན་ཉིད་རིག་པ་དང་དམངས་གཙོའི་བསམ་བློ།ཨ་མེ་རི་ཁ་གླིང་ནས་དར་བའི་ཁྲིམས་སྲིད་ཀྱི་བསམ་བློ།ཡོ་རོབ་ནས་དར་བའི་སྒྱུ་རྩལ་གྱི་ལྟ་གྲུབ།རྒྱ་གར་ནས་དར་བའི་ནང་བསྟན་མཚན་ཉིད་རིག་པ་སོགས་མིའི་རིགས་ཀྱི་ནང་ནོམ་དུ་ཉར་ཆོག་པ་ཐམས་ཅད་དགག་སྒྲུབ་ལས་ཐོན་པ་ཤ་སྟག་ཡིན། དེ་ཡང་ང་ནི་བདེན་པ་བདེན་རྐྱང་ཡིན་འདོད་པའི་ང་རྒྱལ་དང་དེ་ལས་འཕྲོས་ཏེ་དགག་སྒྲུབ་ཀྱི་དགོས་པ་ཁས་མི་ལེན་པའི་ལངས་ཕྱོགས་ནི་རང་ཉིད་ཐལ་མཐར་སྟུངས་པའི་རྐྱེན་ངན་ཙམ་ལས་གང་ཡང་མིན།ཡང་གོ་བ་ལྡོག་སྟེ་བཤད་ན།དགག་རྐྱང་བྱེད་པ་ལས་གཞན་གང་ཡང་ཁས་མི་ལེན་པའི་སེམས་ཁམས་ནི་གོང་གི་ལྟ་ཚུལ་དང་ངོ་བོ་གཅིག་པ་སྟེ།རྗེ་ཨུ་རྒྱན་པས།གཞན་གྱི་སྐྱོན་ལ་བརྟགས་པ་ནི་རང་སྐྱོན་གྱི་དང་པོ་ཡིན①ཞེས་གསུངས་མྱོང་པ་དངོས་གནས་གནད་ལ་འཁེལ་བ་རེད་ཨང་།

སྔོན་ཆད་གྲོགས་པོ་འགའ་དང་མཉམ་དུ་ཁ་བརྡ་བྱེད་པའི་སྐབས་ཤིག་ལ་དམ་པའི་བྱིན་རླབས་ཅེས་ལབ་པ་ལ།གཅིག་གིས།དམ་པའི་བྱིན་རླབས་ཟེར་ན་གང་རེད་སྟོན་དང་ཟེར།སྐབས་དེར་ངས་ཁོང་ལ།དམ་པའི་བྱིན་རླབས་ཟེར་བ་མཐོང་རེག་ཡོད་པའི་དངོས་པོ་རྡོག་རྡོག་པོ་གཅིག་ཡིན་པའི་ངེས་པ་མེད།དམ་པ་ཚོས་ལེགས་པའི་ལས་གང་བྱས་པའི་འབྲས་བུ་ཡག་པོ་ཕྱི་རབས་པའི་ལོངས་སུ་སྤྱོད་ཡུལ་དུ་གྱུར་ཚེ་དེ་ནི་བྱིན་རླབས་ཡིན་ཞེས་ལན་བཏབ་པ་ཡིན། གནའ་བོའི་གྷི་རི་སིའི་ཤེས་རིག་གིས་ཡོ་རོབ་ལ་ཤེས་དཔལ་གྱི་འཇིག་རྟེན་གསར་བ་ཞིག་བསྐྲུན་པ་མ་ཟད།དེའི་རླབས་རྒྱུན་གྱིས་འཛམ་གླིང་ཧྲིལ་བོར་ཤུགས་རྐྱེན་མུ་ནས་མུ་རུ་འདོན་བཞིན་པ་གྲལ་མཐའ་བ་ང་ཚོའི་ལུས་སེམས་གཉིས་ཆ་ནས་མངོན་སུམ་མྱོང་གྲུབ་མ་ཡིན་ནམ།དེ་ནི་དམ་པའི་བྱིན་རླབས་ཡིན། རོམ་གྱི་ཆབ་སྲིད་ལམ་ལུགས་ལ་དཔེ་ལྟོས་ཀྱིས་དར་འོངས་པའི་ལམ་ལུགས་གང་དེས་མིའི་རིགས་ལ་ཕུགས་འཁྱོང་ཡུན་གནས་ཀྱི་བདེ་བ་འཚོལ་བའི་ལམ་ལུགས་ཤིག་གི་དབུ་འཁྱུད་བྲིས་པ་རེད།འབངས་མིའི་བདེ་སྡུག་ཁྲིམས་ལ་ཁེན་པའི་བསམ་བློ་རྒྱ་ཆེན་པོ་ཤུགས་དྲག་པོ་དར་བའང་དམ་པའི་བྱིན་རླབས་ཡིན། སྨག་གནག་པའི་དུས་རབས་དཀྱིལ་མ་ཟེར་བ་དེའང་ཤེས་རིག་གི་མེ་སོན་སྟོབས་ཀྱིས་འབར་བའི་དུས་རིམ་རིང་མོ་ཞིག་ཡིན།མིའི་རིགས་ཀྱི་གལ་ཆེ་བའི་ཚན་རིག་ཤེས་བྱ་མང་བོ་དེ་དུས་སུ་གསར་དུ་རྙེད་པ་རེད།འདི་ལྟ་བུའི་སྐབས་སུའང་དམ་པའི་བྱིན་རླབས་སྔར་བཞིན་ཉམས་མ་མྱོང་། འདི་དང་འདི་ལྟ་བུ་ནི་དམ་པའི་ཐུགས་སྟོབས་ལས་འཁྲུངས་པའི་བྱིན་རླབས་ཏེ།ང་ཚོ་ལ་ཕན་ཐོགས་པ་མ་ཟད་ཀྱི་ང་ཚོའི་བུ་རབས་ཚ་རྒྱུད་ལའང་ཕན་ཐོགས་ངེས་ཅན་ཡོད་པ་ཐེ་ཚོམ་ཅི་ལ་དགོས། ལུའུ་ཏྲིན་གྱིས།ང་ནི་མི་ཆེན་གྱི་ཕྲག་སྟེང་ནས་ལངས་ཡོད་ཅེས་གསུངས་པ་ལྟར།འཇིག་རྟེན་འདིར་རིག་པ་ཁེར་སྐྱེས་ཤིག་ཡོད་པ་མི་འདོད་ལ།གཞན་དང་གཞན་གྱི་རིག་པའམ་ཤེས་ཡོན་ནམ་འཇོན་ཐང་ལ་རེ་མི་དགོས་པའི་མི་ཞིག་ཡོད་པ་གཏན་ནས་མི་འདོད།རང་གིས་ཇི་ལྟར་མཁས་པའམ་འཇོན་པོའམ་ཡོན་ཏན་ཅན་ནམ་ཤེས་ཡོན་པའི་གོ་འཕང་ཟིན་ཡོད་ན་དེ་དག་ནི་རང་གི་ཤེས་རབ་ཙམ་གྱིས་མ་ཚད་པར་སྔོན་བྱོན་དམ་པའི་བྱིན་རླབས་ཡིན་པ་ཤེས་དགོས།གལ་ཏེ་ཁྱེད་ཀྱིས་བྱིན་རླབས་ཟེར་བ་ཐོས་ཙམ་གྱིས་ཡིད་སེམས་དཀྲུག་ཡོང་ན།དེ་ལ་ཤུལ་བཞག་ཅེས་སྦྱར་ཀྱང་མི་ཆོག་པ་ཅི་ཡང་མེད།

དམ་པའི་སྙིང་སྟོབས་ཟེར་བ་ནི་བདེན་པ་བརྩི་བའི་སྙིང་སྟོབས་ཡིན་པ་ལས་དེ་ལ་ཆོ་ལོ་དང་ཚིག་ཚོགས་ཀྱི་ལོ་མས་བསྒྲིབས་དགོས་དོན་ཅི་ཡང་མེད།བདེན་པ་ནི་སྐྱེ་བོ་ཐམས་ཅད་ཀྱིས་བརྩེ་བའི་འདུན་པ་བཅངས་ན་ཆོག་པའི་ཆོས་ཉིད་ཅིག་དང་།མི་རྣམས་གདེང་ཡོད་མཐོང་ཆེའི་ངང་ནས་འཚོ་དགོས་ན་བདེན་པ་ནི་གང་དེའི་རྨང་གཞི་ཡིན།བདེན་པ་ནི་རིགས་རུས་རིག་གནས་ཤ་རྩི་སོགས་ཀྱི་ཁྱད་མེད་པར་མ་བགོས་ཐུན་མོང་གི་སྤྱི་ནོར་ཡིན།བདེན་པའི་བདག་ཉིད་ཟེར་བ་མེད་ལ་དེ་ལྟར་གྱི་བསམ་བློ་ནི་སྒེར་གཅོད་སྨིན་པའི་དུག་གི་ཞིང་ས་ཡིན།ལེགས་ན་དགྲའི་བུ་ཡིན་ཡང་བྱ་དགའ་བསྩོལ་བ་དང་ཉེས་ན་རང་གི་བུ་ཡིན་ཡང་ཆད་པ་གཅོད་པ་སོགས་ཀྱི་བློ་ཁོག་ཡངས་པོ་ནི་དམ་པའི་སྙིང་སྟོབས་ཡིན། སྙིང་སྟོབས་དེའི་ཆེད་དུ་མང་པོ་མང་པོ་བློས་བཏང་བའི་མི་ནི་དམ་པ་དང་།དེ་ལྟར་མ་ཐུབ་ཀྱང་སྙིང་སྟོབས་དེ་ལ་ཡི་རངས་དང་རིན་ཐང་དེ་ལ་སེམས་ཕྱོགས་པ།མི་དེའི་རིགས་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱེད་པ་ནི་དམ་པར་གུས་ཞེད་ཀྱི་སྙིང་སྟོབས་ཡིན་ཞེས་བདག་གིས་ག་དུས་ཡིན་ཡང་གླེང་གིན་ཡོད། རྒྱལ་ཁབ་ཀྱི་རྒྱལ་སྲིད།ཡུལ་ཁམས་ཀྱི་ཡུལ་སྲིད།ཁྱིམ་གྱི་ཁྱིམ་སྲིད་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་གང་ཡང་དམ་པའི་སྙིང་སྟོབས་ཀྱིས་ཕན་ཐོགས་ཀྱི་རེད།རྒྱུ་མཚན།དམ་པ་ནི་མིའི་རིགས་ཀྱི་ཉམས་མྱོང་ལས་འཁྲུངས་པའི་ཤེས་རབ་གཙུག་ཏུ་བཀུར་མཁན་ཡིན་ལ།ཁོང་ཚོ་ནི་ཤེས་རབ་སྲོག་ལྟར་གཅེས་པའི་མི་བུ་ཆེན་པོ་ཡིན།འཇིག་རྟེན་འདིར་ཤེས་རབ་ཀྱི་རྩིས་མ་ཟིན་ཀྱང་ཉམ་ང་མེད་པའི་ཆོས་ནི་གང་ཡང་མེད།དེའི་ཕྱིར་དམ་པར་གུས་ཞེད་བྱེད་པའི་སྙིང་སྟོབས་ནི་རང་ཉིད་ལེགས་ལམ་དུ་བགྲོད་པའི་ཉེར་བསྡོགས་ཡིན།

ཧྥ་རན་སིའི་གསར་བརྗེ་ཆེན་མོ་ཟེར་བ་ཀུན་གྱིས་ཐོས་མྱོང་བ་ཁོ་ཐག་ཡིན།ཡིན་ཡང་དྲང་ལྡོག་གཉིས་ནས་བརྒལ་བརྟག་བྱེད་མཁན་མང་བོ་མེད།མཐོང་རེག་ཏུ་མ་གྱུར་བའི་ལག་པ་ཆེན་པོ་ཟེར་བ་དེས་འཁྱོག་བརྗོད་ཀྱིས་ཧྥ་རན་སིའི་གསར་བརྗེ་ལ་གདེང་འཇོག་བྱེད་ཀྱིན་ཡོད་པ་འདྲ་ཡང་གང་དེའི་ངོ་བོ་གཞན་གཅིག་ནི་དམ་པར་གུས་ཞེད་མེད་པའི་བསམ་བློ་ལས་བསྐྱེད་པ་རེད་འདོད་པའི་བསམ་ཚུལ་བདག་ལ་ཡོད་དོ། །གང་ཞེ་ན།ཆག་སྒོ་འདི་ལ་ཚངས་ཐིག་ལྟར་ཚད་གཞི་འཇལ་བྱེད་ནི་རུའུ་སོ་ཡི་མི་དམངས་ཀྱི་བདག་དབང་ཟེར་བའི་ལྟ་བ་ཡིན།མི་དམངས་ཀྱི་བདག་དབང་ཟེར་བའང་སྤྱི་ཚོགས་ཀྱི་དབང་ཆ社会权力དང་ཚོགས་སྤྱིའི་བདག་དབང集体性主权ལ་གོ་ཡི་ཡོད།སྤྱི་ཚོགས་ལ་ཁ་གཏད་པའི་རིག་པ་ཞིག་ཡིན་པའི་ཆ་ནས་གང་དེའི་བསམ་བློ་ནི་གུ་དོག་་ལ་རིགས་པས་དཔྱད་མི་བཟོད་ཅིང་སྒེར་གཅོད་ཀྱི་སྟ་རེ་ཡིག་ཚོགས་ཀྱི་རྒྱབ་ན་ཡིབ་ཡོད་པ་ཞིག་ཡིན།ཆག་སྒོ་འདིའི་སྐབས་སུ་མི་དམངས་ཀྱི་འཐུས་ཚབ་ཏུ་འདོད་པའི་སྲིད་ཚོགས་ལ་རྒྱལ་ཁ་ཐོབ་རྗེས་དེ་མ་ཐག་ནས་སྒེར་གཅོད་ཅན་དུ་གྱུར་ཞིང་དེ་ཉིད་ཚོགས་པ་གཞན་གྱིས་དེ་མ་ཁད་དུ་དྲག་པོའི་ལམ་ནས་བཏུལ་བ་རེད།དེས་ན་སྲིད་ཚོགས་དེ་དག་ཅིའི་ཕྱིར་སྒེར་གཅོད་ཅན་དུ་གྱུར་བ་རེད་ཅེ་ན།མི་དམངས་ཀྱི་བདག་དབང་ཟེར་བའི་ལྟ་བ་དེའི་སྐྱོན་གྱི་མཐར་ཐུག་ནི་དབང་ཆ་ཚོད་འཛིན་གྱི་བསམ་བློའི་བཀོད་སྒྲིག་མེད་པར་དབང་ཆ་སུ་ལ་དབང་བ་དང་ཇི་ལྟར་བེད་སྤྱོད་བྱེད་པ་ཁོ་ན་ལ་གཟས་པས་སོ།དེ་ལྟར་གྱི་ལྟ་བ་ལས་དྲག་ཤུགས་ཁོ་ན་མ་གཏོགས་ཅི་ཡང་འབྱུང་མི་སྲིད་པ་ནི་ཡུལ་གྲུ་སོ་སོར་བྱུང་བའི་སྒེར་གཅོད་ཀྱི་ལོ་རྒྱུས་ལས་ངེས་ཤེས་གསལ་བོར་དྲོངས་པས་ལུང་རིགས་ཀྱིས་སྒྲུབ་པའི་ངལ་བ་བསྟེན་མི་དགོས།གསར་བརྗེ་ཆེན་མོའི་མགོ་མཇུག་བར་གསུམ་ནི་དྲག་ཤུགས་ཁོ་ན་ལ་བརྟེན་པའི་ལོག་ལམ་དུ་ཕྱིན་ཡོད།ཧྥ་རན་སིའི་སྲིད་འཛིན་མེ་ཐྲི་རམ密特朗གྱིས།ཧྥ་རན་སིའི་གསར་བརྗེ་ཆེན་མོ་ནི་དངོས་ཡོད་འཚོ་བ་དང་འདྲ་བར་ཉོག་འགལ་འཚོམ་འཁྲུག་གི་བདག་ཉིད་ཅན་ཡིན།མི་ལ་སེམས་ཤུགས་སྤྲད་པ་མ་ཟད་ཀྱི་དེ་ཉིད་ངོས་ལེན་ཀྱང་དཀའ་ཚོད་རེད།གསར་བརྗེ་ཆེན་མོའི་བྱུང་རིམ་དུ་རེ་བ་དང་འཇིགས་སྐུལ་སྤེལ་མར་བསྣོལ་ཞིང་དྲག་ཤུགས་དང་བྱམས་བརྩེ་སྐྲ་ལྟར་འཛིང་ཡོད་ཅེས་གསུངས་མྱོང་པ་རེད། དེ་ལྟར་སྲིད་ཚོགས་བར་གྱི་འཐབ་འཁྲུག་དང་མི་དམངས་བར་གྱི་རྩོད་པ་གང་ཡིན་ཡང་སྤྱི་ཚོགས་ཀྱི་དབང་ཆ་དང་ཚོགས་སྤྱིའི་བདག་དབང་གི་ལྟ་བ་ལས་འཕྲོས་པ་རེད། འོ་ན་དམ་པར་གུས་ཞེད་བྱེད་མིན་དང་འབྲེལ་བ་ཅི་ཡོད་ཅེ་ན།རུའུ་སོའི་ལྟ་བ་ནི་དྲག་ཤུགས་ལ་ཤས་ཆེར་ཕྱོགས་ཤིང་གུ་ཡངས་མིན་པའི་རིག་པ་རྨ་ཅན་ཡིན།དེ་ལས་བསྐྱེད་པའི་ལས་འགུལ་ཡང་དྲག་ཤུགས་ལ་མངོན་པར་ཕྱོགས་ངེས་པ་དང་ལྡོག་ཟླ་ཡོད་ཚད་དགྲ་ལ་བརྩིས་ཏེ་བརླག་འདོད་པའི་ཀུན་སློང་དྲག་པོ་ཡོད་པ་ཆོས་ཉིད་རེད།རུའུ་སོའི་ལྟ་བ་ནི་ཡོངས་ཁྱབ་རིན་ཐང་དེ་དག་ལ་དགའ་བའི་ཟོལ་ཙམ་ཡོད་ནའང་དོན་གྱིས་རྒྱབ་ཀྱིས་ཕྱོགས་པས་ན་ཁོང་ནི་དམ་པར་བརྩི་མི་རུང་།ཁོང་གི་བསམ་བློ་ནི་དམ་པའི་སྙིང་སྟོབས་མིན།དེ་བཞིན་དུ་དེའི་རྗེས་འཇུག་པ་ནི་དམ་པར་གུས་ཞེད་ཀྱི་སྙིང་སྟོབས་མེད།དེ་ལྟར་རིག་པ་ཕུ་འདེད་བྱས་ན་གསར་བརྗེ་ཆེན་མོ་ཟེར་བའང་དམ་པའི་སྙིང་སྟོབས་མེད་ལ་དམ་པར་གུས་ཞེད་མེད་པའི་སྨྱོན་པས་ཁ་གཡང་སྒྲོག་པའི་ཆག་སྒོ་ཞིག་ཡིན།དུས་ཕྱིས་ཀྱི་རང་དབང་བསམ་བློ་བའི་ལྟ་བ་ལྟར་ན།ཁྲིམས་མཐུན་མིན་པའི་དབང་དྲག་ནི་ཉེས་པ་མང་པོའི་འབྱུང་ཁུངས་ཡིན་ཞེས་ལས་འགུལ་འདི་ལ་སྡོམ་ཚིག་བཀོད་ཀྱང་མི་ཆོག་པ་མེད་པ་འདྲ།② ཨུ་རུ་སུའི་གཙང་སེལ་ཆེན་མོ་སྟེ།བརྒྱ་ལོ་གོང་མའི་དུས་རབས་སུམ་ཅུའི་སྐབས་ལ་བྱུང་བའི་འཇིགས་སྐུལ་ཆེན་མོ་འདི་ཡང་དམ་པའི་སྙིང་སྟོབས་ཀྱིས་དབུལ་བའི་མི་ཡུལ་གྱི་གོད་ཆག་ཆེན་མོ་ཡིན།ཆབ་སྲིད་དང་བསམ་བློ་ལ་ཁག་དཀྲིས་ཏེ་མི་ལ་བསམ་བསམ་དུ་དོགས་གཅོད་དང་ཉེས་ཆད་ཕབ་པ།ཐ་ན་སྲོག་ཐོག་ཏུ་བབས་པའང་ཤིན་ཏུ་མང་པོ་ཡོད།གལ་ཏེ་ཧྥ་རན་སིའི་གསར་བརྗེ་ཆེན་མོས་ཡོ་རོབ་ཀྱི་བདེན་པའི་སྙིང་སྟོབས་དང་རྒྱུ་འབྲས་བསྣོག་སོང་ཟེར་ན།ཨུ་རུ་སུའི་གཙང་སེལ་ཆེན་མོས་ཨེ་ཤ་ཡའི་གླིང་ཆེན་ལ་ལོག་སྲིད་བཙན་འཛིན་གྱི་མིག་དཔེ་དངོས་སྟོན་བྱས་པ་རེད།མི་མིའི་རབ་ལ་འཁྱག་རོམ་གྱི་མཁར་གྱང་བརྩིགས་ཏེ་བརྩེ་བའི་རང་དྲོད་བཙན་གྱིས་བཅོམ།ཆབ་སྲིད་ཀྱི་ལངས་ཕྱོགས་སྣ་འཛོམས་པོ།སྤྱི་ཚོགས་ཀྱི་མཐོང་སྣེ་ཚ་བེར་བ།རིག་གཞུང་གི་བརྒལ་བརྟག་གྲིམ་གྲིམ་པོ་མེད་པར་བཏང་རྗེས་སྲིད་འཛིན་པའི་བསམ་པ་གྲུབ་སོང་ལ་སྤྱི་ཚོགས་ཧྲིལ་བོ་ཡང་དེ་དང་མཉམ་པོར་ཤི་སོང་།ཆག་སྒོ་འདིའི་མཇུག་འབྲས་ནི་མི་འབུམ་དྲུག་ཁྲི་བརྒྱད་ཀྱི་ཚེ་སྲོག་རེད།ཤུལ་དུ་བཞག་པ་གང་ཞེ་ན།སེམས་གཏིང་ནས་དྲག་ཤུགས་ལ་ཡིད་ཆེས་བྱེད་པའི་རིན་ཐང་ལྟ་ཚུལ་ཨེ་ཤ་ཡའི་གླིང་ཆེན་ན་མུ་ནས་མུ་རུ་འབྱམས་པ་དེའོ།།

ཀློག་པོ་པོའི་སེམས་སུ་གོང་བཀོད་ཀྱི་གོད་ཆག་གཉིས་པོ་སྐབས་དོན་དང་འབྲེལ་བ་མེད་པའི་སྣང་བ་འཆར་ངེས་མོད།མཐོང་སྣེ་གཞན་ཞིག་ནས་བལྟས་ན་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད་ཕན་ཚུན་རྟེན་ཅིང་འབྲེལ་བ་ཡིན། ཕྱོགས་གཅིག་ནས།ལས་འགུལ་གཉིས་པོ་ནི་ལྟ་བ་གཅིག་ལས་འཕྲོས་པ་དང་།གཉིས་སུ་རིག་གཞུང་གི་བརྒལ་བརྟག་ལས་མི་བུ་སྒེར་གྱི་འཚོ་བ་ལས་མངོན་སུམ་དུ་སིམ་འཛུལ་བྱས་ཡོད།ལས་འགུལ་གྱི་ཁེབས་རྒྱ་ནི་རྩིང་རགས་ཅན་ནས་བྱེད་བྲག་ཅན་དང་།ཚོགས་སྤྱི་ནས་མི་བུ་སྒེར་ལ་སྤོས་པ་རེད།གལ་ཏེ་ཁྱོད་ཀྱིས་ལས་འགུལ་འདི་དག་ལ་ཞིབ་ཀྱིས་བསམ་བློ་བཏང་ན།དམ་པར་གུད་ཞེད་མེད་ཅིང་དམ་པ་དགྲ་ལ་མཐོང་བའི་འདུ་ཤེས་ནི་དེ་དག་ཚང་མའི་མཐུན་ཆོས་ཡིན། དམ་པ་དམ་པར་མཐོང་བའི་སྤྱི་ཚོགས་ལ་མིའི་སྤྱི་ཚོགས་ཞེས་བདག་གིས་འབོད་ན་འདོད།སོ་སྐྱེ་ཕལ་བ་བདག་དང་འདྲ་བ་དག་ནི་རང་གི་ནུས་པ་ལ་བརྟེན་དགོས་པ་མ་ཟད་ཀྱི་དམ་པའི་བཀའ་དྲིན་དང་ཡང་ཁ་འབྲལ་ཐབས་མེད། གསུང་རབ་རི་བོའི་གཏོས་དང་མཉམ་པའི་ཟིལ་ཤུགས་ཀྱིས་རང་རྒྱུད་ཀྱི་ཆེ་རློམ་དང་ཆེ་མཐོང་ཤུལ་མེད་དུ་བཟོས་རྗེས་ང་ནི་དམ་པ་ཚོ་དང་ཆེས་ཆེར་ཐག་ཉེ་ཞིང་།སྐབས་སྐབས་སུ་ཁོང་རྣམ་པའི་སྙིང་གི་འཕར་ལྡིང་དང་དབུགས་ཀྱི་འདེགས་འཇོག རིག་སྟོབས་ཀྱི་མེ་དཔུང་གིས་རྨོངས་མུན་གྱི་སྨག་གནག་བསལ་བའི་བརྒྱུད་རིམ་ཡང་ཡིད་ལ་ཝ་ལེར་ཤར་འོང་།ང་རང་ལྷ་ཁང་དང་དཔེ་ཁང་གང་ལ་སོང་ཡང་།ཡང་ན་དཔེ་ཆ་གང་ཞིག་ཀློག་པའི་སྐབས་སུ་དམ་པ་ཚོ་དང་མཇལ་བ་མ་ཟད་ཀྱི་ཁོང་རྣམ་ད་དུང་ཞལ་བཞུགས་ཡོད་པའི་སྣང་བ་འགོག་མེད་དུ་སྐྱེ་འོང་།ང་ནི་ངོ་མ་དེ་འདྲའི་ཚོར་བ་ལ་ཧ་ཅང་གིས་དུང་ཞིང་ཞེན་པ་ཆེ། ལོ་རྒྱུས་སུ་འདི་འདྲའི་བྱུང་བ་ཞིག་ཡོད།མི་ཞིག་གིས་དམ་པ་རྒྱ་གར་ལ་གདམས་ངག་ཅིག་ཞུ་ཞེས་ཞུས་པ་ན།དམ་པ་རྒྱ་གར་གྱིས་ཕར་ལ་མོས་གུས་ཤིག་ཞུ་ཞེས་ལན་བཏབས་པ་རེད།མོས་གུས་ཟེར་བ་དེང་སྐད་དུ་གུས་ཞེད་ཅེས་བོས་ན་འགྲིག་ས་རེད།
༢༠༡༨ ༧ ༢༠

①རྗེ་གྲུབ་ཆེན་ཨུ་རྒྱན་པ་ཆེན་པོའི་ཚོགས་ཆོས་རིན་ཆེན་ཕྲེང་བ་ལས་དྲངས་པའོ།