1

<<བདག་དཔེ་ཚོགས>>དང<<བླ་དཔེ་ཚོགས>>སོགས་ཀྱི་སྐབས་ལ་འབོལ་རྩོམ་དང་། དེའི་རྗེས་སུ་ཐོལ་རྩོམ་དུ་འབོད་པའི་རྩོམ་ལུས་འདི་ལ་དེང་སང་ཁ་ཤས་ཀྱིས“སྡིགས་རྩོམ”དང“གསེག་རྩོམ”སོགས་སུ་འབོད། དེ་ནི་རྩོམ་ལུས་འདི་ལ་མ་རངས་པའི་རྣམ་འགྱུར་སྟོན་པ་ཡིན་ཤས་ཆེ། ད་དུང་སྐོར་ཞིག་གིས་འབོལ་རྩོམ་བྲིས་ཏེ་མི་ཚེ་མཐའ་མི་འཁྱོལ་ཚུལ་དང་། འབོལ་རྩོམ་ནི་བྲིས་ཀྱིན་བྲིས་ཀྱིན་སྙིང་བོ་མེད་ཚུལ་སོགས་ཀྱང་སྨྲ།

2

འབོལ་རྩོམ་དང་ཐོལ་རྩོམ་གང་ཡིན་ཡང་། རྩོམ་ལུས་འདི་གཉིས་ནི་དུས་རབས་ཀྱི་དགོས་མཁོ་དང་རིག་གནས་ཀྱི་ཁོར་ཡུག བསམ་བློ་ཡི་སད་རྟོགས་སོགས་ཀྱི་དགོས་དབང་གིས་བྱུང་བ་ཡིན་ཞིང་། དེའང་རིག་གནས་དགག་སྒྲུབ་དང་རིག་གནས་བློ་འབྱེད་ཀྱི་མཚོན་ཆ་རྨ་མེད་ཅིག་ཡིན་པས་མི་ཚད། མཚོན་ཆ་འདི་ཀོ་ནི་རྣོ་ངར་ཅན་དང་ཟུར་ཁ་ཅན་ཞིག་ཡིན་ལ། དགག་སྒྲུབ་དང་སུན་འབྱིན་ནི་མཚོན་ཆ་འདིའི་བྱེད་ལས་ཉག་གཅིག་ཡིན་པ་རེད། མ་ཟད། འབོལ་རྩོམ་དང་ཐོལ་རྩོམ་ནི་གཏམ་བརྗོད་རང་དབང་དང་བསམ་བློ་སྒེར་ཚུགས་རྩོད་ལེན་བྱེད་པའི་མཚོན་ཆ་ཡང་ཁྱད་དུ་འཕགས་པ་ཞིག་སྟེ། གང་ན་སྒེར་གཅོད་ཀྱི་ཁ་དར་ཞིང་གཏམ་བརྗོད་ཀྱི་དབང་མེད་ན། དེ་རུ་དགག་རྩོམ་རྒྱུག་ཆེ་ཞིང་དེ་ལ་ཧུར་བརྩོན་གྱིས་འཇུག་པའོ། །

3

ཁོ་བོས་ནི་ད་ལྟ་བསམ་གྱིན་བསམ་གྱིན་འབོལ་རྩོམ་དང་ཐོལ་རྩོམ་ཞེས་པའི་མིང་འདི་ལས་ཀྱང་ཐད་ཀར་དུ་དགག་རྩོམ་ཞེས་པའི་མིང་འདི་འབྲི་བར་འདོད། ང་རང་ཚོའི་གནས་བབ་དང་དུས་བབ་སོགས་ཀྱི་དབང་གིས་བློ་འབྱེད་ནི་ཤིན་ཏུ་གལ་ཆེ་བར་མཐོང་བ་དང་། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཉིས་ཐད་ནས་བློ་འབྱེད་བྱེད་པ་ལ་དགག་རྩོམ་ནི་མེད་དུ་མི་རུང་བའོ། །

4

སྔོན་ཆད་ཀྱི་མཁས་པའི་སྡེ་ན་དགག་ཡིག་ནི་ཧ་ཅང་མང་ཞིང་། མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་རྩལ་དེ་དགག་ཡིག་གི་སྟེང་ནས་མངོན་པར་བྱེད། དེང་གི་ཆར་ཡོན་ཏན་པའི་བློ་གྲོས་ཀྱི་རྩལ་དེ་བསྟོད་རྩོམ་དང་ལས་གཞིའི་སྟེང་ནས་མངོན་པ་ལས་མ་མི་མིན་མེད་ཀྱི་དགག་སྒྲ་དང་རིང་དུ་གྱེས་ཡོད།

5

དགག་རྩོམ་འབྲི་མཁན་དག་གི་ལས་སྐལ་ནི་ཤིན་ཏུ་སྡུག་སྟེ། ཕྱི་ནང་ཉིས་ཆར་ནས་གནོན་ཤུགས་སྤྲོད་པ་དང་འབུར་འཇོམས་བྱེད་པ། ཁ་ཟེར་བ་དང་དམོད་བོར་བ། ཐ་ན་མི་གྲལ་ནས་འཕུད་པ་སོགས་ཀྱང་མགོ་ཐོག་ལ་ཡོང་གི་ཡོད། དེ་ལྟ་ནའང་རང་སྐལ་རྡོ་ཡིན་ཡང་མུར་བ་དང་རང་ལམ་ཚེར་ཕུང་ཡིན་ཡང་འགྲོ་བའི་སེམས་བྱུང་འདི་གང་གིས་བྱུང་བ་ཡིན་ནམ།

6

རང་སྡེའི<<ཤར་དུང་རི>>བཀག <<དུས་རབས་ཀྱི་ང>>ཆད། <<ན་གཞོན་གསར་བ>>འགྱུར་བ་དང་བསྟུན་དགག་རྩོམ་འབྲི་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་པ་དང་། དེ་སྔོན་དགག་རྩོམ་ལ་འཇུག་མཁན་དག་ཀྱང་རིམ་བཞིན་སྙན་ངག་དང་། སྒྲུང་རྩོམ། དཔྱད་རྩོམ། ལོ་ཙཱ། གློག་བརྙན་སོགས་ལ་འཐམ་པར་བྱེད། སོ་སོའི་དགའ་ཁ་འཁྱེར་ཕྱོགས་ལྟར་འགྲོ་དགོས་པ་སྨོས་མེད་ཡིན་ནའང་། རང་རིགས་ཀྱི་གནས་བབ་ལ་གཟས་ཏེ་གང་ཞིག་ལ“ཨུ་ཚུགས་མཐར་སྐྱེལ”བྱེད་པ་དང་། གང་ཞིག“བཏང་སྙོམས”སུ་འཇོག་པ་ལའང་འཁྲུལ་མི་རུང་བར་སེམས།

7

འུ་བུ་ཅག་གི་ཡོན་ཏན་པའི་སྡེ་རུ“ཆོས་རྩོམ”དང“ཉོག་རྩོམ”འབྲི་མཁན་མང་མེད་ན་ཉུང་མེད། དེ་ལས་ལྡོག་སྟེ་འཁོར་བ་དང་སྤྱི་ཚོགས་ལ་གདོང་གཏོད་པའི་དགག་རྩོམ་འབྲི་མཁན་ནི་ཧ་ཅང་ཉུང་། ད་ལྟ་མཛུབ་མོ་ནང་འགུག་གིས་བརྩི་རྒྱུ་ཉུང་ཉུང་ཞིག་ལས་མེད་པའི་དགག་རྩོམ་ལ་འཇུག་མཁན་དེ་ཚོའང་འགྲོ་ས་འདུག་ས་མེད་པར་བྱས་ན། ང་ཚོའི་བསམ་བློའི་རིག་གནས་ཀྱི་སྔོ་ལྗང་གི་རྩྭ་ཐང་དེའང་ནམ་ཞིག་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་མི་འགྱུར་གྲང་།

8

དགག་རྩོམ་བྲིས་ན་ཁ་ལས་མི་དགེ་ཞིང་དགའ་རྟགས་ཀྱང་མི་རག དགག་རྩོམ་ནི<<ཀྲུང་གོའི་བོད་རིག་པ>>ཡིས་མི་སྤེལ་ལ། <<སྦྲང་ཆར>>གྱིས་ཀྱང་ཁ་ཡ་མི་བྱེད། དྲ་བ་དང་སྐད་འཕྲིན་ཁོ་ན་ནི་དགག་རྩོམ་འགྲོ་སའི་རྐང་ལམ་དུ་ཆགས་པ་འདིས་ཅི་ཞིག་མཚོན་ནམ། ལན་རེར་ཡུལ་དུས་དང་མ་འཚམ་ཚེ་དྲ་བའི་སྒང་ནས་ཀྱང་གར་སོང་ཆ་མེད་དུ་གྱུར་འགྲོ།

9

ལ་ཤས་ཀྱིས་དགག་རྩོམ་ལ་ཟབ་ཚད་མི་འདུག སྣང་ཚུལ་ཁོ་ན་ལས་ངོ་བོ་གླེང་ཐུབ་ཀྱི་མི་འདུག་ཟེར། ངོ་བོ་གླེང་དགོས་ན་གཞུང་ལུགས་ལ་མཁས་དགོས་ཤིང་། གཞུང་ལུགས་ལ་བྱང་ཚེ་མཁས་པ་ཆགས་འགྲོ་བས། “མཁས་པ”རྣམས་ཀྱི་སྤྱན་ལམ་དུ་དངོས་ཡོད་སྤྱི་ཚོགས་ལྷུར་ལེན་པའི་དགག་རྩོམ་ནི་ཆུང་དྲགས་ཏེ་མཐོང་མི་ཐུབ་པའི་ཚོད་ཡིན་པའོ། །

10

ང་ཚོས་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་དོ་ཞེས་པར་དགག་པ་གནང་བ་ཇི་བཞིན། དགག་རྩོམ་གྱི་ཆེད་དུ་དགག་རྩོམ་འབྲི་བ་ལ་ཡང་དགག་པ་ཡོད་དང་ཡོད། ཡིན་ནའང་ཀུན་སློང་གཙང་མ་དང་རིགས་ཞེན་དཀར་པོའི་སྒོ་ནས་བྲིས་པའི་དགག་རྩོམ་ནི་རྣོ་དབལ་ཇི་ལྟར་ཚ་ཞིང་སྨྱུག་ཁ་ཇི་འདྲ་བཙན་ནའང་། དེ་ནི་ཤེས་ཡོན་ཅན་གྱི་བླང་བྱ་ཉིད་དུ་སྒོམ་མོ། །

 

སྤྱི་ལོ2018ལོའི་ཟླ9པའི་ཚེས7ལ།